༡༽ དཔལ་ནཱ་ལེནྡྲ་དུས་ནམ་ཞིག་འཇིག་མིན།

༡༽ དཔལ་ནཱ་ལེནྡྲ་དུས་ནམ་ཞིག་འཇིག་མིན།

 

དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུས་ནམ་ཞིག་འཇིག་མིན་ནི། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[1]། བོད་ཡོངས་གྲགས་ཀྱི་གཏམ་ལ་དེང་སང་ནཱ་ལེནྡྲའི་གཙུག་ལག་ཁང་ཕར་ཞོག་རྒྱ་གར་ན་སངས་རྒྱས་ཀྱི་བསྟན་པའི་མིང་ཙམ་ཡང་མེད་ཟེར་མོད། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས།

དུ་རུཥྐ་མཧཱ་མ་སྟིའི་དམག་བྱུང་དུས་སུ་བྲི་ཀྲ་མ་ལ་ཤི་ལའི་གཙུག་ལག་ཁང་དང་། ཨོ་ཏནྟ་པུ་རི་གཉིས་བཤིག་པར་བཤད་པ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བཤིག་མ་བཤིག་གསལ་ཁ་མ་ངེས་པར། ཕྱིས་རྒྱལ་པོ་ཙམ་ག་ལ་རཱ་ཛའི་དུས་སུ་ནཱ་ལེནྡྲའི་གཙུག་ལག་ཁང་རྣམས་ལ་མཆོད་པ་ཆེན་པོ་བྱས་པར་བཤད་འདུག་པས། དུ་རུཥྐ་མཧཱ་མ་སྟིའི་དམག་གི་དུས་སུ་མ་བཤིག་པར་མངོན་ཞིང་། ཕྱིས་སུ་ཨཙརྱ་ལཱ་གི་རི་ཟེར་བས་ཀྱང་དངོས་སུ་མཇལ་འདུག་པས་ད་དུང་ཡོད་པར་ངེས་ཀྱང་། དུས་ཀྱི་དབང་གིས་གྲྭ་ཚོགས་དང་སློབ་གཉེར་སོགས་སྔོན་དང་འདྲ་བ་ཡོད་ཚོད་མི་སྣང་། ཞེས་བྱུང་ངོ་།།

འོན་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། གར་ལོག་གི་དམག་གིས་ཡུལ་དབུས་བརླག་ཅེས་པ་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དགུང་ལོ་དོན་ལྔར་ཕེབས་པ་རབ་བྱུང་གསུམ་པའི་ལྕགས་བྱ་ཕྱི་ལོ་ ༡༢༠༡ ལོར་ཏུར་ཀིའི་རྒྱལ་པོ་ཤ་ཧ་བུ་དན་གྱི་དམག་དཔུང་རྒྱ་གར་དུ་སླེབས་ཏེ་རྒྱ་གར་མ་གྷ་དྷའི་མངའ་ཁོངས་ཡོངས་རྫོགས་དབང་བསྒྱུར་བྱས་ཤིང་། ནང་པའི་གདན་ས་ཆེན་པོ་བི་ཀྲ་མ་ཤཱི་ལ་དང་། ཨོ་ཏནྟ་པུ་རི་སོགས་བཅོམ་པའི་ལོ་རྒྱུས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་དུམ་བུ་བཅུ་གསུམ་པའི་ནང་གསལ་བ་དེར་གཟིགས། ཞེས་ཏུ་རུཥྐའི་དམག་དཔུང་ཕྱི་ལོ་ ༡༢༠༡ ལོར་རྒྱ་གར་དབུས་འགྱུར་འཆང་དུ་སླེབས་ནས་ནང་བསྟན་གྱི་ལྟེ་གནས་ཁག་གཏོར་བཅོམ་བྱས་པར་གསུངས་ལ། བན་ཆེན་པོ་རྒི་རྗོའི་ (671-695) རྒྱ་གར་ལམ་ཡིག་ (T2125.Vol.54, p.227a) ཏུ་སྐབས་དེར་ནཱ་ལནྡཱ་ལ་གྲྭ་པ་སུམ་སྟོང་དང་། གྲྭ་ཚང་བརྒྱད། ཁང་ཚན་སུམ་བརྒྱ་ཡོད་པར་གསལ། དེ་རྗེས་དུས་རབས་བཅུ་གསུམ་པར་ཁ་ཆེའི་དམག་གིས་རྩ་གཏོར་བཏང་། ད་ལྟ་དགོན་ཤུལ་ཙམ་མཇལ་རྒྱུ་འདུག་པ་དེ་ནས་ཐོན་པའི་སྦས་པའི་དུས་སྐབས་ཀྱི་རྡོ་བརྐོས་མང་པོ་མཇལ་རྒྱུ་མི་འདུག་ཀྱང་སྤུས་དག་འགའ་ཤས་དང་། མང་བ་སྐྱོང་བའི་རྒྱལ་རབས་ཀྱི་དུས་ཀྱི་གནའ་རྫས་ཡིན། དེ་བཞིན་གསང་སྔགས་སྐུ་འདྲའང་མང་པོ་མཇལ་རྒྱུ་ཡོད། ཅེས་གསལ་བ་ལྟར་དུས་རབས་བཅུ་གསུམ་པའི་འགོ་སྟོད་ཙམ་ལ་འཇིག་འགོ་ཚུགས་པ་སྟེ། དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[3]། རྒྱ་གར་དུ་གར་ལོག་གི་དམག་གིས་གནོད་པ་བྱས་ནས་པཎྜི་ཏ་ཤཱཀྱ་ཤྲཱི་བོད་དུ་བྱོན་པའི་དུས་སུ་གསུངས་པ་ལ།

