༤༽ སྒྱུ་རྩལ་ལ་མཁས་པའི་མཛད་པ།

༤༽ སྒྱུ་རྩལ་ལ་མཁས་པའི་མཛད་པ།

 

དེ་ཡང་འཕགས་མཆོག་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།

གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨཾ་གྷ་མ་ག་དྷཱར་ནི་སྒྱུ་རྩལ་བསྟན། །

སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ཨཾ་གའི་གྲོང་ཁྱེར་དང་། མ་ག་དྷའི་གྲོང་ཁྱེར་དུ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་དང་བཟོའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་པས་སྐྱེ་བོ་དྲེགས་པ་ཅན་སུས་ཀྱང་འགྲན་ཟླ་མེད་པའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས་[2]ཀྱང་།

བཟོ་དང་སྒྱུ་རྩལ་རིག་གནས་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པས་འགྲན་ཟླ་ཀུན་བཅོམ་ནས། །

རྒྱལ་བའི་རུ་མཚོན་བཙུན་མོའི་ཚོགས་བཞེས་ཏེ། །ཆོས་བཞིན་རྒྱལ་སྲིད་བསྐྱངས་ལ་ཕྱག་འཚལ་ལོ། །

ཞེས་སེམས་ཅན་རྣམས་སྨིན་པར་བྱ་ཕྱིར་བྱིས་པ་ཁྲི་དང་དེ་དག་གི་ཁྲོད་ནས་ཕུལ་བྱུང་གི་བྱིས་པ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཡི་གེ་སློབ་པའི་གྲྭར་བཞུགས་ཏེ། སློབ་དཔོན་ཀུན་གྱི་བཤེས་གཉེན་དང༌། ཡིག་མཁན་སྲིན་བུ་གོ་ཆ། ཞང་པོ་བཟང་པོ་ལེན་སོགས་བསྟེན་ནས་ཡི་གེ་སོགས་རིག་པའི་གནས་དང༌། སྒྱུ་རྩལ་སྣ་ཚོགས་ལ་བསླབས་པ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[3]།

ཡི་གེ་རྐྱལ་དང་གླང་ཆེན་འདུལ་ལ་སོགས། །དྲུག་ཅུ་རྩ་བཞི་ལས་བརྒལ་སྒྱུ་རྩལ་གྱིས། །

གཞོན་ནུའི་དུས་ནས་སྟོབས་ཅན་དྲེགས་ལྡན་ཚོགས། །ཁེངས་པ་འཕྲོག་པར་མཛད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སེམས་དཔའ་ཆེན་པོ་དགུང་ལོ་བདུན་ནས་བཟུང་སྟེ་བཅུ་དྲུག་བར་ལ་བཟོ་གནས་ཀྱི་བསྡུས་པའི་ཡིག་རིགས་དྲུག་ཅུ་རྩ་བཞི་དང༌། སྟོབས་དང་སྒྱུ་རྩལ་ལ་སོགས་པ་ཕྱི་ནང་ཐུན་མོང་གི་བསྟན་བཅོས་སྨྲ་བ་དང༌། ལུས་ངག་གི་སྒོ་ནས་ཤེས་པར་བྱ་བ་ཇི་སྙེད་དང༌། ལུགས་ཀྱི་བསྟན་བཅོས་དང་འཕྲུལ་གྱི་རིག་པ་སོགས་བསླབས་ནས་ཁོང་དུ་ཆུད་ཅིང་ལག་ཏུ་བླངས་པས་ལྷས་བྱིན་ལ་སོགས་པའི་དྲེགས་པ་ཅན་དང༌། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་ལ་སོགས་པའི་སྟོབས་ཅན། གནོད་སྦྱིན་ཤཱཀྱ་འཕེལ་ལ་སོགས་པའི་འཇིག་རྟེན་གྱི་མཐུ་དང་ནུས་པ་ཅན་རྣམས་ཀྱི་ཕྱག་བྱ་བའི་གནས་སུ་གྱུར་ཏེ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་མཛད།

དེ་ལྟར་བདག་ཅག་གི་སྟོན་པ་བུ་རམ་ཤིང་པས་ཀྱང་འཇིག་རྟེན་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར། སྲིན་བུ་གོ་ཆའམ་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱི་དྲུང་དུ་བྱིས་པ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཡི་གེ་སློབ་པའི་གྲྭར་ཞུགས་པའི་ཚུལ་བསྟན་པས་རིང་པོར་མི་ཐོག་པར་ཡི་གེའི་གནས་རྣམས་ལ་མཁས་པར་གྱུར། གཞན་ཡང་མདའ་འཕངས་པ། ཆུ་ལ་རྐྱལ་བ། འདེགས་མཆོང་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། བཟོའི་གནད་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏོ།།

རྗེ་བཙུན་བྱམས་མགོན་གྱིས་བཟོ་ཡི་གནས་ལ་མཁས་པའི་མཛད་པ་ལས། གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ལོགས་སུ་མ་གསུངས་ཤིང་། མགོན་པོ་ཀླུ་སྒྲུབ་ཀྱིས་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ལས་སྒྱུ་རྩལ་ལ་མཁས་པའི་མཛད་པ་ལོགས་སུ་མ་གསུངས་མོད། དུང་དཀར་རིན་པོ་ཆེས་སྒྱུ་རྩལ་ལ་མཁས་པའི་མཛད་པ་དང་། གཞོན་ནུ་རོལ་རྩེད་ཀྱི་མཛད་པ་སོ་སོར་གསུངས་ཀྱང་། བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ་ལོགས་སུ་མ་གསུངས་པ་སོགས་བཞེད་པ་མི་མཐུན་མང་དུ་མཆིས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥

[2]  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་  ༣༧ན༡

[3]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡ ནས་ ༢༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *