ཐ༽ ཨཱརྱ་དེ་ཝ་ལྷོ་ཕྱོགས་ནས་གདན་དྲངས་ཚུལ།
དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་གསུང་རྩོམ་ཐོར་བུ་བ་ཕྱོགས་གཅིག་ཏུ་བསྡེབས་པ་ལས[1]།
རྒྱལ་བའི་མདུན་སར་ལེགས་སྨོན་མཐུ་གྲུབ་པས། །རྣམ་དག་ལུང་རིགས་རྡོ་རྗེའི་མེ་ཆར་གྱིས། །
དྲེགས་ལྡན་མུ་སྟེགས་ལོག་སྨྲའི་ཀླད་འགེམས་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །[2]
ཞེས་གསུངས་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[3]། གཙུག་ལག་ཁང་གི་ཕྱི་ནས་བསྐོར་ཏེ་མི་གསར་པ་མི་གཏོང༌། ཉིན་རེ་ལ་དུས་གསུམ་དུ་རྔ་བོ་ཆེ་བརྡུངས་ནས་དབང་ཕྱུག་དང་སྟོན་པ་དྲུག་དང་རྟ་དབྱངས་རྒྱལ་བར་གྱུར་ཅིག་ཅེས་སྒྲ་ཆེན་པོ་སྒྲོག །ཁོ་དགེ་འདུན་གྱི་གྲལ་དུ་འོངས་ནས་མགོ་ཟླུམ་དང་པོ་གང་ནས་སྐྱེས། ཅེས་དབྱུག་པ་རྡེག །དགེ་འདུན་གྱིས་དཀོན་མཆོག་ལ་གསོལ་བ་བཏབ་པས་གནས་བརྟན་གྱི་རྨི་ལམ་དུ་ཡེ་ཤེས་མགོན་པོ་ན་རེ། མུ་སྟེགས་ཀྱིས་ངའི་གཟུགས་ཀྱི་སྤྱི་བོར་ཕུར་པ་བཏབ། ངན་རྫས་སྣ་ཚོགས་པ་བྱུགས་ཡོད་པས་ཕུར་པ་ཐོན་ངན་རྫས་ཁྲུས་ལ་སླར་ཁུང་བུ་གསོས། གཏོར་མ་རྒྱ་ཆེན་པོ་ཐོངས། དེ་ནས་སྤྲུལ་པར་བྱ་རོག་ཅིག་ཡོང་བ་ལ་ཡི་གེ་ཐོགས། ལྷོ་ཕྱོགས་དཔལ་གྱི་རི་ནས་ཀླུ་སྒྲུབ་སྤྱན་དྲང་གིས་ཟེར། དེ་བཞིན་བྱས་པས་བྱ་རོག་ཆེན་པོ་གཅིག་བྱུང་བ་ལ་སྔོན་རྒྱལ་པོ་ལེགས་མཐོང་ཆེན་པོ་གླིང་བཞིར་འགྲོ་བ་མ་ཧེ་སྟོང་ཕྲག་མང་པོས་ཤིང་རྟ་འདྲེན་པའི་ཚེ་ཁྱུ་མཆོག་དེ་རྭས་ལུས་འཕྲུག་ཅིང་སྡོད་ཚེ་གཞན་གྱིས་མི་འདྲོངས་པས་མ་ཧེ་རྣམས་ཀྱིས་ཁྱུ་མཆོག་ལ་གསོལ་བ་འདེབས་པའི་ཚིག
བཀུར་བར་དཀའ་བའི་ཁུར་གྱིས་ལུས་དུབ་ནས། །
བདག་ཅག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །
ཁྱོད་ནི་རྨ་མེད་བཞིན་དུ་རོལ་པ་འབའ་ཞིག་གིས་ནི་རྭ་ཡིས་འཕྲུག་བྱེད་དེ། །
གཅིག་གོ་ལྟའམ་ཡུན་རིང་གནས་ཀྱང་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །
ཞེས་དང་། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[4]། ཨེ་མ་རྨ་མེད་པ་ནི་གྲོལ་བ་འབའ་ཞིག་གིས་ནི་འཕྲུག་བྱེད་དམ། །ཁྱེད་ལས་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བའི་ཤིང་རྟ་མྱུར་དུ་དྲོངས། །ཐམས་ཅད་འཁུར་དཀའི་དུས་ཀྱིས་དུབ་པས་ཁྱུ་མཆོག་རྣམས་ཀྱང་གསོལ་འདེབས་ན། །ཡུན་རིང་གནས་ཀྱི་ལྷ་མི་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་དང་། གཞན་ཡང་མཁན་པོ་བསོད་ནམས་ཚེ་རྒྱལ་གྱིས་བསྒྲིགས་པའི་བསྟན་འཛིན་རྒྱ་མཚོའི་ཞལ་ལུང་ལས[5]། ཤིན་ཏུ་འཁུར་དཀའ་ཁུར་གྱིས་ལུས་དུབ་ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། །ཀྱེ་མ་རྨ་མེད་ཉིད་དུ་རོལ་པ་འབའ་ཞིག་གིས་ནི་འཁྲུགས་བྱེད་དམ། །འདི་ན་ནུས་ལྡན་གཞན་མེད་འཁོར་ལོ་བྱིང་བ་ཅན་གྱི་ཤིང་རྟ་མྱུར་དུ་དྲངས། །བལྟ་ཞིང་འདུག་གམ་ཡུན་རིང་གནས་ཀྱང་འདི་ནི་ཁྱོད་ཀྱི་ཁུར་ཡིན་ཕྲག་ལ་ལོངས། །ཞེས་གསལ་བ་ལྟར། ཚིགས་སུ་བཅད་པར་བཞེད་ལུགས་སྣ་ཚོགས་ཤིག་མཆིས་རུང་། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[6]། ཚིགས་སུ་བཅད་པ་དེ་ཉིད་བྱ་རོག་གི་མགུལ་དུ་བཏགས་ཏེ་བཏང༌། བྱ་རོག་གིས་དཔལ་གྱི་རིར་གཏོར་སྟེགས་སྟེང་དུ་སྐད་སྣ་ཚོགས་བཏོན་པས་ཡི་གེ་བཀྲོལ་ཏེ་བཀླགས་པས་དགོངས་ཏེ་འབྱོན་པར་བརྩམས་པ་ན་ཨཱརྱ་དེ་ཝས་དེའི་གཉེན་པོ་ང་ཡིན་སྙམ་སྟེ་སློབ་དཔོན་འོ་བརྒྱལ་བདག་གིས་འགྲོ་བར་ཞུ་བྱས་པས་བརྟག་པའི་ཕྱིར་སློབ་དཔོན་གྱིས་ནང་པ་དང་ཨཱརྻ་དེ་ཝས་ཕྱི་པའི་ཆ་བཟུང་བརྩད་པས་ཀྱང་སློབ་མ་རྒྱལ། སློབ་དཔོན་གྱིས་ཕྱི་པ་དང་སློབ་མས་ནང་པ་བཟུང་སྟེ་བརྩད་པས་ཀྱང་སློབ་མ་རྒྱལ། སློབ་དཔོན་ཕྱི་རོལ་པའི་གཞུང་ལ་འདྲིས་དྲགས་པས་མུ་སྟེགས་དངོས་སུ་འཁྲུལ་ཏེ་མུ་སྟེགས་ངན་པ་དེ་ཁྱེར་ཞེས་ལྷམ་བུ་ཆུང་འཕངས། དྲན་པས་ཟིན་ནས་ཁྱོད་ཀྱིས་མུ་སྟེགས་ཀྱི་འདུ་ཤེས་བྱུང་བ་ཡིན་པས་བཤགས་པ་མི་དགོས། ལམ་གྱི་མུ་སྟེགས་རྣམས་ཐུལ་མིག་ལ་མ་ཆགས་པར་གྱིས་ཤིག་གསུངས། ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། དཔལ་ནཱ་ལེནྡྲར་འོངས་པ་ནས་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས་སློབ་དཔོན་ཨཱརྱ་དེ་ཝ་སྤྱན་དྲང་པའི་ཕྱིར་འཕྲིན་ཡིག་བྲིས་ཏེ་ནག་པོ་ཆེན་པོ་ལ་གཏོར་མ་བྱས་པ་ན། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་སྟེ། དེའི་མགུལ་པར་ཡི་གེ་བཏགས་པས་འཕུར་ཏེ་ལྷོ་ཕྱོགས་སུ་སོང་སྟེ་སློབ་དཔོན་ལ་གཏད་པས། སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་སུ་མཁྱེན་ནས། རྐང་མགྱོགས་ཀྱི་རྫས་ལ་བརྟེན་ཏེ་ཚུར་བྱོན། ཞེས་པ་ལྟར། སྐབས་དེར་མུ་སྟེགས་རྟ་དབྱངས་ཀྱིས་ནཱ་ལེནྡྲའི་དགེ་འདུན་པ་རྣམས་ལ། ང་མུ་སྟེགས་རྟ་དབྱངས་བྱ་བ་ཡིན། ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་ཞུགས་ཏེ་གཙུག་ལག་ཁང་དང་ཆོས་རྣམས་བསྲེག་དགོས། དེའི་དཔང་པོ་རྒྱལ་པོ་ལ་བཅོལ་བ་ཡིན་པས་དུས་ཐོབས་ཤིག་ཅེས་བསྒྲགས་པ་ན། ནང་པའི་མཁས་པ་སུས་ཀྱང་ལན་ལྡོན་པར་མ་ནུས། སྐབས་དེར་པཎྜི་ཏ་ཞིག་གིས་རྨི་ལམ་དུ་མུ་སྟེགས་ཀྱི་རྩོད་པ་བཟློག་པའི་ཐབས་སུ་ཆོས་སྐྱོང་མགོན་པོ་ལ་འཕྲིན་ལས་བཅོལ་ན། ཆོས་སྐྱོང་གི་སྤྲུལ་པས་ལྷོ་ཕྱོགས་དཔལ་གྱི་རི་ནས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་གདན་འདྲེན་པའི་ཕོ་ཉ་བྱེད་པར་འགྱུར་ཞེས་ལུང་བསྟན་བྱུང་བ་ལྟར། འཕྲིན་ཡིག་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་མགོན་པོ་ལ་ཆོས་གཏོར་རྒྱ་ཆེན་པོ་ཕུལ་བ་ན། མགོན་པོའི་རྣམ་སྤྲུལ་བྱ་རོག་ཅིག་གིས་འཕྲིན་ཡིག་དེ་ཁྱེར་ནས་ལྷོ་ཕྱོགས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ལ་ཕུལ། ནཱ་ལེནྡྲར་མུ་སྟེགས་རྟ་དབྱངས་གདུལ་བའི་དོན་དུ་སློབ་དཔོན་ཀླུ་སྒྲུབ་ཕེབས་པར་བརྩམས་པ་ན། སློབ་དཔོན་ཨཱརྱ་དེ་ཝས། སློབ་དཔོན་ཕེབས་མི་དགོས། རྟ་དབྱངས་བདག་གིས་འདུལ་ནུས་ཞེས་ཞུས་ཏེ་སློབ་དཔོན་ཨཱརྱ་དེ་ཝ་ལྷོ་ཕྱོགས་ནས་དཔལ་ནཱ་ལེནྡྲར་ཕེབས་པའོ།།
འོན་ཀྱང་ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[8]། དེ་མཚམས་སློབ་དཔོན་ཀླུ་སྒྲུབ་དཔལ་གྱི་རིར། །ལེགས་ཕེབས་གནས་དེར་སྒྲུབ་པ་གཙོར་མཛད་སྐབས། །གདུལ་བྱ་ཕྱོགས་རེའི་སྣང་བའི་ཚུལ་ལྟར་ན། །ཉིན་གཅིག་བསིལ་ཆབ་འདོར་སར་པདྨ་ཞིག །ལེགས་སྐྱེས་དེ་ལས་ཁྱེའུ་ཞིག་འཁྲུངས་པ། །ཨཱརྱ་དེ་བ་ཞེས་གྲགས་ཐུགས་སློབ་གྱུར། །དཔོན་སློབ་གཉིས་ཀས་ཏིང་འཛིན་མཆོག་བསྒྲུབས་པས། །དོན་གཉིས་རླབས་ཆེན་མངའ་བའི་དུས་སྐབས་སུ། །རེ་ཞིག་ཚེ་ན་འཕགས་ཡུལ་ནཱ་ལེནྡྲར། །མུ་སྟེགས་དུ་རུཥ་ཡི་དམག་ཁ་ཟུག །ཕྱི་རོལ་སྟོན་པ་མ་གོལ་ཞེས་བྱ་བས། །ཆོས་གཞི་དེར་བཞུགས་པཎྜི་ཏ་རྣམས་དང་། །ཕྱི་ནང་གྲུབ་མཐའ་བརྩད་པས་ནང་པ་ཕམ། །ནཱ་ལེནྡྲ་ཕྱེད་མུ་སྟེགས་ཕྱོགས་ལ་ཐོབ། །མ་གོལ་དེ་རྣམས་སྟོན་པའི་ཚུལ་དུ་བསྡད། །སའི་སྙིང་ལ་སོགས་པཎྜི་ཏ་མང་པོས། །ཐུགས་མ་བདེ་ཞིང་ཆོས་སྐྱོང་བྱ་རོག་གདོང་། །སྐུ་རྟེན་ལ་ནི་ཀླུ་སྒྲུབ་བཀའ་དམ་བསྒྲགས། །བསྟན་པ་འདི་འདྲར་གྱུར་ཞེས་ཐུགས་བསྐུལ་བའི། །སྐུ་གཟུགས་དེའི་གསུང་འབྱོན་ཞིང་ནངས་པར་ཡང་། །ང་ཡི་སྤྲུལ་པ་ཞིག་འོང་དཔལ་གྱི་རིར། །སློབ་དཔོན་བཞུགས་དྲུང་བརྡ་སྐད་ཅི་དགོས་འཁྱེར། །ཞེས་ཟེར་ཕྱི་ཉིན་ནངས་མོར་པཎྜི་ཏ། །དེར་གནས་དག་གིས་ཆོས་སྐྱོང་སྐུ་རྟེན་དྲུང་། །གཏོར་མ་ཕུལ་ཞིང་འཕྲིན་ལས་བཅོལ་བ་ཡིས། །དེ་མ་ཐག་ཏུ་བྱ་རོག་ཅིག་བྱུང་བས། །སྒྲ་སྐད་གཏོང་བཞིན་དེ་ཡི་སྐྱེ་མགུལ་དུ། །ཤོག་དྲིལ་ངོགས་སུ་ནང་བསྟན་མ་གོལ་གྱིས། །བཤིག་ལ་ཉེ་ཕྱིར་རེ་བྲལ་ཁྱོད་ཉིད་མཁྱེན། །ཞེས་པའི་ཡིག་བྲིས་བཏགས་པ་བཏང་ནས་སུ། །ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་སྒོ་དྲུང་དུ། །གཏོར་སྟེགས་ཁར་བབ་བྱ་རོག་སྐད་འབྱིན་པ། །ཉེ་གནས་ཀྱིས་གསན་སློབ་དཔོན་ལ་ཞུས་པས། །སློབ་དཔོན་གྱིས་ནི་བྱ་རོག་སྐེ་བྱང་བཀྲོལ། །གནས་ཚུལ་གཟིགས་ཏེ་དཔལ་གྱི་རིར་གནས་པའི། །པཎྜི་ཏ་སྟོང་ཕྲག་དྲུག་ལ་བཀའ་བསྒྲགས། །ནཱ་ལེནྡྲ་སོགས་ནང་པའི་ཆོས་གཞི་དག །མུ་སྟེགས་པས་བཟུང་ནངས་སྔར་འགྲོ་དགོས་གསུངས། །དེའི་ནུབ་མུ་སྟེགས་ཕལ་ཆེར་རྨི་ལམ་དུ། །དཀོན་མཆོག་རྟེན་ལ་གུས་ཕྱག་བྱེད་པ་དང་། །ལ་ལར་ཉི་མ་ནུབ་དང་ཀླུ་སྒྲུབ་ལས། །སྐྲ་དང་ཁ་སྤུ་བྲེག་རྨིས་ལ་ལའི་ངོར། །མ་གོལ་རིག་བྱེད་གླེགས་བམ་བསྲེག་པ་སོགས། །རྨི་ལམ་མཚན་མ་ངན་པས་བཟློག་ཐབས་བྱེད། །དེ་ནས་ཕྱི་ཉིན་མོ་ནས་འབྱོན་ཆས་བསྒྲིགས། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཤིང་རྟར་བཞུགས། །འཁོར་ཚོགས་པཎྜི་ཏ་ཡིས་ལེགས་བསྐོར་བ། །ཨཱརྱ་དེ་བ་འབུམ་ཕྲག་གསུམ་པ་དང་། །ཞི་བའི་རྒྱལ་མཚན་གུ་ཎ་མ་ཏི་སོགས། །པཎྜི་ཏ་ནི་འབུམ་ཕྲག་སེར་ཕྲེང་མཛད། །རྒྱང་གྲགས་གསུམ་ཁྱབ་དམར་སེར་གུར་གུམ་མདོག །ཆོས་གོས་ལེགས་གྱོན་ལྷུང་བཟེད་འཁར་གསིལ་དང་། །རྔ་ཡབ་རེ་རེ་ཐོགས་ཤིང་པཎྜི་ཏའི། །ཞྭ་རེ་གསོལ་བཞིན་ཐམས་ཅད་སྐུ་སྤྱོད་ཀྱང་། །གཉའ་ཤིང་གང་ཙམ་ལྟ་ཞིང་ང་རྒྱལ་མེད། །ཞི་དུལ་ངང་ཚུལ་ཆེས་བཟང་འཁོར་ཚོགས་དང་། །བཅས་ཏེ་ལེགས་ཕེབས་ནཱ་ལེནྡྲར་ཉེ་སྐབས། །ཚུལ་དེ་མུ་སྟེགས་ཕལ་ཆེར་ཐོས་ནས་བྲོས། །དེ་མིན་ཐམས་ཅད་ཟང་ཟིང་དུ་འདུག་སྟེ། །རིམ་པར་ནཱ་ལེནྡྲར་ཕེབས་འཇའ་འོད་འཁྲིགས། །མེ་ཏོག་ཆར་འབབ་ཡ་མཚན་ཆོ་འཕྲུལ་གྱིས། །མུ་སྟེགས་མང་ཕྱོགས་རང་བཞིན་གྱིས་དད་གྱུར། །དེ་ནས་རྩོད་པའི་སྒྲ་སྒྲོག་ཕྱི་ནང་གི །པཎྜི་ཏ་རྣམས་ཐམས་ཅད་ཕྱོགས་གཅིག་འཚོགས། །སློབ་དཔོན་དང་ནི་མ་གོལ་གཉིས་རྩོད་སྐབས། །མུ་སྟེགས་སྟོན་པའི་ཁ་འཐམས་ལན་མ་ནུས། །དེ་ཕྱོགས་ནེ་ཙོས་མཆོག་གསུམ་མི་བདེན་པར། །སྨྲས་ཚེ་སློབ་དཔོན་གྱིས་ནི་ཐལ་སྐད་དང་། །ཐལ་མོ་བརྡབ་པར་བྱ་རོག་ཅིག་བྱུང་བས། །ནེ་ཙོ་བསད་སྐབས་མ་གོལ་གྱིས་རྡོ་ལེབ། །བསྒུལ་སྲོལ་འོག་ནས་ལོག་སྨྲའི་སྒྲ་བྱུང་བ། །སློབ་དཔོན་བྱིན་རླབས་རྡོ་འགུལ་ནུས་པ་བྲལ། །དེ་སོགས་ལུང་རིགས་མཐུ་འཕྲུལ་གང་ཐད་ནས། །འགྲན་ཡང་མ་གོལ་སྟོབས་ཀྱིས་མ་ཐུབ་སྟེ། །མུ་སྟེགས་ཕམ་ཞིང་ཀླུ་སྒྲུབ་ཆོས་ལུགས་རྒྱལ། །དེ་ནས་སློབ་དཔོན་གྱིས་གསུངས་རྒོལ་ངན་རྣམས། །ང་ཡི་བསྟན་ལ་འཇུག་གམ་མི་འཇུག་སྨོས། །བསྟན་ལ་གང་འཇུག་ཆོས་སྐྱོང་ཆེར་གཏད་དགོས། །གསུངས་ཚེ་མུ་སྟེགས་འཁོར་ཀུན་ནང་པར་ཞུགས། །མ་གོལ་རང་ཉིད་ནམ་མཁར་འཕུར་གྲབས་བྱས། །དེ་ཡང་མ་ནུས་བྱ་གཤོག་བྲལ་བཞིན་གྱུར། །མྱ་ངན་དང་བཅས་གཙུག་ལག་ཁང་ཞིག་ཏུ། །སོང་ནས་ད་ནི་འགག་གྲིར་འཆི་བྱ་སྙམ། །གླེགས་ཐག་བཀྲོལ་སྐབས་ཡིག་ལྡེབས་གཅིག་ཐོན་ངོར། །རང་སྲོག་རང་བཅད་ངན་སོང་ལས་མི་ཐར། །ཞེས་བྱུང་རྐྱེན་དེས་མ་གོལ་རང་ཉིད་ཀྱང་། །འཕགས་པ་བཞུགས་པའི་དྲུང་དུ་ལེགས་སོང་ཞིང་། །སྐྲ་དང་ཁ་སྤུ་བྲེག་ནས་རབ་ཏུ་བྱུང་། །པཎྜི་ཏ་ནི་དཔའ་བོ་ཞེས་གྲགས་ཏེ། །སངས་རྒྱས་བསྟན་པ་ཤིན་ཏུ་དར་བར་མཛད། །སྤྱོད་མཆོག་མཛད་བཟང་དེ་སོགས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར། མགོན་པོ་ཀླུ་སྒྲུབ་སྐུ་དངོས་ཕེབས་ནས་བཏུལ་བར་གསུངས་པ་ནི། གཞན་དང་གསུངས་ཚུལ་མི་འདྲ་བ་ཞིག་དང་། ལྷག་པར་སློབ་དཔོན་ཨཱརྱ་དེ་ཝ་སྐུ་འཁྲུངས་ཚུལ་དང་གཞན་དུ་མི་གསལ་བ་ཞིག་ཀྱང་འདིར་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་འབུམ། ༼ཅ༽ བཀྲས་ལྷུན་དཔེ་མཛོད། ༢༠༡༣ ལོ། ཤོག་གྲངས་ ༣༤
[2] འདི་ཡང་བཞི་བརྒྱ་པ་ཁ་ཏོན་དུ་བྱེད་པའི་སྔོན་དུ་གདོན་ཕྱིར་སྨྲས་པའོ།།
[3] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༦
[4] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༥༩
[5] བསྟན་འཛིན་རྒྱ་མཚོའི་ཞལ་ལུང་། བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་། ༢༠༠༧ ལོ། ཤོག་གྲངས་ ༦༤
[6] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༤༧
[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠
[8] ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༨༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༥ ནས་ ༧༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།