སངས་རྒྱས་བསྟན་པ་ནུབ་པར་མི་འགྱུར་ཞིང༌། །རྟག་ཅིང་བདེ་བ་མི་འགྱུར་གནས་ཡིན་ཞེས། །

བླ་མ་སངས་རྒྱས་རྣམས་ཀྱིས་གསུངས་ན་ཡང༌། །དེང་སང་དུས་སུ་འཇིགས་པ་ཆེན་པོ་བྱུང༌། །

གདུག་པའི་སྐྱེ་བོ་སྟོབས་འཕེལ་བཟློག་ཏུ་མེད། །བསླབ་གསུམ་མེ་ཏོག་ཕྲེང་བ་རྙིད་པར་གྱུར། །

ཤེས་རབ་རྣམ་གསུམ་བསྐྱེད་པའི་སྐྱེ་བོ་དཀོན། །བདག་འདྲ་རྨོངས་པ་འཇིག་རྟེན་ཆོས་ཀྱིས་ཁྱེར། །

ཞེས་གསུངས་པ་ལྟར། ཕྱི་ལོ་ ༡༡༩༣ ལོར་གྲུ་གུའི་དམག་གིས་དཔལ་ན་ལེནྡྲའི་གཙུག་ལག་ཁང་ཆེན་མོར་དཔུང་འཇུག་བྱས་ཏེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་རིམ་གྱིས་ཉམས་རྒུད་དུ་ཕྱིན་པ་དང་། དཔལ་ནཱ་ལེནྡྲ་ནི་རྗེས་ཤུལ་ཙམ་དུ་གྱུར། ཕྱི་ལོ་ ༡༢༠༤ ལོར་རྒྱ་གར་ཡུལ་གྱི་འཇིགས་པ་ལས་གཡོལ་ཆེད་དུ་ཁྲོ་ཕུ་ལོ་ཙཱ་བས་དཔལ་ནཱ་ལེནྡྲའི་མཁན་པོ་ཆེས་མཐའ་མ་ཆོས་རྗེ་ཤཱཀྱ་ཤྲཱི་ (Shakyashribhadra) བོད་དུ་གདན་དྲངས། ཕྱི་ལོ་ ༡༢༣༤ ལོར་ཆག་ལོ་ཙཱ་བ་ན་ལེནྡྲར་འབྱོར་སྐབས་དེར་དགུང་ལོ་ ༩༠ ཟིན་པའི་སློབ་དཔོན་ར་ཧུ་ལ་ཤྲཱི་བྷ་དྲས་ (Rahula Shribhadra) སློབ་མ་ ༧༠ ལྷག་ལ་དཔེ་ཁྲིད་གནང་བཞིན་པ་མཇལ་བ་དེ་ནི། དཔལ་ནཱ་ལེནྡྲར་འཇིགས་པ་བྱུང་རྗེས་ཀྱི་ཆེས་མཐའ་མའི་སློབ་དཔོན་དེ་ཆགས་ཡོད།

ཡིན་ནའང་ཕྱོགས་གཞན་ཞིག་ནས་བལྟས་ཚེ། དེའི་རྗེས་སུའང་རྒྱ་གར་འཕགས་ཡུལ་གྱི་པཎྜི་ཏ་བོད་དུ་ཕེབས་མཁན་བྱུང་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། མེ་རྟ་ཕྱི་ལོ་ ༡༤༢༦ ལོར་རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་བོད་དུ་ཕེབས། ཞེས་དང་། མེ་འབྲུག་ཕྱི་ལོ་ ༡༤༣༦ ལོར་རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་སྣེ་གདོང་དུ་ཕེབས། མེ་སྦྲུལ་ཕྱི་ལོ་ ༡༤༣༧ ལོར་རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་བོད་ནས་བལ་ཡུལ་དུ་ཕྱིར་ཕེབས་མཛད།[5]  ཡང་དེ་ཉིད་ལས[6]། ས་འབྲུག་ཕྱི་ལོ་ ༡༤༤༨ ལོར་རྒྱ་གར་པཎ་ཆེན་ནགས་ཀྱི་རིན་ཆེན་[7]སླར་ཡང་བོད་དུ་ཕེབས། ཞེས་གསལ་བ་ལྟར་རོ།།

མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[8]། ཨིལ་ཏུ་མི་ཤི་འདི་རྒྱལ་པོ་བཟང་པོ་ཞིག་ཡིན་པར་གྲགས་ཤིང་། ཕྱོགས་ནས་འོངས་པའི་མཁས་པ་རྣམས་ལ་ནོར་འབུལ་དང་བཀུར་བསྟི་ཚད་མེད་པ་བྱས། ཀུཏབམིན་ནར་གྱི་ཁང་བརྩེགས་ལྷག་མ་རྣམས་ཀྱང་འདི་སྐབས་གྲུབ་པ་གནམ་གྱི་ཀ་བ་ལྟར་དེང་སང་གི་བར་དུ་གནས། ལོ་ཉེར་དྲུག་རྒྱལ་སྲིད་བསྐྱངས་ནས་ཤི །ཆག་ལོ་ཆོས་རྗེ་དཔལ་དེ་བལ་ཡུལ་དུ་ལོ་བརྒྱད་བཞུགས་ནས་དགུང་ལོ་སུམ་ཅུ་ཙ་ན་རྒྱ་གར་དུ་བྱོན་པ་དང་། འདི་ཤི་བའི་ལོ་གཉིས་དུས་མཚུངས་སམ་སྙམ། ཆག་གིས་ན་ལེནྡྲ་གཟིགས་པའི་རྗེས་སུ་ལོ་ཉི་ཤུ་ཙམ་གྱི་ཁོངས་སུ་ན་ལེནྡྲ་འཇིག་པར་མངོན། ཞེས་གསུངས་པ་ལྟར་སྔོན་བྱོན་མཁས་གྲུབ་ལོ་པཎ་དང་། སྦྱིན་བདག་ཆོས་རྒྱལ་དག་གིས་དཀའ་བའི་ལས་དང་། དཀོན་པའི་རྒྱུ་གྲོན་མང་དུ་བཏང་སྟེ་ལེགས་པར་བསྒྲུབས་པའི་ནང་བསྟན་གྱི་ལྟེ་གནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་མིང་གི་ལྷག་མར་གྱུར་ཚུལ་ནི། བློ་གྲོས་རྒྱ་མཚོས་བརྩམས་པའི་རྒྱ་གར་གྱི་གནའ་བོའི་ནང་པའི་སློབ་གྲྭ་ཆེན་པོ་དཔལ་ན་ལེན་དྲའི་གཙུག་ལག་ཁང་ལས་[9]ཀྱང་། དུས་རབས་བཅུ་གསུམ་པའི་འགོ་ཙམ་ལ་ཁ་ཆེའི་ཆོས་ལུགས་ཀྱི་རྒྱལ་པོ་མ་ཧ་མ་ཡི་ཇར་ཇུ་ཟེར་བ་ཞིག་གིས་རྒྱ་གར་དུ་དམག་དྲངས་ནས་ཡུལ་ཁམས་མང་པོ་དབང་དུ་བསྡུས། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ཡང་སྐབས་དེར་དམག་གིས་མེར་བསྲེགས་པས་ནང་པའི་ཆོས་ལུགས་པ་རྣམས་བལ་ཡུལ་སོགས་སུ་བྲོས། དེ་ནས་བཟུང་སྟེ་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་ཟེར་བ་དེ་མིང་གི་ལྷག་མ་ཙམ་དུ་གྱུར། ཞེས་གསལ་བ་ལྟར་རོ།།

དེ་ལྟར་དཔལ་ནཱ་ལེནྡྲའི་ཁྲི་རབས་མཐའ་མ་ཤཱཀྱ་ཤྲཱི་བྷ་དྲ་མཆོག་ཕྱི་ལོ་ ༡༢༠༤ ལོར་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བོད་ལ་གདན་འདྲེན་ཞུས་ཤིང་། སྐབས་དེར་ཁོང་ཉིད་དགུང་ལོ་ ༧༧ ཡིན། དེ་ནས་བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་སྤེལ་ཏེ་བོད་ལ་འདུལ་བའི་སྡོམ་རྒྱུན་གཉིས་བྱུང་། ཕྱི་ལོ་ ༡༢༣༥ ལོར་བོད་ཀྱི་ཆག་ལོ་ཙཱ་བ་ནཱ་ལེནྡྲར་ཕེབས་སྐབས་ནཱ་ལེནྡྲ་ཧ་ཅང་ཉམས་ཆག་ཆེ་ཞིང་། སྐབས་དེར་དགུང་ལོ་ ༩༠ ལ་ཕེབས་པའི་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་ (Rahula Shribhadra) དང་། ཁོང་གི་སློབ་མ་ ༧༠ ཙམ་ལས་མེད། ཆག་ལོ་ཙཱ་བ་ནཱ་ལེནྡྲར་སྐབས་དེར་ཏུར་ཀེའི་བཙན་འཛུལ་གྱིས་ལྷག་ལུས་རབ་ཏུ་བྱུང་བ་རྣམས་ཀྱང་བྲོས་བྱོལ་དུ་སོང་། ཡ་ང་ཞིང་འཇིགས་སྐྲག་ཆེ་བའི་གནས་ཚུལ་དེ་ལྟ་བུའི་འོག་ནས་ནཱ་ལེནྡྲའི་རྒྱལ་པོ་མཐའ་མ་ཆ་གྷ་ལ་རཱ་རྗ་ (Chagalaraja) ཡི་རོགས་མགོན་འོག་ཕྱི་ལོ་ ༡༤༠༠ བར་དཔལ་ནཱ་ལེནྡྲ་མ་སྟོང་ཙམ་དུ་གནས། ཏུར་ཀེ་བཙན་རྒོལ་བས་གཏོར་སྐྱོན་བཏང་བའི་ནཱ་ལེནྡྲ་ནི་དགོན་པ་དང་གཙུག་ལག་ཁང་ཙམ་དུ་མ་ཟད། གནའ་བོའི་རྒྱ་གར་གྱི་ཚན་རིག་དང་། རྩིས་རིག །སྐར་དཔྱད་རིག་པ། རྫས་སྦྱོར་ (གསེར་འགྱུར་རྩི་སྦྱོར།) རིག་པ། སྨན་དཔྱད་རིག་པ་སོགས་ཀྱི་བསྟི་གནས་ཆེན་པོ་ཞིག་ཀྱང་ཡིན་[10]ནོ། །ཞེས་ཀྱང་གསལ་ལོ།།

གཞན་ཡང་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་ལས་[11]ཀྱང་། དེ་ལས་ཤཱཀྱ་ཤྲཱི་བྷ་དྲ་ནི། བི་ཀྲ་མ་ལ་ཤཱི་ལ་དང༌། ནཱ་ལེནྡྲའི་མཁན་པོ་མཛད་ནས་ཕྱོགས་བཞིའི་མུ་སྟེགས་ཀྱི་རྒོལ་བ་མང་པོ་རྩོད་པས་ཕམ་པར་མཛད་ནས་བསྟན་པ་ལ་བཅུག །དགེ་འདུན་སྟོང་ཕྲག་མང་པོ་ལ་ཆོས་གསུངས། ཨོ་ཏནྟ་པུ་རིའི་དགེ་འདུན་ཁྲི་ཉིས་སྟོང་གིས་ཀྱང་བླ་མར་བཀུར། བསྟན་བཅོས་མང་དུ་བརྩམས་པ་སོགས་བསྟན་པ་ལ་ཕྱག་རྗེས་ཤིན་ཏུ་ཆེ། བལ་པོ་བུདྡྷཱ་ཤྲཱིས་ཀྱང་བལ་ཡུལ་དུ་ཕར་ཕྱིན་སོགས་རྒྱས་པར་བྱས། རཏྣ་རཀྵི་ཏས་བི་ཀྲ་མ་ལ་ཤཱི་ལར་སྔགས་ཀྱི་སློབ་དཔོན་མཛད་པ་སོགས་ཐམས་ཅད་ཀྱིས་བསྟན་པ་ལ་མཆོག་ཏུ་ཕན་པར་མཛད་ཅིང་། མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པའང་འདི་སྐབས་ཡིན་པར་སྔ་མ་རྣམས་བཤད་དོ།།

