ག༽ འཕགས་པ་ལྷ་རྒྱལ་བའི་ལུང་གིས་ཟིན་ཚུལ་དང་དུས་ནམ་བྱོན་པ།

ག༽ རྒྱལ་བའི་ལུང་གིས་ཟིན་ཚུལ་དང་དུས་ནམ་བྱོན་པ།

 

དེ་ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པ་ལས[1]། འཇམ་དཔལ་རྩ་རྒྱུད་སངས་རྒྱས་ཀྱིས། །ལུང་བསྟན་སོ་སྐྱེའི་དུས་ཉིད་ནས། །སྤྱན་ཡང་སློང་ལ་བཏང་བཟོད་པས། །འཕགས་པའི་མཚན་ཐོབ་རྒྱལ་སྲས་ལྷ། །ཞེས་གསུངས་པ་ལྟར་སློབ་དཔོན་འདི་ཉིད་རྒྱལ་བའི་ལུང་གིས་ཟིན་ཚུལ་ནི།

དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་རྒྱུད་ཀྱི་སྙིང་པོ་ལས[2]། དགེ་བཅུ་ལམ་གྱིས་གྲུབ་པར་གྱུར་པ་འཕགས་པ་ལྷ་དང་ལྭ་བའི་ན་བཟའ་རྟ་དབྱངས་དང༌། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཟླ་བ་པདྨའི་མྱུ་གུས་ཞེས། །པོང་གོ་ས་ལ་རྟོག་པའི་རྒྱལ་པོ་མ་ལུས་ནག་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང༌། །ཞེས་པ་དང༌། དེ་བཞིན་འཇམ་དཔལ་རྩ་རྒྱུད་ལས་[3]ཀྱང་།

གཞན་ཡང་རབ་བྱུང་དམ་པ་ནི། །སིངྒ་ལ་ཡི་གྲོང་ན་གནས། །

འཕགས་པ་མིན་ལ་འཕགས་པའི་མིང་། །སིངྒ་ལ་ཡི་གླིང་ན་གནས། །

ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང་། །

དེ་དུས་འཇིགས་སུ་རུང་བ་ཡི། །དུས་ཀྱི་མཐའ་ལས་འབྱུང་བར་འགྱུར། །

ཞེས་གསུངས་པ་ལྟར་འཁྲུངས་ཡུལ་དང་། མཚན་གྱི་ཁྱད་ཆོས། མཛད་འཕྲིན་སོགས་ལུང་བསྟན་པ་[4]ལྟར་ལུང་གིས་ཟིན་པའི་པཎྜི་ཏ་ཞིག་ཡིན་ལ། ཡང་ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། འཇམ་དཔལ་རྩ་བའི་རྒྱུད་ལས་ཀྱང་། དེ་བཞིན་སྡོམ་བརྩོན་སྔགས་གྲུབ་པ། །ལེགས་པར་རབ་ཏུ་བྱུང་བ་གཞན། །སེངྒེ་ཅན་གྱི་གནས་འདུག་པ། །འཕགས་མིན་འཕགས་པའི་མིང་ཅན་ཏེ། །སིཾ་གྷ་ལ་ཡི་གནས་ན་འཁོད། །དེ་ནི་གཞན་འདོད་འགོག་པ་སྟེ། །མུ་སྟེགས་ཤིན་ཏུ་སུན་འབྱིན་པའོ། །ཞེས་ལུང་བསྟན་གྱི་ཚིག་རིས་ཅུང་ཟད་མི་མཐུན་པའང་མཆིས་སོ། །དེ་བཞིན་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[6]། ཀླུ་སྒྲུབ་འཕགས་པ་ལྷ་རྟ་དབྱངས་ཀླུ་བོས་རྣམས་ནི་སངས་རྒྱས་ཀྱིས་འཇམ་དཔལ་རྩ་རྒྱུད་དུ་ལུང་བསྟན་པས་གང་ཟག་ཁྱད་པར་ཅན་ཁོ་ནའོ། །ཞེས་ཀྱང་གསུངས་སོ།།

སློབ་དཔོན་འཕགས་པ་ལྷ་འདི་ཉིད་དུས་ནམ་ཞིག་བྱོན་ནམ་ཞེ་ན། དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ལས[7]། དེའི་ཕྱིར་སློབ་དཔོན་འཕགས་པ་ལྷས་ཀྱང་།

སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་དེ་ཡི་སྤྱོད་ཡུལ་ལོ། །

ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །

ཞེས་གསུངས་སོ། །ཞེས་བཞི་བརྒྱ་པའི་ལུང་དྲངས་པར་མཛད་ཡོད་པས་སློབ་དཔོན་སངས་རྒྱས་ཀྱི་སྔོན་དུ་འཕགས་པ་ལྷ་བྱོན་ཟིན་པ་ཤིན་ཏུ་གསལ་བ་ཡོངས་གྲགས་ལྟར་ཡིན་ལ། སློབ་དཔོན་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ་ལས[8]། ཕྱི་ལོའི་བརྒྱ་སྐོར་དང་པོ་དང་གཉིས་པའི་མཚམས་དེར། རྒྱ་གར་ཡུལ་དབུས་སུ་ཐེག་པ་ཆེན་པོའི་ཆོས་ཀྱི་སྲོལ་སྤེལ་བ་ལ་བྱས་རྗེས་ཆེན་པོ་བཞག་པའི་སློབ་དཔོན་ཆེན་པོ་རྟ་དབྱངས་ཞེས་པ་བྱུང་།[9] ཁོང་ནི་ཐོག་མར་ཕྱི་རོལ་བྲམ་ཟེའི་ཆོས་ལུགས་ལ་ཞུགས་ནས་དེའི་གཞུང་ལ་མཁས་པར་སྦྱངས། ལྷག་པར་རོལ་མོ་དང་སྙན་ངག་རྩོམ་པ་ལ་མཁས་པའི་མཚན་སྙན་གྲགས་ཤིན་ཏུ་ཆེ་བར་གྱུར། ཞེས་གསལ་བ་ལྟར་སློབ་དཔོན་རྟ་དབྱངས་ཕྱི་ལོའི་དུས་རབས་དང་པོ་དང་གཉིས་པའི་མཚམས་སུ་བྱོན་པས་ན། སློབ་དཔོན་རྟ་དབྱངས་དང་ཨཱརྱ་དེ་ཝ་གཉིས་རྩོད་པ་མཛད་པས་དུས་མཉམ་དུ་བྱོན་པ་ཡིན།

དེ་བཞིན་དུ་ཇོ་ནང་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། དེ་ནས་རྒྱལ་པོ་སྭ་ལ་ཙནྡྲ་གུཔྟ་སྟེ་ཟླ་བ་སྦས་པ་ཞེས་བྱ་བ་བྱུང༌། དེ་མངའ་ཐང་ཤིན་ཏུ་ཆེ་བས་ཙནྡྲ་བཅུ་ལ་བགྲང༌། དགེ་སྡིག་འདྲེས་མར་བྱེད་ཅིང༌། སངས་རྒྱས་ལ་སྐྱབས་སུ་སོང་བ་མ་ཡིན་པས་ཙནྡྲ་བདུན་ལ་མི་འདྲེན་ཅིང་། རྒྱལ་པོ་འདིའི་དུས་དཔལ་ནཱ་ལེནྡྲར་སློབ་དཔོན་ཨཱརྱ་དེ་ཝ་དང༌། ནཱ་ག་ཧཱ་ཝ་ཞེས་པ་སློབ་དཔོན་ཀླུ་བོས་ཀྱིས་བསྟན་པ་རྒྱ་ཆེར་བསྐྱངས་སོ། །ཞེས་གསུངས་པ་ལྟར་རྒྱལ་པོ་ཟླ་བ་སྦས་པ་དང་། སློབ་དཔོན་ཀླུ་བོས་དང་དུས་མཉམ་དུ་བྱོན་པར་གསུངས་ལ། ཡོངས་གྲགས་དུས་རབས་གཉིས་པའི་མཇུག་ཙམ་དུ་བྱོན་པར་གྲགས། གཞན་ཡང་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་རིག་པ་ལས་ཟབ་མོ་དབུ་མའི་བྱུང་འཕེལ་སྐོར་གླེང་བ་ལས[11]། དེ་ནས་མི་རིང་བར་ཡུལ་སིངྒ་ལའི་གླིང་དུ་ཨརྱ་དེ་ཝའམ་འཕགས་པ་ལྷ་ (ཕྱི་ལོ་ (170-270 བར་)[12] བྱོན། དཔལ་མགོན་ཀླུ་སྒྲུབ་དཔལ་གྱི་རི་བོར་བཞུགས་སྐབས་དེར་ཕྱིན་ཏེ། ཕྱི་ནང་གི་རིག་པའི་གནས་སྤྱི་དང་། སྒོས་སུ་ཟབ་མོ་དབུ་མའི་ལྟ་བ་ལེགས་པར་གསན་ནས་ཐུགས་སུ་ཆུད་པས་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོར་གྱུར། ཞེས་གསལ་ལ། གཞན་ཡང་བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས[13]། དབུ་མའི་སློབ་དཔོན་ཨཱརྱ་དེ་ཝ་ནི་སྟོན་པ་འདས་ནས་ལོ་ལྔ་བརྒྱ་ཙམ་ན་ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ། པཉྩ་ཤྲིངྒ་ར་ཞེས་བྱ་བའི་པདྨའི་ཚལ་དུ་སྐུ་འཁྲུངས། ཞེས་བྱུང་མོད། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བསྒྲིགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུལ་ཞལ་གསར་པ་ལས[14]། དུས་རབས་ནི་བརྒྱ་ཕྲག་དགུ་པའི་ནང་ཙམ་དུ་བྱོན་པར་གསུངས་པས་དཔྱད་གཞི་ཆེའོ།།

ཐུབ་བསྟན་མཆོག་སྒྲུབ་ (དུས་རབས་20པ།) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[15]། དེང་དུས་བྱུང་རབས་མཁན་ཚོས་འཕགས་པ་ལྷ་དེ་ཡེ་ཤུའི་དུས་རབས་གསུམ་པའི་ནང་བཞུགས་ཡོད་པར་དཔོག་པར་བྱེད། དེ་ལ་ཆེས་འགལ་བ་མི་སྣང་སྟེ། ཀླུ་སྒྲུབ་དུས་རབས་དང་པོའི་སྨད་ཙམ་ལ་འཁྲུངས་ནས་འཕགས་པ་ལྷ་དུས་རབས་གཉིས་པའི་ཕྱེད་དམ་ཕྱེད་སྨད་ཙམ་ལ་འཁྲུངས་པར་ཆ་འཇོག་བྱས་ན་དུས་རབས་གསུམ་པའི་སྟོད་ཙམ་དུ་བཞུགས་ཡོད་ཆོག་པས་སོ། །དཔལ་མགོན་ཀླུ་སྒྲུབ་ལོ་ལྔ་བརྒྱ་བཞུགས་པར་བྱུང་རབས་སུ་འགྲོ་གི་ཡོད་ན་ནི་འཕགས་པ་ལྷ་དུས་རབས་ལྔ་པ་ཙམ་ལ་ཡང་བཞུགས་ཆོག་པས་དཀའ་ཚེགས་མེད་ཀྱང་། ལོ་ལྔ་བརྒྱ་བཞུགས་པ་དེ་བྱུང་རབས་སྨྲ་བ་སུས་ཀྱང་ཁས་མི་ལེན་པ་ཡིན། ཞེས་གསལ་བ་ལྟར་ཡོངས་གྲགས་དུས་རབས་གསུམ་པར་བྱོན་པའོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༤ན༥

[2]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཀ༽ དེབ་ཨང་ ༧༧ པ། ཤོག་གྲངས་ ༣༩༡

[3]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༩༡༨

[4]  སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། ད་ལྟའི་མི་རྣམས་ལ་མཐོང་ཆོས་སུ་མ་འགྱུར་བའི་མ་འོངས་པ་ན་འབྱུང་འགྱུར་གྱི་གནས་ཚུལ་རྣམས་སྔོན་ཚུད་ནས་གསལ་བར་སྟོན་པའི་ལུང་ཚིག་ལ་ཟེར། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༩༦༠ ཐོག་གསལ་ལོ།།

[5]  ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ དཔེ་རིང་། ཤོག་གྲངས་ ༥ན༥

[6]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུ་ཁང་། ༢༠༠༩ ལོ། ཤོག་ ༡༥༡

[7]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༠ ལོ། ཤོག་གྲངས་ ༤༤༦

[8]  ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༦།༡ ཤོག་ ༡༥༢

[9]  བསྒྱུར་གཞིའི་རྒྱ་ཡིག་རང་དུ་བྱོན་པའི་དུས་འདི་ལྟར་གསལ་ཡོད་བཟོ་མི་སྣང་བས་དཔྱད་བྱར་སྣང་ངོ་།།

[10]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༠༩

[11]  ཀྲུང་གོའི་བོད་ཀྱི་ཤེས་རིག ། པོད། ༼༣༦༽ ༡༩༩༦ ལོའི་དེབ་ཕྲེང་ ༤ ཤོག་གྲངས་ ༢༤

[12]  རྒྱ་གར་གྱི་མཚན་ཉིད་རིག་པའི་ལོ་རྒྱུས། (རྒྱ་ཡིག) ཞེས་པའི་ལོ་ཚིགས་ལྟར་བྱས་ཡོད།)

[13]  བོད་ཡིག་ཚིག་གཏེར་རྒྱ་མཚོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༧༣༨

[14]  རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་གྲངས་ ༤༧༣

[15]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣ ནས་ ༡༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *