༡) ལྷ་ལས་བབས་པའི་མཛད་པ།
དེ་ཡང་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ལྷ་བབ་དུས་ཆེན་དང་འབྲེལ་བའི་སྟོན་པའི་རྣམ་ཐར་ལས[1]།
ལྷ་ཡི་ལམ་ནས་རྫུ་འཕྲུལ་གྱིས་བབས་ཏེ། །ལྷ་དང་བཅས་པའི་འགྲོ་ཀུན་འདུལ་མཛད་པ། །
ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོ་ཡིས། །ལྷ་བཅས་སྐྱེ་དགུ་ཡོངས་ལ་ཤིས་པ་སྩོལ། །
ཞེས་དགེ་ལེགས་སུ་བྱེད་པའི་ཚིག་གིས་སྔོན་བསུས་ཏེ་གང་ཞུ་ན། དེའང་པཎ་ཆེན་ཤཱཀྱ་ཤྲཱིས།
བཞི་པའི་བཅོ་ལྔར་རྫོགས་སངས་རྒྱས། །
དྲུག་པའི་དྲུག་ལ་ཆོས་འཁོར་བསྐོར། །
དགུ་པའི་ཉེར་གཉིས་ལྷ་ལས་བབས། །

གསུངས་པ་བཞིན་ཐ་སྐར་རམ་དབྱུ་གུའི་ཟླ་བའི་ཚེས་ཉེར་གཉིས་འདི་ནི་ལྷ་བབ་ཀྱི་དུས་ཆེན་ཡིན་ལ། དེའང་དབུ་མ་རིན་ཆེན་ཕྲེང་བ་ལས།
ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་རྣམས་ཀུན་ལས་བབས་པ་དང་། །
དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །
ཞེས་ལྷ་ལས་བབས་པ་དེ་མཛད་པ་བཅུ་གཉིས་ཀྱི་གཅིག་ཏུ་གསུངས་པ་དང་། ཐེག་བསྡུས་ལས་མཛད་པ་བཅུ་གཉིས་ཀྱི་གྲངས་ལ་མུ་སྟེགས་ཅན་གྱི་གནས་སུ་གཤེགས་པ། ཞེས་མུ་སྟེགས་ཀྱི་སྟོན་པ་རིང་འཕུར་དང་ལྷག་སྤྱོད་ཀྱི་དྲུང་དུ་ཐོག་མར་ཕེབས་ནས་ཐར་ལམ་ཚོལ་བའི་ཚུལ་བསྟན་ཏེ་སྲིད་རྩེའི་སྙོམས་འཇུག་གི་བར་མངོན་དུ་མཛད་ཀྱང་དེ་དག་འཁོར་བའི་རྒྱུ་ལས་མ་འདས་པར་གཟིགས་ནས་མཆིལ་མའི་ཐལ་བ་བཞིན་བོར་ཏེ་གཟོད་ཐར་ལམ་ཚོལ་བར་མཛད་པ་དེ་ཉིད་གཅིག་ཏུ་བགྲང་བ་གཉི་གའི་དགོངས་གཞི་ནི་ཟླ་བ་སྙིང་པོའི་མདོ་ལས[2]།
བདག་གིས་མུ་སྟེགས་ཅན་གཞན་དག །
ཅེས་སོགས་གསུངས་པ་ལྟར་མུ་སྟེགས་ཀྱི་སྟོན་པ་དང་ལྟ་སྒོམ་སྤྱོད་པའི་སྐྱོན་མ་མཐོང་ན་ཐར་འདོད་རྣམས་ནང་པའི་བསྟན་པ་ལ་རྩེ་གཅིག་ཏུ་གཞོལ་བར་མི་འགྱུར་བས་མུ་སྟེགས་ཅན་ཕམ་པར་མཛད་པ་དེ་སྟོན་པའི་མཛད་ཆེན་གཙོ་བོ་ཞིག་ཏུ་མཛད་པ་ཡིན་ལ། དེའང་ཡོངས་སུ་གྲགས་པའི་ཆོ་འཕྲུལ་མུ་སྟེགས་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་ནས་ཕམ་པར་མཛད་པ་ནི་ཆོ་འཕྲུལ་ཆེན་པོ་དང་། ལྷ་ལས་བབ་པ་ལ་ཆོ་འཕྲུལ་ཆུང་ངུའམ་ཆོ་འཕྲུལ་ཕྱི་མར་གྲགས་པ་ཡིན།
མཛད་པ་འདི་ཉིད་བསྟན་པའི་དུས་ནི། ལྕང་སྐྱ་གོང་མས་མཛད་པའི་དུས་ཆེན་གྱི་བཤད་པར་ལྕགས་བྱི་ཞེས་འབྱུང་ཡང་། ལོ་འདི་སྟོན་པའི་དབྱར་གནས་བཅུ་བདུན་པར་གསུངས་པས་སྟོན་པ་དྲག་པོ་ལྕགས་སྤྲེལ་ལ་སྐུ་བལྟམས་ཤིང་། ཤིང་རྟ་ལ་སངས་རྒྱས་པའི་དབང་དུ་བཏང་ན་དབྱར་གནས་བཅུ་བདུན་པ་ལྕགས་ཁྱི་དང་འགྲིགས་པས་སྔ་མ་ཡིག་སྐྱོན་ཞུགས་པ་ཡིན།
མཛད་པ་བསྟན་ཚུལ་ནི། མུ་སྟེགས་སྟོན་པ་དྲུག་སོགས་བཏུལ་ཏེ་སྐྱེ་བོ་ཐམས་ཅད་སྟོན་པ་ཉན་ཐོས་དང་བཅས་པ་ལ་ཧ་ཅང་གུས་པས་དགེ་འདུན་ལ་བསྙེན་བཀུར་འདུ་འཛི་སོགས་ཆེས་མང་བ་དེ་ཆོས་ཀྱི་བར་ཆད་དུ་གཟིགས་ནས་རྒྱུན་བཅད་པ་དང་། ཡུམ་སྒྱུ་མ་ལྷ་མཛེས་མ་སུམ་ཅུ་རྩ་གསུམ་དུ་སྐྱེས་ཡོད་པ་དེ་རྗེས་སུ་བཟུང་བ་སོགས་ཀྱི་ཆེད་དུ་སུམ་ཅུ་རྩ་གསུམ་དུ་བྱོན་ནས་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ཨར་མོ་ནི་གའི་སྟེང་དུ་ཤཱ་རིའི་བུ་དང་འོད་སྲུང་ཆེན་པོ་སོགས་དགྲ་བཅོམ་པ་བརྒྱད་སྟོང་དང་ལྷན་དུ་དབྱར་ཞལ་གྱིས་བཞེས། ཆོས་བཟང་ལྷའི་མདུན་སར་གཙུག་ཏོར་གདུགས་དཀར་མོའི་མདོ་དང་། ལྷའི་དགའ་ཚལ་དུ་ཕེབས་ནས་འོད་ཟེར་སྤྲོ་བསྡུའི་རོལ་པས་ངན་སོང་དགུག་དྲལ་སོགས་མཛད་པའི་རྐྱེན་གྱིས་ལྷའི་དབང་པོས་ནོར་བུ་དྲི་མ་མེད་པ་བྱ་བ་ལྷའི་བུ་ཞིག་ཤི་འཕོས་ཏེ་ཞག་བདུན་ལོན་པ་དེ་གང་དུ་སྐྱེ་ཞེས་ཞུས་པས་མནར་མེད་དུ་སྐྱེས་ཡོད་ཚུལ་གསུངས་པ་ན་དེ་སྐྱོབ་པའི་ཕྱིར་དུ་གསོལ་བ་བཏབ་པས་ངན་སོང་སྦྱོང་རྒྱུད་ཀྱི་རྩ་བའི་དཀྱིལ་འཁོར་སྤྲུལ་ནས་བརྟག་པ་དང་པོ་གསུངས། ཕྱག་ན་རྡོ་རྗེས་བརྟག་པ་ཕྱི་མ་གསུངས་ཏེ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་རྣམ་གཞག་སོགས་དེ་ནས་བྱུང་བ་ཡིན།
སྔ་མའི་ཡུམ་གྱི་སྐྱེ་བ་དེ་ཉིད་ལ་དབྱིག་ལྡན་གྱི་གཟུངས་བཀའ་སྩལ་ཏེ་སྨིན་ཅིང་གྲོལ་བར་མཛད། སྐབས་དེར་ལྷ་དང་ལྷ་མིན་འཐབ་པའི་རྐྱེན་གྱིས་ལྷའི་དབང་པོས་ཞུས་ནས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གསུངས། དེ་བཞིན་དུ་ལྷའི་བུ་ཤིན་ཏུ་བརྟན་པ་སྐྱོབ་པའི་ཕྱིར་གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མདོ་དང་། ལྷ་རྣམས་ལ་མཆོད་རྟེན་བགྱིད་པའི་ཐབས་རྟེན་འབྲེལ་སྙིང་པོ། བྱམས་པས་ཞུས་ཏེ་འཛམ་བུའི་གླིང་པ་རྣམས་ཀྱི་ཉེར་འཚེ་བཟློག་པའི་ཐབས་ལ་མི་གཡོ་བའི་རྒྱུད་སོགས་གསུངས།
དེའི་ཚེ་ཝཱ་རཱ་ཎ་སཱིའི་རྒྱལ་པོ་ཨུ་ཏྲ་ཡ་ནས་སྟོན་པ་རྗེས་སུ་དྲན་ནས་ཙན་དན་གོརྴི་ཥ་ལས་སྟོན་པའི་སྐུ་ཞིག་བཞེངས་པ་སྟོན་པ་ལྷ་ཡུལ་ནས་ཕེབས་པའི་བསུ་བ་མཛད་པ་དེ་ད་ལྟ་རྒྱ་ནག་ཏུ་བཞུགས་པའི་ཙན་དན་ཇོ་བོ་འདི་ཉིད་ཡིན་པར་གྲགས། དེའི་ཚེ་སྟོན་པ་ཡུན་རིང་པོར་དངོས་སུ་མ་མཇལ་བའི་དགེ་སློང་རྣམས་དང་། རྒྱལ་པོ་ཨུ་ཏྲ་ཡ་ན་སོགས་ཡིད་གདུངས་ཏེ་མོའུ་གལ་གྱི་བུ་ལ་སྟོན་པ་གང་དུ་བཞུགས་ཡོད་ཅེས་དྲིས་པས་སུམ་ཅུ་རྩ་གསུམ་ན་དབྱར་ཞལ་གྱིས་བཞེས་ཡོད་ཚུལ་གསུངས། འབྲུག་པ་པད་དཀར་གྱི་ཆོས་འབྱུང་དུ་ཨུ་ཏྲ་ཡ་ནས་མུ་སྟེགས་སྟོན་པ་དྲུག་ལ་དྲིས་ཚུལ་བཤད་ཀྱང་ཆོ་འཕྲུལ་སྔ་མ་བསྟན་པའི་སྐབས་ནས་སྟོན་པ་གཞན་ལྔ་ཡུལ་དབུས་སུ་སྡོད་མ་ཚུགས་པར་མཐའ་འཁོབ་ཏུ་བྲོས། རྫོགས་བྱེད་བུམ་པ་ཕྱེ་མས་བཀང་བ་མགུལ་དུ་བཏགས་ཏེ་ཆུར་ལྕེབས་པས་ཁོ་རང་གི་སློབ་མ་རྣམས་བཙལ་དུ་སོང་བ་ན་བུ་མོ་ཞིག་གིས།
ངན་སོང་སེམས་ཅན་དམྱལ་བ་ལ། །ལག་པ་བརྐྱང་ནས་འགྲོ་བ་ཡི། །
རྫོགས་བྱེད་དེ་ནི་ཆུས་གཡེང་སྟེ། །རྐང་ལག་སྐྱ་བོར་གྱུར་ཅིང་འདུག །
ཅེས་སྨྲས་པས་རོ་རྫིང་བུར་ཡོད་པ་མཐོང་སྟེ་སློབ་དཔོན་གྱིས་དགོངས་པའི་ཐར་ལམ་མཐར་ཐུག་པ་འདི་ཉིད་ཡིན་པར་འདུག་སྙམ་ནས་ཁོ་རང་རྣམས་ཀྱང་ཆུར་ལྕེབས་པར་གསུངས་པས། དེ་དུས་སྟོན་པ་དྲུག་ངོ་མ་མི་ཚང་ཞིང་ཡུལ་དབུས་སུ་བསྡད་མེད་པས་ལོ་རྒྱུས་དེ་མ་དག་པ་ཡིན།
དགུ་པའི་བཅོ་ལྔ་དབྱར་གནས་རྫོགས་མཚམས་ལ་དགེ་སློང་རྣམས་ཀྱིས་ཞུས་ཏེ་མོའུ་གལ་གྱི་བུ་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་སངས་རྒྱས་ལ་འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས། ད་སྟེ་ཞག་བདུན་ན་གྲོང་ཁྱེར་གསལ་ལྡན་ནམ་སཾ་ག་ཞེས་ཨ་བ་ཛ་རའི་ནགས་ཨུ་དུམ་ཝ་རའི་ཤིང་དྲུང་དུ་འབྱོན་པར་འགྱུར་རོ། །ཞེས་བསྒོས་ཤིག་གསུངས་པས། མོའུ་གལ་གྱི་བུ་སྐད་ཅིག་དེ་ཉིད་ལ་ཕྱིར་ཕེབས་ཏེ་རྒྱལ་པོ་སོགས་ལ་སྦྲན་པས་ཐམས་ཅད་ཀྱིས་ཕྱོགས་དེ་ཕྱི་དར་དང་ཆག་ཆག་བྱས། དེ་རྗེས་སྟོན་པ་ལྷ་གནས་གོང་མ་གོང་མ་རྣམས་སུ་རིམ་པ་བཞིན་ཕེབས་ཏེ་དགའ་ལྡན་དུ་སྒྲོལ་མ་སྣ་ཚོགས་འབྱུང་བ་དང་སྒྲིབ་པ་རྣམ་སེལ་གྱི་རྒྱུད། གཞན་འཕྲུལ་དབང་བྱེད་དུ་ཤེར་ཕྱིན་བརྒྱ་ལྔ་བཅུ་དང་རྟོགས་པ་བསྡུས་པ། འོག་མིན་དུ་དམ་ཚིག་གསུམ་བཀོད་ཀྱི་རྒྱུད་དང་འདའ་ཀ་ཡེ་ཤེས་སོགས་གསུངས། གླིང་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷའི་བུ་ཟླ་བས་ཞུས་ཏེ་སུམ་ཅུ་རྩ་གསུམ་པའི་ལེའུ་གསུངས་ཤིང་ཟླ་བ་བྱང་ཆུབ་ཏུ་ལུང་བསྟན། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ནོར་བུ་དྲི་མ་མེད་པ་འཆི་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀའ་སྩལ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཟོ་བོ་བི་ཤྭ་ཀརྨ་ལ་བཀའ་བསྒོས་ཏེ་སྟོན་པ་འཛམ་བུའི་གླིང་དུ་འབྱོན་པའི་ལམ་ལྷ་ཡུལ་ནས་གྲོང་ཁྱེར་གསལ་ལྡན་གྱི་བར་ལ་དབུས་སུ་བཻཌཱུརྱའི་ཐེམ་སྐས། གཡས་སུ་གསེར་གྱི་ཐེམ་སྐས། གཡོན་དུ་ཤེལ་གྱི་ཐེམ་སྐས་སུམ་རིམ་དུ་བྱས། དེ་ནས་ཉི་ཤུ་གཉིས་ཀྱི་ཉིན་ཐེམ་སྐས་དབུས་མ་ལ་བཅོམ་ལྡན་འདས། གཡས་མ་ལ་ཚངས་པས་རྔ་ཡབ་ཐོགས་ཤིང་གཟུགས་ཁམས་ཀྱི་ལྷས་བསྐོར་བ། གཡོན་དུ་བརྒྱ་བྱིན་གདུགས་ཐོགས་ཤིང་འདོད་ཁམས་ཀྱི་ལྷས་བསྐོར་ཏེ་བྱོན། དེའི་ཚེ་ཞབས་ཁོ་ནས་བྱོན་ན་མུ་སྟེགས་ཅན་རྣམས་ཀྱིས་ལྷ་ཡུལ་དུ་འདོད་ཡོན་གྱི་གཡེང་བས་རྫུ་འཕྲུལ་ཉམས་སོ་ཞེས་འཕྱ་བ་དང་། རྫུ་འཕྲུལ་ཁོ་ནས་བྱོན་ན་ལྷ་རྣམས་ཀྱིས་ཐེམ་སྐས་བྱས་པ་དོན་མེད་པར་འགྱུར་བས་རེས་འགའ་ཞབས་དང་རེས་འགའ་རྫུ་འཕྲུལ་གྱིས་གཤེགས་ཏེ་སྐྱེ་བོ་ཀུན་གྱི་མིག་དང་ཡིད་ལ་ཀུན་དགའི་དཔལ་སྟེར་ཞིང་ཐར་པའི་ས་བོན་བསྐྲུན་པར་མཛད། དེའི་ཚེ་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་མི་ཐམས་ཅད་ཀྱིས་ཀྱང་འདོད་གཟུགས་ཀྱི་ལྷའི་ལུས་ཕུན་སུམ་ཚོགས་པ་དེ་མངོན་སུམ་དུ་མཐོང་ནས་འགའ་ཞིག་གིས་ལྟར་སྨོན་པ་བྱེད། དེའི་སྐབས་སུ་དགེ་སློང་མ་ཨུཏྤ་ལའི་མདོག་འཁོར་ལོས་བསྒྱུར་བའི་ཆ་ལུགས་སུ་སྤྲུལ་ཏེ་སྟོན་པར་མཇལ་དུ་འོངས་པས་འགའ་ཞིག་གིས་འཁོར་སྒྱུར་ལ་སྨོན་པ་བྱེད། རབ་འབྱོར་ཆུང་བས་ལྷ་མིའི་ཚོགས་ཆེན་པོ་འདིའང་མྱུར་དུ་འབྲལ་ལོ་སྙམ་དུ་མི་རྟག་པ་ཡིད་ལ་བྱས་པས་དགྲ་བཅོམ་ཐོབ། འདི་ཏཱ་ར་ནཱ་ཐས་གནས་བརྟན་རབ་འབྱོར་ཡིན་པ་ལྟ་བུ་ཞིག་བྱས་འདུག་ཀྱང་ཤེར་མདོའི་གླིང་གཞི་སོགས་དང་མི་འགྲིག་པས་མཁས་པ་གཞན་གྱིས་བཤད་པ་ལྟར་རབ་འབྱོར་ཆུང་བ་ཡིན། དེའི་ཚེ་སེམས་ཅན་སོ་སོའི་བསམ་ཚུལ་མི་འདྲ་བ་དེ་དག་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ནས་བཀའ་སྩལ་པ་ནི།
ས་རྣམས་གཅིག་གིས་ཐོབ་པ་དང་། །ལྷ་རྣམས་སུ་ཡང་འགྲོ་བ་དང་། །
ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །
ཅེས་ས་ཐམས་ཅད་ལ་དབང་བའི་འཁོར་སྒྱུར་དང་། འདོད་ལྷ་རིགས་དྲུག །ཁམས་གོང་མར་སྐྱེས་པའི་རྒྱུ་བསམ་གཟུགས་བརྒྱད་ལ་སོགས་པའི་ཏིང་ངེ་འཛིན་གང་ཐོབ་ཀྱང་འཁོར་བ་ལས་མ་འདས་པས་སྙིང་པོ་མེད་ལ། ཐར་པའི་ལམ་སྣ་ཟིན་པ་ཞིག་གལ་ཆེ་ཚུལ་གསུངས་ཏེ། གདུལ་བྱ་བགྲང་ལས་འདས་པ་ལ་ཐེག་གསུམ་ཐར་པའི་སྒོ་ལམ་ཡངས་པོར་ཕྱེས། དེ་ནས་བཟུང་སྟེ་དགུ་པའི་ཉེར་གཉིས་ལ་ལྷ་བབ་ཀྱི་དུས་ཆེན་དུ་གྲགས་ཤིང་། མཆོད་རྟེན་ཕྱོགས་བཞིར་ཐེམ་སྐས་ཀྱིས་མཚན་པའི་ལྷ་བབ་མཆོད་རྟེན་དུ་གྲགས་པ་བརྩིགས། འདུལ་བ་མདོ་རྩ་བར། རབ་ཏུ་བྱུང་བའི་གནས་སུ་དུས་སྟོན་བྱ་བ་ཆོས་དང་མཐུན་ནོ། །གསུངས་པ་ལྟར་དུས་ཆེན་དེ་འདྲ་ལ་དགེ་འདུན་རྣམས་ཀྱིས་ཆོས་སྟོན་བྱེད་པའི་སྲོལ་སྟོན་པ་ཞལ་བཞུགས་དུས་ནས་བཟུང་རྒྱ་གར་ཚུན་ཆད་དུ་དར་བ་བཞིན། ཞེས་གསུངས་པ་ལྟར་རོ།།
མདོར་ན། གནས་བརྟན་སྡེ་པ་དག་གིས་ཟླ་བ་ཉ་གང་བའི་ཉིན་ཏེ་བོད་ཟླ་དགུ་པའི་ཚེས་བཅོ་ལྔའི་ཉིན་ལྷ་བབས་དུས་ཆེན་ལ་བརྩི་ཞིང་། དེ་ཉིན་ལྷ་ཡུལ་ནས་ཕེབས་པར་འདོད། ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱི་ལུགས་ལ། ཡབ་ཟས་གཙང་ནི་སྲས་ཡབ་སྲས་མཇལ་བའི་མདོ་ལ་སོགས་པ་གསུངས་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཟིན་ཅིང་། སྟོན་པ་སྐུ་བལྟམས་ནས་བདུན་ཕྲག་གཅིག་གི་རྗེས་སུ་སྐུ་གཤེགས་ཏེ་སྐུ་སྐྱེ་ཕྱི་མ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་མོ་ཞིག་ཏུ་འཁྲུངས་པ་དེ་ཉིད་བདེན་པ་ལ་འགོད་སླད་སྟོན་པ་ཉིད་གཉན་ཡོད་ནས་དབྱར་གཅིག་རིང་ལྷ་ཡུལ་དུ་ཕེབས་ནས་དབྱར་གནས་སུ་བཞུགས་ཤིང་། ཡུམ་གྱི་བཀའ་དྲིན་གསབ་ཕྱིར་ཆོས་གསུངས་སྐབས། སྐབས་དེར་ཀུན་དགའ་བོ་མེད་སར་ཆོས་མི་གསུང་བའི་ཆ་རྐྱེན་ཞལ་བཞེས་མཛད་པ་ལྟར། ཞལ་ནས་ཆོས་གསུང་ཐབས་མེད་པར་བརྟེན་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་ནས་གསུངས་པ་དང་། དེ་ཡང་གཙུག་ཏོར་རྣམ་རྒྱལ་དང་། གཙུག་ཏོར་གདུགས་དཀར་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་ནས་བཞུགས། སྐབས་དེར་རྒྱལ་བྱེད་ཚལ་གྱི་ཚལ་གྱི་གཙུག་ལག་ཁང་དུ་སྟོན་པ་སྐུ་དངོས་བཞུགས་མེད་སྟབས། སྟོན་པ་ཉིད་དང་འདྲ་བའི་སྣང་བརྙན་གཅིག་བཞེངས་ནས་བཞུགས་སུ་གསོལ་ན་འགྲིག་མིན་ཁྱིམ་བདག་མགོན་མེད་ཀྱིས་མོངྒལ་བུ་བརྒྱུད་སྟོན་པ་ཉིད་ལ་བཀའ་འདྲི་ཞུས་པར་འགྲིག་ཚུལ་གསུངས་པ་ལྟར། བཞེངས་པ་ནི་སངས་རྒྱས་ཞལ་བཞུགས་སྐབས་སུ་བཞེངས་པའི་སྟོན་པ་ཉིད་ཀྱི་སྐུ་ཚད་དང་མཉམ་པའི་འབུར་སྐུ་ཐོག་མ་དེ་ཉིད་ཡིན་པར་གྲགས། བྲིས་སྐུ་ནི་སིངྒ་ལའི་སྲས་མོ་མེ་ཏོག་འཁྲི་ཤིང་ལ་དད་རྟེན་སུ་བསྐུར་བ་དང་། རྒྱལ་པོ་གཏུམ་པོ་རབ་སྣང་ལ་བསྐུར་བ་གཉིས་ནི་དེ་སྔོན་ནས་བཞེངས་ཟིན་པར་གྲགས། རྒྱལ་པོ་གསལ་རྒྱལ་དང་། དགེ་སློང་དང་ཁྱིམ་བདག་སོགས་ཀྱིས་སྟོན་པ་ཤིན་ཏུ་དྲན་ནས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་པ་མོངྒལ་གྱི་བུ་གདན་ཞུའི་ཕོ་ཉར་མངགས་ཏེ་འཛམ་གླིང་དུ་བྱོན་པའི་གསོལ་བ་ཡང་ཡང་བཏབ་པས། བོད་ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན་དབྱར་གྱི་དགག་དབྱེ་མཛད་ཅིང་། དེ་རྗེས་ས་རྐྱང་དང་ལྗོངས་རྒྱུའི་བྱ་བ་སོགས་གྲུབ་ནས་ཕེབས་པར་ཞལ་གྱིས་བཞེས་ཤིང་། མདོར་ན་དབྱར་གནས་གྲོལ་ནས་བདུན་ཕྲག་གཅིག་གི་རྗེས་སུ་ཕེབས་པར་ཞལ་གྱི་བཞེས་པ་ལྟར། བོད་ཟླ་དགུ་པའི་ཚེས་ ༢༢ ཉིན་ལྷ་བབས་ཀྱི་དུས་ཆེན་ལ་བརྩི་བ་ཡིན། ལྷ་ཡུལ་ནས་ཕེབས་པའི་ཡུལ་དེ་ཉིད་ཀྱང་། འཇམ་དཔལ་རྩ་རྒྱུད་ལས[3]།
ཡུལ་མིང་མེ་ཐབ་ཅེས་བྱ་བར། །ལྷ་ལས་བབས་པ་བཟང་པོ་བྱས། །
སུམ་ཅུ་རྩ་གསུམ་དག་ཏུ་ཡང་། །ཆོས་ཉིད་ལ་ནི་བརྒྱ་བྱིན་སྦྱར། །
ཞེས་གསུངས་པ་ལྟར་གྲོང་ཁྱེར་མེ་ཐབ་ཏུ་བྱོན་པའི་མཛད་པ་བསྟན་པར་གསུངས་པ་ལྟར། དེང་སྐབས་སང་ཀ་ས་ཞེས་འབོད་པའི་མེ་ཏོག་ཨུ་དུམ་ཝ་རའི་སྐྱེད་ཚལ་གྱི་གནས་སུ་ཡིན་པ་ཡོངས་གྲགས་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༡༠༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༧༥
[2] མདོ་རྒྱུད་གཅེས་བཏུས་དགོས་པ་ཀུན་འབྱུང་། ༼༡༽ འཕྲུལ་དཔར། ཤོག་གྲངས་ ༨བ༤
[3] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ༢༠༠༩ ལོ། ཤོག་གྲངས་ ༨༤༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༠ ནས་ ༥༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།