དུས་འདི་ཙམ་ན་བསྟན་པ་ལ་དགྲ་མང་དུ་བྱུང་སྟེ་ཤིན་ཏུ་ཉམ་ཆུང་ཞིང་། མུ་སྟེགས་བྱེད་མང་པོ་ཁ་དར་བའི་དབང་གིས་རྡོ་རྗེ་གདན་དུའང་ཐེག་ཆེན་གྱི་ཆོས་གཞི་ནུབ་ཅིང་། དབྱར་གནས་ལ་ཉན་ཐོས་སེདྡྷ་པ་ཁྲི་ཙམ་མ་གཏོགས་མི་འདུ། ཆོས་གཞི་གཞན་རྣམས་ཀྱང་མེད་པ་ལྟར་སོང༌། ནཱ་ལེནྡྲ་དང་བི་ཀྲ་མ་ལ་ཤཱི་ལར་ཨ་བྷ་ཡའི་དུས་དང་མཚུངས་ཀྱང༌། སྤྱིར་མུ་སྟེགས་ཇེ་འཕེལ་ལ་སོང་ཞིང༌། མུ་སུ་རྨཱ་ནའི་གྲུབ་མཐའ་ (ཀླ་ཀློའི་གྲུབ་མཐའ་) འཛིན་པ་མང་དུ་བྱུང་བས། བི་ཀྲ་མ་ལ་ཤཱི་ལ་དང་། ཨོ་ཏནྟ་པུ་རིར་ཡང་རྒྱལ་པོས་རྫོང་བརྩིགས་ཏེ་དམག་མི་འགའ་ཞིག་བཞག་ནས་བསྲུང་དགོས་པའི་ཚད་དུ་ཡོད་དོ།།

རྒྱལ་པོ་ལ་ཝངྒ་སེ་ནའི་དུས་ཨནྡ་རི་དིའི་ཡུལ་དུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་པ་བྱུང་སྟེ། དགེ་སློང་གི་ཕོ་ཉའི་འགྲུལ་གྱིས་རྐྱེན་བྱས་ནས་རྒྱལ་པོ་དེ་དང་གར་ལོག་གི་རྒྱལ་ཕྲན་གཞན་མང་པོ་འགྲིལ་ནས་མ་ག་དྷཱའི་ཡུལ་ཐམས་ཅད་བཅོམ། ཨོ་ཏནྟ་པུ་རི་དང་བི་ཀྲ་མ་ལ་ཅིག་ཅར་བཤིག །ཁྱད་པར་ཨོ་ཏནྟ་པུ་རིའི་རབ་བྱུང་མང་པོ་བསད་ཅིང་། བི་ཧ་རིའི་ཤུལ་དུ་ཏ་ཟིག་གི་རྫོང་བཅས། པཎྜི་ཏ་ཤཱཀྱ་ཤྲཱི་ཤར་ཕྱོགས་ཨོ་ཌི་ཤའི་ཡུལ་ཛ་གཏྡ་ལར་བྱོན། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན། རཏྣ་རཀྵི་ཏ་བལ་ཡུལ་དུ་བྱོན། ཛྙཱ་ནཱ་ཀ་ར་གུཔྟ་སོགས་པཎ་ཆེན་དང༌། པཎ་ཆུང་བརྒྱ་ཙམ་ལྷོ་ནུབ་ཕྱོགས་སུ་བྱོན། བུདྡྷ་ཤྲཱི་མི་ཏྲ་དང༌། བཛྲ་ཤྲཱི་སོགས་ལྷོ་ཕྱོགས་ཐག་རིང་པོར་བྱོན། སངྒ་མ་ཤྲཱི་ཛྙཱ་ན་དང་། ར་བི་ཤྲཱི་བྷ་དྲ་དང༌། ཙནྡྲ་ཀ་ར་གུཔྟ་སོགས་མ་ཧཱནྟ་བཅུ་དྲུག་ཙམ་དང་། པཎ་ཆུང་གཉིས་བརྒྱ་ཙམ་ར་ཤང་དང༌། མུ་ཉང་། ཀཾ་པོ་ཛ་སོགས་ཤར་ཕྱོགས་ཐག་རིང་པོ་རྣམས་སུ་བྲོས་ནས་དབུས་འགྱུར་འཆང་དུ་བསྟན་པའི་དངོས་གཞི་ནུབ་བོ།།

འོན་ཀྱང་གོར་ཀྵའི་རྗེས་འབྲང་ན་ཤཱ་ཊེ་རའི་སྡེ་ཉུང་ངུ་ཞིག་ནང་པ་ཉིད་དུ་ལུས་པ་དང༌། ནང་པའི་ལྷ་རྟེན་སོགས་ལུས་པ་རྣམས་ལ་ལ་ཝཾ་ག་སེ་ནའི་རྒྱུད་དུ་ཏུ་རུཥྐ་ལ་ལུང་ལེན་དགོས་པའི་རྒྱལ་ཕྲན་འགའ་ཞིག་བྱུང་བས་ཀྱང་རང་སྟོབས་ལ་དཔག་པས་མཆོད་ཅིང་། ཁྱད་པར་རྒྱལ་པོ་བུདྡྷཱ་སེ་ནའི་དུས། མ་ཧཱ་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་ནཱ་ལེནྡྲར་བཞུགས་ཤིང་ཆོས་ཉན་པའང་བདུན་ཅུ་ཙམ་ཡོད་པར་གྲགས། གཞན་ཡང་དེའི་རྗེས་སུ་ཅི་རིགས་པར་བྷུ་མི་ཤྲཱི་བྷ་དྲ་དང༌། ཀ་རུ་ཎཱ་ཤྲཱི་བྷ་དྲ་སོགས་ཀྱིས་ཀྱང་བརྩོན་པ་ཆེན་པོས་བསྟན་པ་བསྐྱངས་པར་ལུང་སྔ་མ་རྣམས་སུ་གསུངས་སོ།།

དེའི་རྗེས་ཕྱི་མོ་ཞིག་ཏུ་བྷ་ག་ལའི་རྒྱལ་པོ་ཙ་ག་ལ་རཱ་ཛ་ཞེས་པ་སྟོབས་ཆེན་པོས་ཏུ་རུཥྐ་རྣམས་ལ་དབང་བསྒྱུར་བ་དེས་རྡོ་རྗེ་གདན་དུ་ཆོས་གཞི་བཙུགས་ནས་དེར་པཎྜི་ཏ་ཤཱ་རི་པུ་ཏྲས་ཆོས་བཤད་དོ། །ཡང་དེའི་རྗེས་ཤིག་ན་རྒྱལ་པོ་མུ་ཀུནྡ་དེ་བ་ཞེས་པས་མ་ག་དྷཱར་ཆོས་གཞི་བཙུགས། ཨོ་ཌི་བི་ཤར་ཡང་ལྷ་ཁང་དང་ཆོས་གཞི་འགའ་རེ་བྱས་པའི་གཏམ་སྣང་ཞིང་། འདི་སྐབས་རྡོ་རྗེ་གདན་གྱི་མཁན་པོ་སྒྲ་གཅན་འཛིན་དཔལ་བཟང་པོ་དང་། པཎྜི་ཏ་དཔལ་ལྡན་ཡིད་ཀྱི་ཤིང་རྟ་གཉིས་ཀྱང་བྱུང་བར་སྣང་ངོ༌།།

དེང་སང་ནི་རྡོ་རྗེ་གདན་དུ་སནྱཱ་ཤཱི་ཞེས་པ་དཏྟ་ཏྲེའི་སློབ་མ་དག་གིས་བཟུང་ནས་ཡུལ་དབུས་སུ་ནང་པ་ནི་འགའ་ཡང་མེད་དོ། །རྒྱ་གར་གྱི་ཤར་དང༌། བྱང་ཤར་ར་ཁ་དང༌། མུ་ཉཾ། ཙགྨ་དང༌། ཀཾ་པོ་ཛ་སོགས་ཀོ་ཀོའི་ཡུལ་དུ་གྲགས་པའི་མཐའ་འདི་དག་ཏུ་སྔོན་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་བསྟན་པ་དར་བ་དབྱིག་གཉེན་མ་བྱོན་ཕན་ཆད་ཉན་ཐོས་པ་ཁོ་ན་ཡིན་ལ། དེ་ནས་དབྱིག་གཉེན་གྱི་སློབ་མ་འགའ་ཞིག་གིས་ཐེག་ཆེན་དར་བར་བྱས་ཏེ། སེ་ན་བཞིའི་དུས་སུ་ལྷག་པར་དར་ཞིང་ཡུལ་དེའི་རྒྱལ་པོ་ཤོ་བྷ་ཛ་ཏ་དང་། སིངྷྭ་ཛ་ཊི་སོགས་ཀྱིས་ལྷ་ཁང་དང་ཆོས་གཞི་མང་པོ་བཏབ་ནས་བསྟན་པ་ཤིན་ཏུ་དར་བར་མཛད་དོ།།

རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་ཐག་རིང་པོར་མ་ག་དྷཱ་ཏུ་རུཥྐས་བཅོམ་ཕྱིན་ཆད་ནས། བིདྱཱོ་ནཱ་ག་ར། ཀོངྐུ་ན། མ་ལྱ་ར། ཀ་ལིངྒ་རྣམས་སུ་ཆོས་གཞི་ཆུང་ངུ་མང་པོ་རྒྱས། ལྷོ་ནུབ་ཕྱོགས་སུ། མ་རུ། མེ་ཝ་ར། ཙི་ཏ་ཝ་ར། པི་ཧུ་བ། ཨ་བྷུ། སོ་རཥྚ། གུ་ཛི་ར་ཐ་སོགས་སུ་ཆོས་གཞི་མང་པོ་དར། ཁྱད་པར་ཁ་གེནྡྲ་ལ་སོགས་པའི་ཡུལ་དུ་གྲུབ་ཆེན་ཞི་བ་སྦས་པ་སོགས་ཀྱིས་བསྟན་པ་བསྐྱངས་ནས། དེང་སང་དུའང་ནང་པའི་སྡེ་འགའ་ཞིག་དར་ཡོད་པར་སྐབས་དེའི་མི་རྣམས་གླེང་ཞེས་ལོ་རྒྱུས་གོང་མ་རྣམས་སུ་གསལ་ལོ། །ཞེས་ཀྱང་བྱུང་ལ། ཕྱི་ལོ་ ༢༠༡༤ ལོར་དཔལ་ནཱ་ལེནྡྲར་འཇིག་པ་བྱུང་ནས་ལོ་ངོ་ ༨༠༠ འཁོར་བའི་དྲན་གསོ་དང་བཅས་ནཱ་ལེནྡྲའི་གཙུག་ལག་སློབ་ཁང་གསར་བཙུགས་གནང་བ་ལྟར་ན། ཡོངས་གྲགས་ཕྱི་ལོ་ ༡༢༡༤ ལོར་ནཱ་ལེནྡྲར་འཇིག་པ་བྱུང་བ་ངོས་འཛིན་གནང་བཞིན་ཡོད།

འོན་ཀྱང་ཆས་པ་སྤྲུལ་སྐུ་ངག་དབང་དགེ་འདུན་སངས་རྒྱས་རྒྱ་མཚོས་ (1839-1905) མཛད་པའི་༸རྒྱལ་དབང་དྲུག་པ་བློ་བཟང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་གནད་འགག་བསྡུས་པ་ཙན་དན་སྦྲུལ་གྱི་སྙིང་པོ་ལས[12]།

དེ་ནས་བྱ་རྒོད་ཕུང་པོའི་རི་བོ་ལ། །ཕེབས་པས་ལཉྩའི་པོ་ཏིའི་གླེགས་བམ་ནི། །

སྤུངས་པ་འབའ་ཞིག་དག་པའི་སྣང་བར་མཇལ། །ནཱ་ལནྡྲ་དུ་སྔོན་ཚེ་པཎྜི་ཏ། །

ལྔ་བརྒྱའི་བཞུགས་གནས་མཇལ་བས་གཎྜི་ཡི། །སྒྲ་ཆེན་གྲགས་ཤིང་དགེ་འདུན་ཚོགས་པ་གཟིགས། །

ཞེས་གསུངས་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོ་མཆོག་རྒྱ་གར་འཕགས་ཡུལ་དུ་གནས་གཟིགས་སུ་ཕེབས་སྐབས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་བཤིག་སོང་ཟིན་ནའང་། དག་པའི་སྣང་བར་འདི་ལྟར་མཇལ་བར་གསུངས་པ་ནི་དམིགས་བསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༤

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་༢༠༠༢ ལོ། ཤོག་གྲངས་ ༤༩༢

[3] སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་འབུམ། ༼ཀ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ། ༢༠༡༠ ལོ། ཤོག་ ༤༡

[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ ༢༠༠༢ ལོ། ཤོག་གྲངས་ ༢༣༠༨

[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ ༢༠༠༢ ལོ། ཤོག་གྲངས་ ༢༣༡༠

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༣༡༡

[7] རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་མཛད་པའི་གནས་བརྟན་ཆེན་པོ་ནགས་ཀྱི་རིན་ཆེན་ལ་བསྟོད་པ་ཕྱོགས་ལས་རྣམ་པར་རྒྱལ་བ་ལས། འཕགས་ཡུལ་ས་སྐྱོང་བརྒྱུད་དུ་སྐུ་འཁྲུངས་པ། །རིགས་ཀྱི་གངས་རི་མི་དམན་མངོན་པར་མཐོ། །མཁས་གྲུབ་དུ་མའི་ཞལ་གྱི་བདུད་རྩི་ལས། །ལེགས་པར་སྦྱངས་པའི་བློ་གྲོས་སྔོན་མེད་འཁྲུངས། །ལྔ་རིག་པཎ་ཆེན་ཀུན་གྱི་མཆོག་གྱུར་ཅིང་། །དབེན་པའི་ནགས་ཀྱི་ཁྲོད་དུ་ཏིང་འཛིན་བསྒོམ། །བསིལ་བའི་ཚལ་དུ་ཀྱེ་རྡོར་ཞལ་མཐོང་ཞིང་། །སྒྲིབ་མེད་རབ་གསལ་མངོན་པར་ཤེས་པ་ཐོབ། །གཞན་ཡང་ལྷ་ཚོགས་དུ་མའི་ཞལ་གཟིགས་ཤིང་། །ལེགས་པར་བཟློས་པའི་སྒྲ་ཡང་མངོན་སུམ་ཐོས། །སྦྱོར་བ་ཡན་ལག་དྲུག་ལ་མངའ་བརྙེས་པས། །གཟུགས་སྐུའི་དཀྱིལ་འཁོར་གསལ་བར་མངོན་སུམ་མཐོང་། །སྔོན་གྱི་སྨོན་ལམ་བཟང་པོའི་མཐུ་ཡིས་ནི། །ཡང་ཡང་གངས་རིའི་ཁྲོད་འདིར་ལེགས་འོངས་ནས། །མན་ངག་ཟབ་མོའི་ཆོས་ཀྱི་སྒྲོན་མེ་ཡིས། །དད་ལྡན་འགྲོ་བའི་མ་རིག་མུན་པ་བསལ། །སླར་ཡང་བལ་པོའི་ཡུལ་དུ་ལེགས་བགྲོད་ནས། །དམ་ཆོས་སྙན་པའི་སྒྲ་ཡིས་གདུལ་བྱ་ལ། །ལེགས་པར་འདོམས་པས་ཡོངས་སུ་སྨིན་མཛད་དེ། །ཞི་བའི་ལམ་བཟང་སྟོན་མཛད་ཁྱོད་ལ་བསྟོད། །ཅེས་ (ཤེས་བྱ་ཀུན་རིག་གི་གསུང་འབུམ། པོད། ༼ཀ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་གཉིས་གོང་མར་)གསལ་ལོ།།

[8] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༩༢

[9] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༢༩༨

[10] https://www.myindiamyglory.com

[11] བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༤༩

[12] གནད་འགག་བསྡུས་པ་ཙན་དན་སྦྲུལ་གྱི་སྙིང་པོ། ༼ཁ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༨ན༢

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༡༡ ནས་ ༥༢༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *