༡༢༽ མྱ་ངན་ལས་འདས་པའི་མཛད་པ།
དེ་ཡང་མགོན་པོ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།
ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ། །
འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[2]།
སྐུ་ཡི་དངོས་ཀྱི་གདུལ་བྱ་ཚིམ་མཛད་ནས། །ཞི་བའི་དབྱིངས་གཟིམས་སྐུ་གདུང་བརྒྱད་དང་། །
དེ་ལས་འཕྲོས་པས་བསམ་འཕེལ་ནོར་བུ་ཡིས། །སྟོང་གསུམ་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །
ཞེས་སྐུ་དངོས་ཀྱི་གདུལ་བྱ་རྣམས་ཆོས་ཀྱིས་ཚིམ་པར་མཛད་དེ་མྱ་ངན་ལས་འདས་ཏེ་སྐུ་གདུང་ཆ་བརྒྱད་དུ་མཛད་པ་དང་། དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[3]།
བརྒྱད་ཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །བཅོ་ལྔའི་ཚེས་གྱི་ནང་པར་དེ་བཞིན་གཤེགས། །
འཇིག་རྟེན་ཁམས་སུ་མི་སྣང་ལྟར་གྱུར་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །

ཞེས་སྟོན་པ་དགུང་ལོ་བརྒྱད་ཅུར་ཕེབས་པའི་དཔྱིད་ཐ་སྟེ་བོད་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་མྱ་ངན་ལས་འདས་པར་གསུངས་པ་ལྟར། སྟོན་པ་ཐུགས་རྗེ་ཅན་ཉིད་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་ཤིང༌། དེ་རྗེས་ལོ་དྲུག་དཀའ་བ་སྤྱད་ནས་དགུང་ལོ་སོ་ལྔ་པར་སངས་རྒྱས་ཏེ་བརྒྱད་ཅུའི་བར་དབྱར་གནས་པ་བཞི་བཅུ་ཞེ་ལྔ་མཛད། དགུང་ལོ་གྱ་གཅིག་སྟེང་སྐུ་ཚེའི་འདུ་བྱེད་བཏང༌། དེ་ཡང་སྤྱིར་བཅོམ་ལྡན་འདས་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་གནས་པས་མྱ་ངན་ལས་འདའ་བ་མེད་ཀྱང་། གདུལ་བྱ་རྟག་འཛིན་ཅན་རྣམས་རྟག་འཛིན་བཟློག་ཅིང་མི་རྟག་པའི་རྟོགས་པ་སྐྱེས་ནས་ཆོས་ལ་བསྐུལ་བའི་ཕྱིར། མཐར་དགུང་ལོ་གྱ་གཅིག་པའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་གྲོང་ཁྱེར་ཆེན་པོ་རྩྭ་མཆོག་གྲོང་དུ་སཱ་ལའི་ཚལ་གྱི་དབུས་མཐའ་མའི་གཟིམ་ཁྲི་ལ་སེངྒེའི་ཉལ་སྟབས་ཀྱི་བཞུགས་ཏེ་ཞིང་འདིར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་མོད། འོན་ཀྱང་ངེས་པ་དོན་དུ་ནམ་མཁའ་མ་ཟད་བར་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ལགས་སོ།།
གྲོང་ཁྱེར་རྩྭ་མཆོག་ཏུ་མྱ་ངན་ལས་འདས་དོན་ཡང་། མྱང་འདས་བམ་པོ་སུམ་བཅུ་པ་ལས[4]། བཅོམ་ལྡན་འདས་ཡུལ་ཆེན་པོ་བཅུ་དྲུག་གི་ནང་ན་གྲོང་ཁྱེར་ཆེན་པོ་དྲུག་མཆིས་ཏེ། འདི་ལྟར་གྲོང་ཁྱེར་མཉན་དུ་ཡོད་པ་དང་། གྲོང་ཁྱེར་བ་ཙི་དང་། གྲོང་ཁྱེར་ཙམ་པ་ཀ་དང་། གྲོང་ཁྱེར་ཡངས་པ་ཅན། གྲོང་ཁྱེར་སེར་སྐྱ། གྲོང་ཁྱེར་རྒྱལ་པོའི་ཁབ་སྟེ། དྲུག་པོ་དེ་དག་འཇིག་རྟེན་གྱི་ནང་ན་མཆོག་ཏུ་ཆེ་བ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་དེ་དག་སྤངས་ཏེ་ཡུལ་གྱི་མཐའ་ཤིན་ཏུ་ངན་ཞིང་རབ་ཏུ་མི་མཛེས་ལ་དོག་ཅིང་ཉམ་ང་བའི་གྲོང་ཁྱེར་རྩྭ་མཆོག་འདིར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་གྲོང་ཁྱེར་རྩྭ་མཆོག་འདི་ལ་ཡུལ་གྱི་མཐའ་ཤིན་ཏུ་ངན་ཅིང་དོག་གོ་ཞེས་སྨྲ་བར་མི་རིགས་ཀྱི། གྲོང་ཁྱེར་འདི་ནི་ཡོན་ཏན་མཆོག་དམ་པ་རྣམས་ཀྱིས་ཤིན་ཏུ་བརྒྱན་པའོ། །ཞེས་བྱ་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པའི་གནས་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་ཇི་ལྟར་མི་ངན་པའི་ཁྱིམ་དུ་གལ་ཏེ་རྒྱལ་པོ་གཤེགས་ན་ཁྱིམ་དེ་ལ་ཤིན་ཏུ་རྒྱན་གྱིས་མཛེས་པའོ། །བསོད་ནམས་དང་ལྡན་པ་སྟེ། འདི་ལྟར་རྒྱལ་པོ་འདིར་གཤེགས་པར་གྱུར་ཏོ་ཞེས་བསྟོད་དགོས་སོ། །གྲོང་ཁྱེར་རྩྭ་མཆོག་ཀྱང་དེ་དང་འདྲ་སྟེ། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཆག་ཅིང་གཤེགས་པའི་གནས་ཡིན་ལ། ཅིའི་ཕྱིར་ཡུལ་མཐའ་འཁོབ་ངན་པ་དོག་ཅིང་ཉམ་ང་བའོ་ཞེས་སྨྲ། ཞེས་གསུངས་སོ།།
སྟོན་པའི་འདས་ལོའང་བཞེད་པ་མི་མཐུན་པ་མང་སྟེ།[5] ༡) ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ལ་ཤིང་སྤྲེལ་ཕྱི་ལོའི་སྔོན་ ༢༡༣༧ ལ་སྟོན་པ་མྱ་ངན་ལས་འདས་པར་བཞེད་ཅིང་། ༢) ས་སྐྱ་པའི་ལུགས་ལ་མེ་ཕག་ཕྱི་ལོའི་སྔོན་གྱི་ལོ་ ༢༡༣༤ དང་། ༣) ཙནྡན་ཇོ་བོའི་ལོ་རྒྱུས་དང་དེབ་སྔོན་ལས་སྟོན་པ་དགུང་ལོ་ ༨༠ བཞེས་པ་ཆུ་བྱ་ཕྱི་ལོའི་སྔོན་ ༩༤༨ ལོར་མྱ་ངན་ལས་འདས་ཤིང་། ཕུག་ལུགས་ལྟར་ན་ལྕགས་འབྲུག་ཕྱི་ལོའི་སྔོན་ ༨༨༡ དང་། ༥) གཡུང་སྟོན་རྡོ་རྗེ་དཔལ་དང་། མཚུར་ཕུ། སྟག་ཚང་ལོ་ཙཱ་བ་གསུམ་གྱི་ལུགས་ལ་ཆུ་ལུག་ཕྱི་ལོའི་སྔོན་ ༨༧༨ དང་། ༦) བུ་སྟོན་ཐམས་ཅད་མཁྱེན་པ་དང་། མཁས་གྲུབ་རྗེའི་ལུགས་ལ་མེ་སྟག་ཕྱི་ལོའི་སྔོན་ ༨༣༥། ༧) སིངྒ་ལའི་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་ནི་མེ་སྦྲུལ་ཕྱི་ལོའི་སྔོན་ ༥༤༤ ལོ་ནས་ཚུགས་པར་གསུངས་པ་བཅས་བཞེད་ལུགས་ཆེན་པོ་བདུན་མཆིས་ལ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་རྒྱལ་པོ་མ་སྐྱེས་དགྲས་ཐོས་ན་དྲན་པ་སྟོར་བར་གཟིགས་ཏེ་འོད་སྲུངས་ཆེན་པོས་མཛད་པ་བཅུ་གཉིས་ཀྱི་ཞིང་བཀོད་བྲིས་ནས་རིམ་པར་བསྟན་པའི་ཐབས་མཁས་མཛད་པ་ནང་དོན་རིག་པའི་གཞུང་ལུགས་ཁག་ལས་བྱུང་བ་ལྟར་རོ།།
དེ་བཞིན་སྟོན་པ་དགུང་ལོ་བརྒྱད་ཅུ་དང་གྱ་གཅིག་ལ་འདས་པ་དང་། ཟླ་བ་གསུམ་པའི་བཅོ་ལྔ་དང་བཞི་པའི་བཅོ་ལྔར་འདས་པའི་བཞེད་པ་གཉིས་བྱུང་ཞིང་། ཀློང་ཆེན་རབ་འབྱམས་པས་ (1308-1364) མཛད་པའི་རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ་ལས[6]། བྱེ་བྲག་བཤད་མཛོད་ཆེན་མོ་ལས་ལོ་བརྒྱད་ཅུར་འདོད་ལ། མྱ་ངན་ལས་འདས་པ་ལས་བརྒྱད་ཅུ་དང་ཟླ་བ་གསུམ་དུ་འདོད་དེ། མཆོད་རྟེན་བརྒྱད་པ་ལས[7]།
ཙུནྡས་གསོལ་བ་བཏབ་ནས་ཟླ་གསུམ་ན། །
མྱ་ངན་འདས་མཛད་མཆོད་རྟེན་ཕྱག་འཚལ་ལོ། །
ཞེས་འདོད་དོ། །སློབ་དཔོན་ཁ་ཅིག་བརྒྱད་ཅུ་རྩ་གཉིས་ཀྱང་ཟེར་ལ། ངེས་པར་ཟླ་བ་གསུམ་དང་བརྒྱད་ཅུར་མདོ་དུ་མ་ལས་གསུངས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥
[2] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་ ༣༧ན༡
[3] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧
[4] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཏ༽ དེབ་ཨང་ ༥༣ པ། ༢༠༠༨ ལོ། ཤོག་གྲངས་ ༣༠༠
[5] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢༣༨
[6] རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ། ༼༡༽ ཞང་ཀང་ཐཱེན་མ་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༣༢༤
[7] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ༢༠༠༨ ལོ། ཤོག་གྲངས་ ༢༥༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༨ ནས་ ༦༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།