ཀ༽ སྟོན་པའི་མཛད་རྣམ་སྙིང་པོ་ཀུན་བསྡུས།
ཀ) སྟོན་པའི་མཛད་པ་བཅུ་གཉིས།
རྩེ་གཅིག༵་སྒྲུབ་པའི་མཚན་དཔེའི་རྒྱན་ལྡན་སྐུ༵། །
དོན་གཉིས༵་ལྷུན་གྲུབ་འགག་མེད་སྙན་པའི་གསུང༵༌། །
དུག་གསུམ༵་སྒྲིབ་པ་ཀུན་བྲལ་ཟབ་ཡངས་ཐུགས༵། །
བདུད་བཞིའི༵་སྐྱོན་བྲལ་བསྟན་པའི་བདག་པོར་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། མཁན་ཆེན་ཞི་བ་འཚོས་ (725-790) མཛད་པའི་བདེ་གཤེགས་བརྒྱད་ལ་བསྟོད་པ་ལས[1]།
ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །
གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ཐུབ་དབང་སྨྲ་བའི་ཉི་མ་འདི་ཉིད་ཀྱི་མཛད་འཕྲིན་བསམ་གྱིས་མི་ཁྱབ་པས་འགྲོ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པའི་ཚུལ་དཔྱིས་ཕྱིན་པ་ནི་བཅོམ་ལྡན་འདས་ཁོ་ན་ལས། འཕགས་པ་གཞན་རྣམས་ཀྱིའང་སྤྱོད་ཡུལ་ལས་འདས་ཀྱང་། འཕགས་བོད་ཀྱི་མཁས་པས་མཛད་ཆེན་བཅུ་གཉིས་སུ་དོན་བསྡུ་བར་གསུངས་པས་ཐེག་པ་ཆེ་ཆུང་གི་གདུལ་བྱ་ཐུན་མོང་ལ་ཡོངས་སུ་གྲགས་པའི་མཛད་པ་བཅུ་གཉིས་ནི། མགོན་པོ་ཀླུ་སྒྲུབ་ (C.150-250) ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ལས[2]།
སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་བ་དང༌། །
ཁབ་ནས་འབྱུང་དང་དཀའ་བ་སྤྱོད། །བྱང་ཆུབ་ཆེ་དང་བདུད་སྡེ་འཇོམས། །
ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །ལྷ་རྣམས་ཀུན་ལ་ཞུགས་པ་དང༌། །
དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པར་མཛད་པ་ཡིན། །
ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་འཇིག་རྟེན་གྱི་ཁམས་འདིར་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་སླད་མཛད་པའི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་ལས་གཙོ་བོ་མཛད་པ་བཅུ་གཉིས་བསྟན་པར་གསུངས་སོ།།
དེ་བཞིན་རྗེ་བཙུན་བྱམས་པ་མགོན་པོས་ (C.250-350) མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས[3]། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་སྐྱེ་བ་མངོན་པ་སྐྱེ་བ་ནས་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པ་གཉིས་མཛད་པ་གཅིག་ཏུ་བསྡུས་ན་མཛད་པ་བཅུ་གཉིས་བསྟན་པར་གསུངས་སོ།།
གཞན་ཡང་འཕགས་ཡུལ་གྱི་སྙན་ངག་མཁན་ཛ་ཡ་སེ་ན་སྟེ་རྒྱལ་བའི་སྡེས་ (དུས་རབས་11པ།) མཛད་པའི་གཞོན་ནུ་དྲུག་གི་རྟོགས་བརྗོད་ལས[4]། གང་ཞིག་སེར་སྐྱར་འཁོར་ལོས་བསྒྱུར་བའི་རིགས་འཁྲུངས་གླིང་བཞིའི་རྒྱལ་སྲིད་རྩྭ་བཞིན་དོར་ནས་དཀའ་ཐུབ་སྤྱད། །ཤིང་མཆོག་དྲུང་དུ་གཅིག་པུས་བདུད་དཔུང་ཀུན་བཅོམ་རྙེད་དཀའི་བྱང་ཆུབ་བླ་མེད་དམ་པའི་བདུད་རྩི་བརྙེས། །འགྲོ་འདི་ཐེག་གསུམ་ལམ་ལ་རབ་དྲངས་ཉིད་མཚུངས་འགོད་ཕྱིར་ལྟ་ངན་ཀུན་གསལ་འཁོར་ལོ་རྒྱ་ཆེན་བསྐོར། མཛད་པ་མཐའ་དག་རྫོགས་སླད་སཱ་ལའི་ཚལ་དུ་ཞི་བར་རབ་ཞུགས་རྒྱལ་བའི་དབང་པོས་ཁྱེད་ལ་སྲུངས། །ཞེས་འཇིག་རྟེན་གྱི་ཁམས་འདིར་མཛད་པ་བཅུ་གཉིས་སྟོན་པར་གསུངས་སོ།།
གནས་ཡུལ་གང་དག་ཏུ་མཛད་པ་བཅུ་གཉིས་བསྟན་པ་ནི། སློབ་དཔོན་དཔའ་བོས་མཛད་པའི་ཐུབ་བསྟོད་ཆུང་བ་ལས། དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །ལུམ་བི་ནཱི་ལའི་ཚལ་དུ་ཐུབ་པ་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གཞལ་ཡས་ཁང་དུ་མ་མ་བརྒྱད་ཀྱིས་མཆོད། །ཤཱཀྱའི་གྲོང་དུ་གཞོན་ནུ་རོལ་རྩེད་མཛད། །སེར་སྐྱའི་གྲོང་དུ་ས་འཚོ་ཁབ་ཏུ་བཞེས། །སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་སྒོ་བཞིར་བསྐྱོད་པའི་ཚུལ་བསྟན་ནས། །མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །ནཻ་ར་ཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་མོ་བསྟན། །རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །ཐུགས་ཉིད་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་ལ་ངོས་འཛིན་དང་བཞེད་པ་གཅིག་གྱུར་ཞིག་ཡོད་བཟོ་མི་སྣང་ངོ་།།
ཡོངས་གྲགས་ཀྱི་མཛད་པ་བཅུ་གཉིས་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་སྲོལ་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་གཅིག་རིང་གི་མཛད་པའི་གཙོ་བོ་རྣམས་བསྡུས་ན་བཅུ་གཉིས་སུ་འདུས་པ་སྟེ། དང་པོ། དགའ་ལྡན་ནས་འཛམ་གླིང་དུ་གཤེགས་པའི་མཛད་པ། དགའ་ལྡན་ནས་འཕོ་བའི་མཛད་པ། གཉིས་པ། ཡུམ་གྱི་རྨི་ལམ་དང་མཐུན་པར་གླང་པོ་ཆེའི་གཟུགས་ཀྱིས་མངལ་རུམ་དུ་ཞུགས་པ་སྟེ། ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ། གསུམ་པ། ཡུམ་གྱི་ཕྱག་གཡས་པའི་མཆན་ཁུང་འོག་ནས་འཁྲུངས་པ་སྟེ། སྐུ་བལྟམས་པའི་མཛད་པ། བཞི་པ། སྒྱུ་རྩལ་ལ་མཁས་པའི་མཛད་པ་སྟེ། ཡི་གེ་དང་རྩིས་སོགས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་བྱང་ཆུབ་པའི་མཛད་པ། ལྔ་པ། བཙུན་མོ་གྲགས་འཛིན་མ་སོགས་བཙུན་མོའི་འཁོར་དྲུག་ཁྲི་ཙམ་བཞེས་པ་སྟེ། གཞོན་ནུ་རོལ་རྩེད་ཀྱི་མཛད་པ། དྲུག་པ། རྒྱལ་པོའི་ཁྲི་ལ་ཕེབས་ཁར་བྲོས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བཅད་ནས་རབ་ཏུ་བྱུང་བ་སྟེ། རབ་ཏུ་བྱུང་བའི་མཛད་པ། བདུན་པ། ཆུ་བོ་ནེ་རན་ཛྙ་ནའི་དྲུང་དུ་ལོ་དྲུག་གི་བར་ཟས་ཁམ་གང་དང་། བཏུང་བ་ཧུབ་གཅིག་ཀྱང་མ་གསོལ་བར་ཏིང་ངེ་འཛིན་བསྒོམས་ནས་བཞུགས་པ་སྟེ། དཀའ་བ་སྤྱད་པའི་མཛད་པ་ཟེར། བརྒྱད་པ། དཀའ་བ་སྤྱད་པ་རྐྱང་པས་སངས་རྒྱས་མི་ནུས་པར་མཁྱེན་ནས་བ་སྟོང་གི་འོ་མ་བཞེས་ཤིང་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་དུ་གཤེགས་ཏེ། རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ལམ་བསྒོམ་པའི་མཛད་པ། དགུ་པ། རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་སྒྲིབ་པ་གཉིས་སྤངས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་སྟེ། སངས་རྒྱས་པའི་མཛད་པ། བཅུ་པ། འཁོར་གྱི་ཐོག་མ་སྡེ་ལྔ་ནས་བཟུང་ལྷ་མི་བྱེ་བ་མང་པོར་ལོ་ཞེ་དྲུག་གི་བར་ཆོས་གསུངས་པ་སྟེ། ཆོས་འཁོར་བསྐོར་བའི་མཛད་པ། བཅུ་གཅིག་པ། མུ་སྟེགས་སྟོན་པ་དྲུག་གིས་ཕྲག་དོག་བྱས་ཏེ་ཆོ་འཕྲུལ་གྱི་འགྲན་བསྡུར་བྱེད་དགོས་པར་བསྐུལ་བ་བཞིན་སྟོན་པ་དྲུག་ཆོ་འཕྲུལ་གྱིས་ཕམ་པར་མཛད་པ་སྟེ། ཆོ་འཕྲུལ་སྟོན་པའི་མཛད་པ། བཅུ་གཉིས་པ། དགུང་ལོ་བརྒྱད་ཅུ་བཞེས་པ་ན། བལ་པོའི་ཡུལ་དང་རྒྱ་གར་གྱི་མཚམས་རྩྭ་མཆོག་གྲོང་དུ་སྐུ་གཤེགས་ཁར། ཉན་ཐོས་ཆེན་པོ་བཅུ་དྲུག་ལ་སྟོན་པ་རང་གི་རྒྱལ་ཚབ་ཏུ་བསྐོས་ནས་སྐུ་གཤེགས་པ་སྟེ། མྱ་ངན་ལས་འདས་པའི་མཛད་པ་བཅས་ཡིན་ཞེས་བཤད་སྲོལ་ཡོད། ཅེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་སུ་བསྡུས་ནས་གསུངས་ལ། མཛད་པ་བཅུ་གཉིས་ཀྱི་ཁོངས་སུ་དོན་གྱིས་མཛད་ཆེན་བརྒྱད་ཀྱང་བསྡུ་བ་སྟེ།
ལྷུམས་ཞུགས་བལྟམས་དང་རབ་བྱུང་མངོན་བྱང་ཆུབ། །ཆོས་འཁོར་ལྷ་བབ་ཆོ་འཕྲུལ་མྱང་འདས་བརྒྱད། །
ཅེས་གསུངས་པ་ལྟར། མཛད་ཆེན་བརྒྱད་ཀྱི་དྲན་རྟེན་དུ་བདེ་གཤེགས་བརྒྱད་ཀྱང་གནས་སོ་སོར་བཞེངས་པ་སྟེ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[6]། སེར་སྐྱའི་གྲོང་དུ་སྐུ་བལྟམས་མཆོད་རྟེན་དང་། །མ་ག་དྷ་རུ་བྱང་ཆུབ་ཆེན་པོ་ཉིད། །ཝཱ་རཱ་ཎ་སཱིར་ཆོས་འཁོར་མཆོད་རྟེན་ཏེ། །མཉན་དུ་ཡོད་པར་ཆོ་འཕྲུལ་མཆོད་རྟེན་དང་། །ཀ་ཤིའི་གྲོང་དུ་ལྷ་ལས་བབས་པ་ཉིད། །རྒྱལ་པོའི་ཁབ་ཏུ་དགེ་འདུན་དབྱེན་བསྡུམས་དང་། །ཛེ་ཏའི་ཚལ་དུ་སྐུ་ཚེ་བརྟན་པ་ཉིད། །རྩྭ་ཅན་གྲོང་དུ་མྱང་འདས་མཆོད་རྟེན་ཏེ། །མཛད་པ་སོ་སོའི་སྐབས་སུ་རིམ་པར་བྱུང་། །འདི་དག་མདོ་ལས་ཞར་བྱུང་ཙམ་དུ་གསལ། །ཞེས་གསུངས་པ་ལྟར་སྟོན་པའི་མཛད་ཆེན་བརྒྱད་པོ་དེ་དག་ཀྱང་མཛད་ཆེན་བཞིར་བསྡུས་ན།
བྱང་ཆུབ་ཆོས་འཁོར་བསྐོར་དང་ཆོ་འཕྲུལ་བསྟན། །ལྷ་ལས་བབས་དང་བཞི་མཛད་རྒྱལ་བར་འདུད། །[7]
ཅེས་མངོན་པར་བྱང་ཆུབ་པ་དང་། ཆོས་འཁོར་བསྐོར་བ། ཆོ་འཕྲུལ་བསྟན་པ། ལྷ་ལས་བབས་པ་བཅས་ཁྱད་པར་ཅན་གྱི་དུས་ཆེན་བཞིར་བསྡུ་བར་གསུངས་ལ། གཞན་ཡང་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་ (C.600-660) མཛད་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ་ལས་[8]ཀྱང་།
གང་ཞིག་སེར་སྐྱའི་གཞིར་ནི་ཤཱཀྱའི་རིགས་སུ་འཁྲུངས། །གང་གིས་མཉམ་དགར་བྱང་ཆུབ་དམ་པ་ཐུགས་སུ་ཆུད། །
གང་གིས་ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །སཱ་ལའི་ཚལ་དུ་མྱ་ངན་འདས་གྱུར་དེ་བསྟོད་པ། །
ཞེས་གསུངས་པ་ལྟར་སྐུ་འཁྲུངས་པ་དང་། བྱང་ཆུབ་མངོན་དུ་མཛད་པ། ཆོས་ཀྱི་འཁོར་ལོ་བསྐོར་བ། མྱ་ངན་ལས་འདས་པ་བཞིར་བསྡུས་ནས་བསྟོད་ཕྱག་མཛད་པ་ལྟར་དུས་ཆེན་རྣམ་བཞིར་བསྡུས་པར་གསུངས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་། ༡ པོ། ༢༠༠༨ ལོ། ཤོག་གྲངས་ ༧༠༡
[2] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ༢༠༠༨ ལོ། ཤོག་གྲངས་ ༡༡༧
[3] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ཤོག་གྲངས་ ༩༥༨
[4] གཞོན་ནུ་དྲུག་གི་རྟོགས་བརྗོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༡
[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༧༣༩
[6] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༧༦
[7] བོད་ཀྱི་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༩༤
[8] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ༢༠༠༨ ལོ། ཤོག་གྲངས་ ༦༠༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།