ག༽ སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐུགས་བསྐྱེད་ཚུལ།

ག༽ སློབ་དཔོན་ཀླུ་སྒྲུབ་ཀྱིས་ཐུགས་བསྐྱེད་ཚུལ།

 

དེ་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་བཀའ་བཞི་བརྒྱུད་པའི་གསོལ་འདེབས་ལས[1]།

དྲི་མེད་ས་ལ་རབས་བཞུགས་ཤིང༌། །རྒྱལ་བས་ལུང་བསྟན་ཐེག་པའི་མཆོག །

རབ་ཏུ་སྟོན་པའི་ཐུགས་རྗེ་ཅན། །ན་ག་རྫུ་ན་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་སློབ་དཔོན་ན་ག་རྫུ་ན་སྟེ་འཕགས་པ་ཀླུ་སྒྲུབ་ཀྱིས་ཐུགས་བསྐྱེད་ཇི་ལྟར་མཛད་པའི་ཚུལ་ནི། ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའམ་ (1901-1959) འཇམ་དཔལ་བཞད་པའི་རྡོ་རྗེས་མཛད་པའི་འཕགས་ཡུལ་མཁས་པའི་དབང་ཕྱུག་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[2]། མཐའ་བྲལ་ལྟ་བའི་དགའ་སྟོན་གྲུ་བོ་ཆེར། །ཞུགས་པས་མ་ཚིམ་གསང་སྔགས་སྦས་པའི་གཏེར། །མི་ཟད་འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར། །ཀླུ་སྒྲུབ་གདེངས་ཅན་དབང་པོའི་ཞབས་ལ་འདུད། །ཐུབ་དབང་ཀུན་གསལ་ནོར་བུ་ནུབ་རིའི་རྩེར། །འོད་གསལ་གོས་དམར་གྱིས་གཟིམས་མ་བཟོད་ནས། །བཞི་བརྒྱའི་ལོ་གྲངས་ཤར་རིའི་ཅོད་པན་ལས། །ཀླུ་སྒྲུབ་སྨྲ་བའི་ཟླ་བ་ཤར་འདི་མཚར། །ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཀླུ་སྒྲུབ་ཅེས། །གྲགས་དཀར་བ་དན་སྲིད་འདིར་མ་ཤོང་བར། །ཉི་ཟླའི་བུ་མོས་ཤིང་རྟའི་རོལ་རྩེད་ལས། །རྒྱ་མཚོའི་འགྲམ་ནས་ནམ་མཁའི་མཐོངས་སུ་ཁུར། །ཞེས་བསྔགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་སྔོན་བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་ཐུགས་བསྐྱེད་པ་ནི། འཕགས་པ་རྔ་བོ་ཆེ་ཆེན་པོའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས[3]། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདས་པའི་དུས། བསྐལ་པ་གྲངས་མེད་པའི་ཆེས་གྲངས་མེད་པ། བསྐལ་པ་ཡངས་ཤིང་ཆེས་ཡངས་པ་ཞིག་བྱུང་བ་དེའི་ཚེ་དེའི་དུས་ན། འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲ་གཅན་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་དེས། གྲོང་ཁྱེར་ཆེན་པོ་འདི་ཉིད་དུ་ཆོས་བཤད་པ་དེའི་ཚེ། ལི་ཙྪ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ། དེ་བཞིན་གཤེགས་པ་དེའི་དྲུང་དུ་སོང་ནས། དེས་འབྱོར་པ་ཆེན་པོ་དང་། ཀླུའི་བསྐོར་བ་བྱས་ནས། བཙུན་མོ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་མཆོད་དེ། ཚིག་འདི་དག་གསོལ་ཏོ། །བཅོམ་ལྡན་འདས། བདག་ནམ་ཞིག་ན་བྱང་ཆུབ་སེམས་དཔར་འགྱུར་ལགས། དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་ལས་གཞན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དབང་པོ་དང་། ཚངས་པ་ལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་ཡོད་པ་མ་ཡིན་པས། དེ་ལས་གཞན་དུ་མི་འགྱུར་རོ། །རྒྱལ་པོ་ཆེན་པོ། དགེ་བསྙེན་དུ་གྱུར་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི། དབང་པོ་དང་ཚངས་པར་འགྱུར་རོ། །དབང་པོ་ཉིད་དང་། ཚངས་པ་ཉིད་ཀྱི་རྒྱལ་པོ་མང་པོ་དུ་མ་བྱས་ནས། དེའི་འོག་ཏུ། ཆོས་ཀྱི་རྒྱལ་པོ། ཆོས་དང་ལྡན་པ། འཁོར་ལོས་སྒྱུར་བར་འགྱུར་ཏེ། ཁྱོད་ཀྱིས་དབང་པོ་ཉིད་དང་། ཚངས་པ་ཉིད། གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པར་བྱས་ནས། དེའི་འོག་ཏུ་ཁྱོད་ཀྱིས། འཁོར་ལོས་སྒྱུར་བ་འདི་ཉིད་ཐོབ་པ་ཡིན་ནོ། །ཞེས་བྱུང་ངོ་།།

དེ་བཞིན་སྤྲིན་ཆེན་པོའི་མདོ་ལས[4]། གྲོང་ཁྱེར་རིན་ཆེན་འབྱུང་གནས་ཀྱི་ནང་ན་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ལ་རིན་ཆེན་སྤར་བ་གང་སྟེར་ནས་འདི་སྙམ་དུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་ཐབས་ནུབ་པའི་ཚེ་བདག་ཏུ་བྱུང་སྟེ། ཆོས་ཀྱི་འཇུག་པ་ལ་བབ་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ་ཆོས་གོས་ཙམ་འཆང་བ་མུ་སྟེགས་མགོ་བྱི་བ་རྣམས་ཡུལ་ནས་བསྐྲད་ལ་དམ་པའི་ཆོས་བྱུང་སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་འདོར་བར་གྱུར་ཅིག་[5]ཅེས་དང་། ཡང་མདོ་དེ་ཉིད་ལས[6]། ལྷའི་བུ་དག །ལི་ཙྪ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཇལ་ན་དགའ་བ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ཏུ། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་འཇིག་རྟེན་དུ་བྱོན་པའི་ཚེ། ཞེས་སོགས་ནས། མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་ཏུ་ཆས་པའི་ཚེ། དེར་བདག་རབ་ཏུ་བྱུང་ནས་ཆོས་ཀྱི་འཇུག་པ་ལ་བབས་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ། ཆོས་གོས་གྱོན་པ་ཙམ་དང་སྐྲ་བྲེགས་པ་ཙམ་ཡུལ་ནས་བསྐྲད་ལ། དམ་པའི་ཆོས་ཕྱུང་སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་གཏོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཞེས་སོགས་སངས་རྒྱས་དེའི་དྲུང་དུ་སློབ་དཔོན་གྱིས་སྔོན་ཇི་ལྟར་ཐུགས་བསྐྱེད་ཅིང་ཐུགས་སྨོན་མཛད་ཚུལ་སྐོར་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། པོད། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡བ༣

[2]  ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།

[3]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༦༦༡

[4]  སྡེ་དགེ་བཀའ་འགྱུར། མདོ་སྡེ། ༼ཝ༽ ཤོག་ ༡༨༩ན གོང་བཀོད་དེ་མདོ་དེ་ཉིད་དུ་གསལ་བ་དང་ཅུང་མི་འདྲ་བའི་ཚུལ་དུ་ཡོད།

[5]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཝ༽ དེབ་ ༦༤ པ། ༡༩༩༤ ལོ། ཤོག་གྲངས་ ༤༨༤

[6]  སྡེ་དགེ་བཀའ་འགྱུར། མདོ། ༼ཝ༽ ཤོག་ ༡༠༠ (འདིར་སྤྲིན་ཆེན་གྱི་མདོ་ཚིག་བཀོད་པ་ཕལ་ཆེ་བ་ཇོ་བོའི་དབུ་མའི་མན་ངག་ (བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༥༥༥) ཏུ་དྲངས་པ་ལྟར་བཀོད་ཡོད་པས་ཚིག་སྦྱོར་མི་འདྲ་བ་དང་། འགྱུར་ཁྱད་ཅི་ཆེ་ཡོད་དོ།།)

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༡ ནས་ ༡༡༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *