༢༧༽ པཎྜི་ཏ་རྣམ་པར་གྲགས་པའི་རྣམ་ཐར།

༢༧༽ པཎྜི་ཏ་རྣམ་པར་གྲགས་པ།

 

དེ་ཡང་པཎྜི་ཏ་རྣམ་པར་གྲགས་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[1]། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་སློབ་མ་ཡང་། རྒྱ་བོད་ཀྱི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། འདི་ཕྱིན་ཆད་ཕྱིས་བྱུང་བའི་རྒྱ་གར་བའི་ཐེག་ཆེན་པ་ཐམས་ཅད་སློབ་དཔོན་འདི་ལ་ཚད་ལྡན་དུ་རྩི་བར་སྣང༌།

དེས་ཤུ་བྷཱ་ཀ་ར་གུཔྟ་སྟེ་དགེ་བའི་འབྱུང་གནས་སྦས་པ་ལ་བཤད། དེས་ད་ཤ་པཱ་ལ་བཤད། དེས་རྣམ་པར་གྲགས་པའི་ལྷ་ལ་བཤད། འདི་ནི་བྷང་ག་ལའི་པཎྜི་ཏ་ཤིན་ཏུ་མཁས་པ་ཞིག་ཡིན་པ། ནཱ་ལེནྡྲར་བྱོན་ཏེ། ཆོས་དང་གདམས་ངག་ཐམས་ཅད་ལ་ཤིན་ཏུ་འདྲིས་པར་བྱས། ཡུལ་ནས་འབྱོན་དུས་རྩ་བའི་བླ་མས་རབ་ཏུ་བྱུང་གསུངས་ཀྱང༌། ཕྱིས་སྲེད་པ་ཤས་ཆེ་བའི་སྐྱོན་གྱིས་རབ་ཏུ་མ་བྱུང༌། ཆུང་མ་བླངས་པས། བུ་ཚ་མིང་སྲིང་གསུམ་སྐྱེས། ལན་ཅིག་རྨི་ལམ་དུ་སྤྱན་རས་གཟིགས་ཀྱི་གསུང་ནས་ཁྱོད་ཀྱི་བླ་མའི་བཀའ་བཅག་པས་ད་སྟེ་ལོ་གསུམ་ནས་ཚད་རིམས་ཀྱིས་ཤི་ནས་དམྱལ་བར་འགྲོ་གསུང༌། དེར་ཤིན་ཏུ་སྐྲག་སྟེ་མཚམས་བཅད་ནས་ཐུགས་དམ་མཛད། ལུང་བསྟན་ནི་ཐོག་ཏུ་བབས་ཏེ། ལོ་གསུམ་ནས་ཚད་རིམས་ཀྱིས་བཏབ་སྟེ་སྐུ་འདས། སློབ་དཔོན་རང་གི་སྣང་བ་ལ། གཤིན་རྗེའི་སྐྱེས་བུས་ཐག་རིང་དུ་ཁྲིད་པ་ན། འཕགས་པ་སྤྱན་རས་གཟིགས་ལྷ་ལྔ་ནམ་མཁར་བྱོན་ནས། རྟ་མགྲིན་གྱིས་གཤེད་མ་རྣམས་བརྡུངས། འཕགས་པས་སྤྱན་ཆབ་ནར་གྱིས་ཕྱུང་ནས་འདི་རང་གི་ལུས་ལ་སྐྱོལ་གསུང༌། འཕགས་པའི་འཁོར་རྣམས་ཀྱིས་ཚུར་བསྐྱལ་བའི་སྣང་བ་ལ། སླར་ཡང་རང་གི་ལུས་ལ་ཞུགས་ཏེ། དེ་ཕྱིན་ཆད་རྟག་ཏུ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ཤིང༌། ནུས་པ་ཡང་ཆེ། རྟོགས་པ་ཡང་བཟང་པོ་བརྙེས། གྲུབ་པ་ཐོབ་པ་ཡིན། གྲགས་པ་ཡང་ཆེ་བར་བྱུང༌། དེས་ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། བུདྡྷ་ཤྲཱི་བྷ་དྲ་དང༌། རཏྣ་རཀྵི་ཏ་རྣམས་ལ་བཤད། དེ་དག་ལ་མུ་ནི་ཤྲཱི་བྷ་དྲས་ཞུས། དེས་ཀཱ་རུ་ཎ་ཤྲཱི་བྷ་དྲ་ལ་བཤད། དེས་ཤཱཀྱ་རཀྵི་ཏ་ལ་བཤད། དེས་སུ་ཛ་ཏ་བརྨ་ལ་བཤད། དེས་ཀིམྦི་ལའི་པཎྜི་ཏ་བི་མུཀྟ་དེ་བ་སྟེ། རྣམ་གྲོལ་ལྷ་ལ་བཤད། དེས་ཛ་ན་གུཔྟ་ལ་བཤད། དེས་ར་ཏི་གུཔྟ་ལ་བཤད། དེས་ད་ལྟ་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་གྲུབ་ཆེན་ཞི་བ་སྦས་པ་ལ་བཤད་དོ། །རིན་པོ་ཆེའི་འབྱུང་ཁུངས་ལྟ་བུའི་གཏམ་ལས། རྒྱུད་བཤད་བརྒྱུད་པའི་གཏམ་གྱི་སྐབས་ཏེ་བདུན་པའོ། །ཞེས་བྱུང་བ་ལྟར། དཔལ་ནཱ་ལེནྡྲའི་པཎྜི་ཏ་རྣམ་པར་གྲགས་པ་ནི་སློབ་དཔོན་འཇིགས་མེད་འབྱུང་སྦས་པའི་སློབ་མ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་བླ་མ་ཡིན་ཅིང་། རབ་ཏུ་མ་བྱུང་བར་གསུངས་པས་ཁྱིམ་པའི་རྟེན་ཅན་གྱི་པཎྜི་ཏ་ཞིག་གོ།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༩

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༨ ནས་ ༤༥༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *