ཁ༽ སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཡི་ཆ་ལུགས།

ཁ༽ སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཡི་ཆ་ལུགས།

 

དེ་ཡང་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ལས[1]།

མདོ་རྒྱུད་གཞུང་ལུགས་གངས་རི་ལ་གནས་ཤིང་། །ལུང་རིགས་གད་རྒྱངས་ཆེས་ཆེར་བསྒྲགས་པ་ཡིས། །

ཕས་རྒོལ་གཉིས་འཐུང་ཚོགས་འཇོམས་འཕགས་པ་ལྷ། །རྒྱལ་སྲས་གདོང་ལྔའི་དབང་པོར་གསོལ་བ་འདེབས། །

ཞེས་གསོལ་བ་འདེབས་ཡུལ་རྒྱལ་སྲས་ཨཱརྱ་དེ་ཝའི་སྐུའི་ཆ་ལུགས་ནི། སློབ་དཔོན་ཨ་བྷ་ཡཱ་ཀ་རས་ (དུས་རབས་11པ།) མཛད་པའི་གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས[2]། སློབ་དཔོན་ཀ་ན་རི་པའི་ (ཨཱརྱ་དེ་ཝ།) ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་རྫུས་སྐྱེས་ཡིན། རྟེན་དགེ་སློང་། བླ་མ་འཕགས་པ་ཀླུ་སྒྲུབ་བོ། །ཞེས་གསུངས་པ་ལྟར། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་དང་། དཔལ་ནཱ་ལེནྡྲའི་པཎ་ཆེན་གྱི་གྲས་ཡིན་པས་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་གསོལ་ཞིང་། ཞལ་གྱི་རྣམ་འགྱུར་ཅུང་ཟད་གཏུམ་པོའམ་ཁྲོས་པའི་ཚུལ་དང་། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་ས་གནོན་གྱི་ཕྱག་རྒྱའམ། ལ་ལར་རྩོད་པའི་ཚུལ་གྱི་ཕྱག་རྒྱ་དང་བཅས་ཕྱག་ཕྲེང་བསྣམས་པ་སྟེ། མུ་སྟེགས་པའི་པཎྜི་ཏ་རྟ་དབྱངས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕྱི་ནང་གི་རྩོད་པ་ལ་བྱོན་པའི་ཚེ་སློབ་དཔོན་ཨཱརྱ་དེ་ཝས་ལྷོ་ཕྱོགས་དཔལ་གྱི་རི་ནས་ཕེབས་ཏེ་རྩོད་པ་དང་། རྫུ་འཕྲུལ་གཉིས་ཀས་ཕམ་པར་མཛད་པའི་མཚོན་དོན་དུ་རྩོད་པའི་རྣམ་འགྱུར་གྱིས་བཞུགས་པ་དང་། རྒྱལ་སྲས་ཡིན་པའི་མཚོན་དོན་དུ་རྔུལ་ལེན་སྔོ་བསངས་བཞེས་པ། ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པ། ཞིབ་འབྲི་གནང་བ་འགའ་ཞིག་ཏུ་སློབ་དཔོན་རྟ་དབྱངས་དང་རྩོད་པའི་སྐབས་ཀྱི་རྣམ་ཐར་གྱི་མཚོན་དོན་ལྟར་སློབ་དཔོན་གྱི་དྲུང་དུ་བྲམ་ཟེའི་ཆ་ལུགས་ཅན་དང་། བུད་མེད་གཅིག་དང་། ནེ་ཙོ་དང་། མེ་ལོང་གི་དངོས་པོ་བཞི་འགོད་ལ། ཟུར་དུ་བྱི་ལ་དང་། བུམ་པ་དང་། བུ་ཆུང་བརྟུལ་ཞུགས་ཅན་བཅས་འགོད་པའི་རྣམ་པའོ།།

ཡང་བླ་མ་རྡོ་རྗེ་འཆང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལྷན་ཅིག་ཏུ་བྱ་བའི་ཚུལ་དངོས་གྲུབ་ཆུ་རྒྱུན་ལས[3]། འཕགས་པ་ལྷ་སྔོ་བསངས་དགེ་སློང་གི་ཆ་བྱད་ཅན་ཆོས་གོས་རྣམ་གསུམ་དང་ལྡན་ཞིང་། ཞབས་སྐྱིལ་མོ་ཀྲུང་གིས་གདིང་བའི་སྟན་ལ་བཞུགས་པ། ཀརྞ་རི་ཞེས་པའི་ཤིང་ལོ་ཆེན་པོ་ཕྱག་ལ་བསྣམས་པ། ཞེས་གསུངས་པ་ལྟར། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་ (1698-1755) མཛད་པའི་གྲུབ་ཐོབ་ཆེན་པོ་བརྒྱད་ཅུ་རྩ་བཞིའི་འབྲི་ཡིག་ཤིན་ཏུ་དག་ཅིང་གསལ་བའི་ལེགས་བཤད་གསེར་ཐུར་ལས་[4]ཀྱང་། ཨརྱ་དེ་བ་ནི། དགེ་སློང་ཤིང་ཀརྞ་རའི་ལོ་མ་སྟེ་ཤིང་ལོ་ཆེན་པོ་ཞིག་ཕྱག་ན་བསྣམས་པ། ཞེས་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་འབྲི་ཚུལ་ལས་[5]ཀྱང་བྱུང་ལ། དེ་བཞིན་ནོར་བྲང་ཨོ་རྒྱན་ལགས་ཀྱིས་བསྒྲིགས་པའི་ཆོས་རྣམ་ཀུན་བཏུས་ལས[6]། འཕགས་པ་ལྷ་ནི། སྣ་ཚོགས་མཆོད་པའི་སྤྲིན་གྱི་དབུས་སུ། དགེ་སློང་གི་ཡོ་བྱད་གདིང་བའི་[7]སྟན་ལ་སློབ་དཔོན་ཀརྣ་རི་པའམ་ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ། སྐུ་སྔོ་སངས། དགེ་སློང་གི་ཆ་བྱད་ཆོས་གོས་རྣམ་གསུམ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཀརྣ་རི་ཞེས་པའི་ཤིང་ཆེན་པོ་ཕྱག་ན་བསྣམས་པའོ། །ཞེས་གསུངས་པ་ལྟར། སློབ་དཔོན་ཀ་ན་རི་པའམ་ཀརྣ་རི་པ་ཞེས་པའི་མཚན་ཡང་འདི་དང་འབྲེལ་ནས་བྱུང་བ་མིན་ནམ་སྙམ་པས་དཔྱད་པར་འཚལ་ལ། འཇིགས་མེད་ཆོས་ཀྱི་རྡོ་རྗེས་སྒྲིག་རྩོམ་བྱས་པའི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[8]། འདི་ལ་སློབ་དཔོན་ཨཱརྱ་དེ་བའམ། གུ་རུ་ཀརྞ་རུ་པ་སྟེ་མཚན་གཉིས་དང་ལྡན་ནོ། །ཞེས་བྱུང་ཞིང་། དེ་བཞིན་ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[9]། དེ་ཡང་སློབ་དཔོན་ཨཱརྱ་དེ་ཝ་ནི། སིཾ་གྷ་ལའི་རྒྱལ་པོའི་སྲས་རྒྱལ་སྲིད་སྤངས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་ནས་ཡུལ་རྒྱུ་ཞིང་། སློབ་དཔོན་འཕགས་པའི་དྲུང་དུ་འོངས་ཏེ། རབ་ཏུ་བྱུང་ནས་དབང་བསྐུར་ཏེ། ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལོབས་པར་བྱས་ནས་ཕྱིས་དངོས་གྲུབ་བརྙེས་ནས་སྤྱོད་པ་མཛད་པའི་ཚེ་ཀ་ན་རིའི་ལོ་མ་ཞིག་ཐོགས་ཤིང་། རྩེད་མོ་མཛད་པས་སློབ་དཔོན་ཀ་ན་རི་པ་ཞེས་ཀྱང་གྲགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཞིབ་ཕྲ་སྐུ་ཚེ་སྨད་ཀྱི་རྣམ་ཐར་གྱི་སྐབས་སུ་བཀོད་པར་གཟིགས་འཚལ།།

གཞན་ཡང་སློབ་དཔོན་ཨཱརྱ་དེ་ཝའི་སྐུ་ཡི་ཆ་ལུགས་དང་། ཞལ་གྱི་དཀྱིལ་འཁོར་ཐོག་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི། ཨཱརྱ་དེ་ཝ་སྤྱན་གཅིག་པ་ཞེས་པ་ལྟར་སྤྱན་གཅིག་སྦྱིན་པ་བཏང་བས་སྤྱན་གཅིག་ལས་མེད་སྟབས་སྤྱན་གཅིག་འབྲི་བཞེངས་གནང་ཚེ་མི་མཛེས་པའི་ཆ་ནས་པཎ་གྲུབ་གཞན་དང་གཅིག་མཚུངས་ལྟ་བུར་སྤྱན་གཉིས་འབྲི་བཞེངས་གནང་བ་ལས་མཛད་རྣམ་དང་འབྲེལ་ནས་སྤྱན་གཅིག་འབྲི་བཞེངས་གནང་ལམ་མེད་པ་བཅས་སོ།།

(གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་སྐུ་ཐང་ཁྲོད་ཀྱི་ ༡༨ པ། སློབ་དཔོན་ཨརྱ་དེ་ཝ་ཕྱག་ན་ཤིང་ཀརྞའི་ལོ་མ་ཆེན་པོ་བསྣམས་པ།)

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡བ༦ ནས་ ༣༣ན༢ བར།

[2]  གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༣༡

[3]  གདམས་ངག་མཛོད། ༼མ༽ དབང་ཆོག །ཤིང་དཔར། ཤོག་གྲངས་ ༩བ༦

[4]  གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༩༠

[5]  ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༨༽ དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་། ༢༠༠༨ ལོ། ཤོག་ ༢༧༤

[6]  ཆོས་རྣམ་ཀུན་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༤༤

[7]  རབ་བྱུང་གི་སྟན་གྱི་བྱེ་བྲག་གམ་འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས་ཤིག་ཡིན། གདིང་བ་ལ་རབ་བྱུང་རབ་འབྲིང་ཐ་གསུམ་ཡོད་པའི་ནང་རབ་ཁ་བརྒྱད་སྣམ་བརྒྱད། འབྲིང་བ་ཁ་དྲུག་སྣམ་དྲུག །ཐ་མ་ཁ་བཞི་སྣམ་བཞི་བཅས་ཚང་མ་མཐའ་ལ་སྣམ་པ་ཕྱེད་གཤག་གི་ལྕགས་རི་དང་དཀྱིལ་ལ་སྣམ་པ་ཕྱེད་ཀའི་དྲ་ལྷན་ཡོད་ཅེས། (དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༡༡༥) ཐོག་གསལ་ལོ།།

[8]  ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༨༦༨

[9]  ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ དཔེ་རིང་། ཤོག་གྲངས་ ༥ན༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩ ནས་ ༡༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *