ཁ༽ མཛད་ཆེན་གྱི་དུས་བཟང་དང་བཞུགས་གནས།
དེ་ལྟར་སྟོན་པས་མཛད་པ་བཅུ་གཉིས་མཛད་པས། བདག་ཅག་གི་སྟོན་པའི་མཛད་ཆེན་དེ་དག་གི་དུས་ཚོད་ནི། བྲག་དཀར་བ་ཆོས་ཀྱི་དབང་ཕྱུག་ (1775-1837) གིས་མཛད་པའི་རྒྱལ་བ་ཐུབ་པའི་དབང་པོའི་དུས་ཆེན་ངོས་འཛིན་བརྗོད་པ་དགེ་བའི་རྔ་ཆེན་བསྐུལ་བའི་དབྱུ་གུ་ལས[1]། དེ་ལ་འདིར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ངོ་མཚར་བའི་མཛད་ཆེན་བསྟན་པའི་དུས་ཆེན་རྣམས་ཀྱི་ངོས་འཛིན་ཅུང་ཟད་བརྗོད་པར་བྱ་སྟེ།
དེ་ཡང་སྤྱིར་བཏང་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་འཕགས་པའི་ཡུལ་མཉན་ཡོད་དུ་ཟླ་མེད་སྟོན་པ་ཐུགས་རྗེ་ཅན་དེས་ཆོ་འཕྲུལ་གྱི་བཀོད་པ་ཆེན་པོ་ཉིན་རེ་བཞིན་བསྟན་ཅིང་། ཁྱད་པར་ཚེས་བརྒྱད་ལ་མུ་སྟེགས་ཀྱི་སྟོན་པ་དྲུག་སྡེ་རྩ་ལག་དང་བཅས་པ་ཆོ་འཕྲུལ་གྱིས་བཏུལ་བར་མཛད་པའི་དུས་ཆེན་དང་། བྱམས་པས་ལུང་བསྟན་པའི་མདོ་ལས། བསྙེན་གནས་གསོ་སྦྱོང་བླངས་པའི་ཕན་ཡོན་འགྱུར་ཆེ་བར་ཡང་བཤད། ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་ཤྲཱི་དྷ་ནྱ་ཀ་ཊ་ཀ་སྟེ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་ཐུབ་དབང་ཉིད་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་དུས་འཁོར་རྩ་བའི་རྒྱུད་ཆེན་གསུངས།
ཧོར་ཟླ་བཞི་པའི་ཚེས་བདུན་ལ་སྟོན་པ་དེ་བཞིན་གཤེགས་པ་ཉིད་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པ་དང་། འདིའི་ཚེས་བཅོ་ལྔ་ལ་བྱང་ཆུབ་ཤིང་དབང་དྲུང་དུ་ཡེ་ཤེས་མཆོག་གི་བདུད་རྩི་མངོན་དུ་མཛད་པ་དང་། ཡུལ་རྩྭ་ཅན་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དུས་ཆེན་ཡིན་ལ། ཡོངས་གྲགས་སུ་སྐུ་བལྟམས་པ་དང་། སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་སྟེ་དུས་ཆེན་གསུམ་འཛོམས་སུ་གྲགས། ཟླ་བ་འདི་སྤྱིར་དཔྱིད་ཐ་མཐའ་ཆུང་ས་ག་ཟླ་བ་དང་། དགེ་སློང་མ་དཔལ་མོས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་གྲུབ་པ་བརྙེས་པའི་དུས་ནམ་གོང་གི་ཟླ་བ་ཞེས་སྨྱུང་གནས་ཀྱི་དུས་བཟང་འགྱུར་ཆེ་བར་བཞེད།
ཧོར་ཟླ་དྲུག་པའི་ཚེས་བཞི་ལ་ཝཱ་རཱ་ཎ་སཱིར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། དེའི་ཚེས་བཅོ་ལྔ་ལ་དགའ་ལྡན་ནས་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པའི་དུས་སྟོན་དང་། ཧོར་ཟླ་དགུ་པའི་ཉེར་གཉིས་ལ་ལྷ་ལས་བབས་པའི་དུས་སྟོན་ཏེ། དེ་ལྟར་ཆོ་འཕྲུལ། མངོན་པར་བྱང་ཆུབ་པ། ཆོས་འཁོར། ལྷ་བབ་སྟེ་རྒྱལ་བའི་དུས་ཆེན་བཞིར་འཛམ་བུའི་གླིང་འདིར་སངས་རྒྱས་པའི་གྲུབ་མཐའ་འཛིན་པ་ཐུན་མོང་དུ་གྲགས་སོ།།
བོད་འདིར་རྒྱ་རྩིས་རྙིང་མ་དང་གསར་མའི་ལུགས་གཉིས་ལས། གསར་མ་ཕུག་ལུགས་ཀྱི་བཞེད་པ་ནི་གོང་དུ་སྨོས་པ་ལྟར་དང་། སྔ་རབས་ཀྱི་རྒྱ་རྩིས་རྙིང་མ་དང་། གཏེར་སྟོན་སངས་རྒྱས་གླིང་པའི་གཏེར་བྱོན་བླ་མ་དགོངས་འདུས་ལས་བཤད་པ་ནི། ཆོ་འཕྲུལ་ཆེན་པོ་གསར་མ་ཕུག་ལུགས་དང་མཐུན་ཞིང་། གཞན་རྣམས་མི་འདྲ་བའི་ཁྱད་པར། ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ། མངོན་པར་སངས་རྒྱས་པ་དང་། ཚེས་བརྒྱད་ལ་བལྟམས་པ་དང་། བཅོ་ལྔ་ལ་ལྷུམས་སུ་ཞུགས་པ་སྟེ་དུས་ཆེན་གསུམ། ཧོར་ཟླ་ལྔ་པའི་ཚེས་བཞི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ། ཧོར་ཟླ་བདུན་པའི་ཚེས་བཅོ་ལྔ་ལ་ལྷ་ལས་བབ། འགའ་ཞིག་ཚེས་ཉི་ཤུ་ལ་ཡང་བཞེད། ཟླ་བ་འདི་ལ་ཆོ་འཕྲུལ་ཆུང་ངུ་ཞེས་ཀྱང་གྲགས། སྤྱིར་ལོ་འགོ་ཟླ་བ་གང་ནས་འཛིན་རང་རང་གི་བཞེད་སྲོལ་མི་འདྲ་བ་མང་ཞིང་། དུས་ཆེན་རྣམས་ཀྱི་ངོས་འཛིན་ཀྱང་སྔ་ཕྱིར་མཁས་པ་མང་པོའི་བཞེད་པ་ཅུང་ཟད་མི་མཐུན་པ་འགའ་ཞིག་འདུག་མོད། འདིར་ནི་ཡི་གེའི་འཇིགས་པས་མ་སྤྲོས་ལ། ཕལ་ཆེར་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་དོགས་པས་བཏང་སྙོམས་སུ་བཞག་གོ །ཞེས་གསུངས་པ་ལྟར་བཞེད་མི་མཐུན་པ་མང་ངོ་།།
གཞན་ཡང་ལྷུམས་ཞུགས་བྱང་ཆུབ་མྱང་འདས་གསུམ་ས་ག་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་དང་། བལྟམས་པ་མཆུ་ཟླའི་བཅོ་ལྔའི་མཚན་གུང་[2]དང༌། རབ་བྱུང་ས་གའི་ཚེས་བརྒྱད་དང༌། ཆོས་འཁོར་དང་པོ་ཆུ་སྟོད་ཀྱི་ཚེས་བཞི་དང༌། ཤེར་མདོར་སངས་རྒྱས་པའི་ཕྱི་ལོའི་ནག་ཟླའི་ཉ་ནས་དང༌། ལྷ་བབ་ཐ་སྐར་གྱི་ཉེར་གཉིས་དང་། ཆོ་འཕྲུལ་དབོ་ཟླའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡིན་པས་དུས་དེ་དག་དང་ཡོངས་གྲགས་ཀྱི་དུས་ཆེན་བཅུ་གཉིས་དང་། ཉ་སྟོང་བརྒྱད་གསུམ་སོགས་ལ་དགེ་བ་གང་བྱས་འགྱུར་ཆེ།
སྟོན་པའི་སྐུ་ཚེ་གཅིག་གི་མཐུན་སྣང་མཛད་ཆེན་རྒྱས་པར་ན། རྨད་དུ་བྱུང་བའི་གཏམ་བརྒྱ་དང་ཉེར་ལྔ་ཞེས་གྲགས་པ་རྒྱ་ཆེར་རོལ་པའི་མདོ་ལས་གསལ་བར་གསུངས་ཤིང་། ལོ་ཞེ་དྲུག་རིང་ཆོས་ཁོ་ན་གསུངས་ཤིང་། དབྱར་གནས་པ་ཞེ་ལྔ་མཛད་དོ། །སྤྱིར་ཆོ་འཕྲུལ་ཆེ་ཆུང་དང་། བྱང་ཆུབ་མྱང་འདས་བཞིའི་དུས་དང་། ནད་མུག་སྡེ་འཁྲུགས་བྱུང་བའི་དུས་དང༌། མཛའ་བཤེས་ཕན་སེམས་ཅན་ཤི་བའི་དུས་དང༌། བླ་མ་བྱང་སེམས་བགྲོད་དུས་དང༌། ཉི་ཟླ་གཟས་བཟུང་བའི་དུས་ཏེ་དུས་ཆེན་བཅུ་གཉིས་དང་། ཉ་སྟོང་བརྒྱད་གསུམ་ལ་དགེ་བ་གང་བྱས་འགྱུར་ཆེ་ཞིང་། ཁྱད་པར་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཛད་ཆེན་རྣམས་ཀྱི་དུས་སུ་འཕེལ་འགྱུར་ཤིན་ཏུ་ཆེ་བར་མདོ་རྒྱུད་གསུང་རབ་ལས་གསུངས་སོ།།
ཟླ་བ་འབྱུང་ངོ་ཅོག་གི་དུས་བཟང་བཞི་ནི། ཚེས་བརྒྱད་རྣམས་ནི་སྨན་བླའི་དུས་ཆེན། ཚེས་བཅུ་རྣམས་ནི་མཁའ་འགྲོ་འདུ་བའི་དུས་ཆེན། བཅོ་ལྔ་རྣམས་ནི་སངས་རྒྱས་ཀྱི་དུས་ཆེན། གནམ་གང་རྣམས་ནི་འོད་དཔག་མེད་ཀྱི་དུས་ཆེན་ཡིན་པར་གསུངས་པས་ན། དུས་དེ་དག་དང་བསྟུན་ཏེ་དགེ་རྩ་གང་བྱས་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བར་འགྱུར་རོ།།[3]
དུས་མཆོད་ཆེན་མོ་བཞིའི་ཚིག་ལེའུར་བྱས་པ་ལས[4]། སྟོན་པས་ལེགས་པར་གསུངས་པ་ཡིས། །དུས་མཆོད་བཞི་ནི་འདི་ཡིན་ཏེ། །ཆོ་འཕྲུལ་ཆེ་དང་མངོན་བྱང་ཆུབ། །ཆོས་འཁོར་ལྷ་ལས་བབས་པའོ། །སྐར་མ་ཆུ་དང་ས་ག་དང་། །ཆུ་སྟོད་ཐ་སྐར་རིམ་བཞིན་ཉ། །མེ་ཏོག་ཨུ་དུམ་ཝ་ར་དང་། །བསིང་མ་ཁུག་ཆོས་སྤང་བརྒྱན་རྣམས། །རིམ་པ་བཞིན་དུ་ཁ་འབུས་ཏེ། །ཁ་ཏ་ཅོ་ག་ཁུ་བྱུག་དང་། །ཤ་བ་རིམ་བཞིན་སྒྲ་འབྱིན་ཏེ། །མདོར་ན་ཁྱིམ་རྩིས་དང་སྦྱར་ན། །བུམ་གླང་ཀརྐ་ཊ་དང་སྲང་། །ཉི་མ་གང་ལྡོག་རྒྱལ་དུ་རྩི། །ཕྱི་ཚེས་གཅིག་ནས་ཉ་ཡི་བར། །ཟླ་ཕྱེད་ཆོ་འཕྲུལ་ཆེན་པོ་ཡིན། །མཉན་ཡོད་ན་ནི་ལག་ལེན་དར། །བདུད་བཏུལ་བ་ཡི་དུས་ཡིན་པས། །ཆོ་འཕྲུལ་ཆེན་པོ་ཞེས་ཀྱང་གྲགས། །མདོ་སྡེ་མཛངས་བླུན་དག་ལས་གསུངས།།
དེ་ནས་དགུང་ཞག་དགུ་བཅུའི་ཉ། །ཉིན་ཞག་འཕྲུགས་གཅིག་རྡོ་རྗེའི་གདན། །གནས་མཆོག་དེ་ན་དུས་མཆོད་འདིའི། །ལག་ལེན་དར་བར་གསུངས་པ་ཡིན། །མངོན་བྱང་ཆུབ་དང་བལྟམས་པ་ནི། །འདུལ་བའི་གླེང་གཞི་ཉིད་ལས་གསུངས། །མདོ་སྡེ་རྒྱ་ཆེ་རོལ་པ་ལས། །ལྷུམས་སུ་ཞུགས་པ་ཞེས་བཤད་དོ། །བཅུ་གཉིས་པ་དང་ཆེན་པོ་ལས། །མྱ་ངན་འདས་པ་ཞེས་བཤད་དོ།།
དེ་ནས་ཞག་ནི་ཞེ་དགུ་འདས། །ཚེས་བཞིའི་ཉིན་ཞག་བདེན་བཞིའི་ཆོས། །ཝཱ་རཱ་ཎཱ་སཱིར་བསྐོར་བ་དེས། །དེ་ན་འདི་ཡི་མཆོད་པ་དར། །རྒྱ་ཆེར་རོལ་པའི་མདོ་དང་ནི། །སིལ་བུ་ལས་ནི་དེ་ལྟར་གསུངས།།
དེ་ན་བཅུ་ཕྲག་བཅུ་ཡི་ཉ། །སྟོན་འབྲིང་ཧོར་ཟླ་དགུ་པ་ལ། །མཆོད་པ་ཡངས་པ་ཅན་ན་དར། །སུམ་ཅུ་རྩ་གསུམ་གནས་ནས་ནི། །སྟོན་པས་དབྱར་གནས་མཛད་ནས་བྱོན། །མུ་སྟེགས་སྟོན་པ་བཏུལ་བའི་ཕྱིར། །ཆོ་འཕྲུལ་ཆུང་ངུ་ཞེས་ཀྱང་བྱ། །འདི་ནི་མྱ་འདས་སིལ་བུ་དང་། །ཕྲན་ཚེགས་ཞེས་བྱའི་ལུང་ལས་གསུངས། །ཞེས་བྱུང་བ་ལྟར་རོ།།
གཞན་ཡང་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་སངས་རྒྱས་ནས་མྱ་ངན་ལས་མ་འདས་བར་གྱི་བཞུགས་གནས་ནི། སྟོན་པ་སངས་རྒྱས་ནས་ལོ་བཞི་བཅུ་ཞེ་ལྔ་བཞུགས་པ་ཡིན་པས། བྱེ་བྲག་བཤད་མཛོད་ཆེན་མོའི་དུམ་བུ་བོད་དུ་འགྱུར་བ་ལས[5]། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམྦི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་། །སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །མཉན་དུ་ཡོད་པར་ཉི་ཤུ་བཞི། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཐམས་ཅད་མཁྱེན་པ་བཞུགས་པ་ཡི། །བསོད་ནམས་གནས་ནི་འདི་དག་ལ། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །གུས་པས་བཏུད་དེ་རྟག་ཕྱག་འཚལ། །ཞེས་གསུངས་སོ།།
དེ་ཡང་མཉན་ཡོད་དུ་བཞུགས་ཐེངས་གཅིག་ལ་ལོ་ཉེར་གསུམ་བཞུགས་པ་མ་ཡིན་ཀྱང་། སྔ་ཕྱི་བསྡོམས་པས་ལོ་ཉེར་གསུམ་བཞུགས་པ་ལགས། དེ་ལྟར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་ལས་ཀྱང་པདྨ་དཀར་པོ་ལྟར་བསྔགས་པ་དང་། བསྟན་པའི་བདག་པོ་ཡིན་པ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དང་། ལྷ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་བཀོད་པའི་བདག་ཉིད། རང་ཅག་རྣམས་ལ་འབྲེལ་ཆེ་བ་བཅས་ཀྱི་སྒོ་ནས་སྟོན་པ་ཉིད་ལ་སྐྱབས་སུ་འགྲོ་བ་དང་། གསོལ་བ་བཏབ་ན་འཕྲལ་ཡུན་གྱི་དོན་ཐམས་ཅད་འགྲུབ་པའི་དགེ་རྩ་འཕེལ་བར་འགྱུར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། པོད། ༼ན༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༢
[2] ཡོངས་གྲགས་ས་ག་ཟླ་བའི་ཚེས་བཅོ་ལྔར་སྐུ་བལྟམས་པར་གསུངས་པས་དཔྱད་དགོས།
[3] བོད་ཀྱི་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༠༧
[4] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ༢༠༠༨ ལོ། ཤོག་གྲངས་ ༧༧༥
[5] བསོད་ནམས་རྩེ་མོའི་བཀའ་འབུམ། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༤༦༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༣ ནས་ ༦༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།