༧༽ དཀའ་བ་སྤྱད་པའི་མཛད་པ།
དེ་ཡང་སངས་རྒྱས་གཉིས་པ་མགོན་པོ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།
བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་[2]འགྲམ་དུ་ལོ་དྲུག་ཏུ། །
དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས། །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །
ཞེས་བརྩོན་པ་ཆེན་པོས་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་མཛད་པར་དགོངས་ཏེ་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་སྤྱད་མཛད་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[3]།
དཀའ་ཐུབ་ཙམ་ཞིག་གྲོལ་ལམ་མཆོག་འཛིན་པ། །བཟློག་ཕྱིར་ནཻརཉྫནའི་ཆུ་འགྲམ་དུ། །
ལོ་དྲུག་དཀའ་བ་སྤྱད་ནས་སླར་བཞེངས་ཏེ། །བྱང་ཆུབ་ཤིང་དུང་གཤེགས་ལ་ཕྱག་འཚལ་ལོ། །
ཞེས་དང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[4]།
ནེ་ར་ཉྫ་ནར་མཁའ་ཁྱབ་ཏིང་འཛིན་ལ། །ལོ་དྲུག་དཀའ་བ་སྤྱད་ཚེ་ཟས་གཙང་སོགས། །
དབུགས་དབྱུང་ལེགས་སྐྱེས་འོ་མས་བསྙེན་བཀུར་མཐུས། །གསེར་མདོག་ལང་ཚོ་དར་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། དེ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུ་སྐབས་དེར་རྒྱ་གར་ལ་དར་རྒྱས་ཆེ་བའི་མུ་སྟེགས་པའི་ཆོས་ལུགས་ལ་ཟས་སྤངས་པ་དང་མེ་ལྔ་བསྟེན་པ་ལ་སོགས་པའི་ལུས་ཀྱི་དཀའ་ཐུབ་སྤྱད་དེ་འཁོར་བ་ལས་གྲོལ་བར་འདོད་པ་སུན་དབྱུང་ཞིང་། དེ་ཙམ་གྱིས་ཐར་པ་ཐོབ་མི་ཐུབ་པར་བསྟན་པ་སོགས་ཀྱི་དགོས་པ་མང་པོ་ཉེ་བར་གཟིགས་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་སྐྱིལ་མོ་ཀྲུང་གཅིག་གིས་ཏིང་ངེ་འཛིན་ལ་རོལ་བ་དང༌། ཟས་དང་སྐོམ་བཅད་པ་ལ་སོགས་པའི་དཀའ་བ་སྤྱད། དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་རིད་ཅིང་མདངས་ནག་པོར་གྱུར་པས་དགེ་སྦྱོང་ནག་པོ་ཞེས་གྲགས། དེ་ནས་ལུས་ངག་གི་དཀའ་ཐུབ་ཙམ་ལ་སྙིང་པོ་མེད་པས་སྤྱོད་པ་དེས་ཀྱང་བྱང་ཆུབ་རྫོགས་པར་མི་ནུས་པའི་ཕྱིར། སླར་ཁ་ཟས་རགས་པ་གསོལ་བས། སྐུ་གསེར་གྱི་མདོག་ཅན་འོད་ཟེར་འཕྲོ་བའི་རང་བཞིན་ཅན་དུ་གྱུར་ཏོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥
[2] རྡོ་རྗེ་གདན་གྱི་ཉེ་འདབས་སུ་རྒྱུགས་པའི་ཆུ་བོའི་མིང་དང་། མི་མངོན་པར་རྒྱུ་བའི་དོན་ཡིན།
[3] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་ ༣༧ན༡
[4] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨ ནས་ ༢༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།