༩༽ སློབ་དཔོན་ནག་པོ་སྤྱོད་པ་ཆུང་བ།
དེ་ཡང་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།
བླ་མའི་བཀའ་བཅག་སྤྱོད་པ་མཛད། །སྲིད་པ་བར་དོར་རྫོགས་སངས་རྒྱས། །
ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། སློབ་དཔོན་ནག་པོ་སྤྱོད་པའམ། ཤར་ཕྱོགས་ནག་པོ་པ་དང་། གྲུབ་ཆེན་ནག་པོ་སྤྱོད་པ། སློབ་དཔོན་སྤྱོད་པ་བ། སྤྱོད་པའི་རྡོ་རྗེ། སློབ་དཔོན་སྤྱོད་འཆང་དབང་པོ་སོགས་མཚན་གྱི་རྣམ་གྲངས་མང་ལ། སློབ་དཔོན་འདིའི་རྣམ་ཐར་ནི། ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ལས[2]། ནག་པོ་སྤྱོད་པ་ནི། གྲུབ་ཐོབ་ཛ་ལན་དྷ་རི་པའི་སློབ་མ་རྣམས་ཀྱི་ནང་ནས་ཡོངས་སུ་གྲགས་པ་ནག་པོ་སྤྱོད་པ་དང་། ཡེ་ཤེས་ཞབས་སོགས་ཤིན་ཏུ་མང་ཞིང་། ནག་པོ་སྤྱོད་པ་ནི་དུས་འཁོར་རྒྱུད་ཕྱི་མ་དང་། མགོན་པོ་མངོན་འབྱུང་ནས་ལུང་བསྟན། ཨོ་ཌི་བི་ཤར་བྲམ་ཟེའི་རིགས་སུ་འཁྲུངས། རིག་གནས་ཀུན་མཁྱེན་ཅིང་ནཱ་ལནྡར་དགེ་སློང་མཛད། སྡེ་སྣོད་དང་རྒྱུད་སྡེ་ཀུན་ལ་མཁས་པར་མཛད། ལྕམ་དཔལ་མོས་བྱིན་གྱིས་བརླབས། ཛ་ལནྡྷ་རི་པ་དང་མཇལ་དབང་དང་གདམས་ངག་གནང་སྒྲུབ་པ་མཛད་པས་ནུས་པ་བརྙེས། ཞེས་ནག་པོ་སྤྱོད་པ་ཡང་ནཱ་ལེནྡྲར་དགེ་སློང་མཛད་ཅིང་། སྡེ་སྣོད་དང་རྒྱུད་སྡེ་ཀུན་ལ་མཁས་པར་གྱུར་པས་འདི་ཡང་ནཱ་ལེནྡྲའི་མཁས་གྲུབ་ཅིག་གོ།
རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་སློབ་དཔོན་ཆེན་པོ་སྤྱོད་འཆང་དབང་པོའི་རྣམ་ཐར་ལས[3]། ཨཱ་ཙརྱ་དྷ་རི་པ་སྟེ་སློབ་དཔོན་སྤྱོད་འཆང་དབང་པོ་ལ་སོགས་པར་གྲགས་སོ། །དེ་ཡང་འཕགས་ཡུལ་ཤར་ཕྱོགས་གཽ་རའི་རྒྱལ་ཁམས་ཀྱི་ནང་ཚན་ཨོ་རུ་བི་ཤ་ཞེས་བྱ་བ། བྷདྒ་ལ་དང་ཅུང་ཟད་ཉེ་བའི་ཕྱོགས་ཤིག་ཡིན། ཡུལ་དེར་མི་རིགས་ཆེན་པོ་བཞི་ལས་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་སོ། །བོད་ཀྱི་ལོ་རྒྱུས་རྙིང་པ་འགའ་ན། རྗེ་རིགས་སུ་འཆད་པ་ཡོད་ཀྱང༌། སློབ་དཔོན་ཉིད་ཀྱི་དོ་ཧ་ལས། རེག་གིན་རེག་གིན་འགྲོ་སྟེ་བྲམ་ཟེའི་བུ། །ཞེས་གསུངས་པ། དེ་ལ་མཚོན་དོན་རྫོགས་རིམ་ལ་སྦྱར་བའི་བཤད་པ་ཡོད་ཀྱང༌། མཚོན་བྱེད་བརྡ་དེ་ཡང་ཀུན་རྫོབ་དངོས་པོ་དང་འགྲིག་དགོས་པས། སློབ་དཔོན་བྲམ་ཟེའི་རིགས་ཡིན་པར་ལུང་དེས་གྲུབ། རྒྱ་གར་ན་སྔོན་ནས་ད་ལྟའི་བར་དུ་ཡང་སློབ་དཔོན་འདི་ཕྱི་ནང་ཐམས་ཅད་ལ་གྲགས་ཆེ་ཞིང༌། ཐམས་ཅད་མགྲིན་གཅིག་པར་བྲམ་ཟེའི་རིགས་ཡིན་པར་ཀུན་ལ་གྲགས་སོ།།
ཡང་སློབ་དཔོན་འདི་བོད་དུ་མ་བྱུང་རྒྱ་གར་དུ་བྱུང་བ་ཡིན་ལ། འདིའི་རིགས་ལ་ཆ་རྒྱུས་ཡོད་དུ་རུང་བའི་ཡུལ་རྒྱ་གར་དུ་ཀུན་ལ་མཐུན་པར་གྲགས་པ་དེ་བཀག་ནས། ཆ་རྒྱུས་མེད་པའི་རྒྱལ་ཁམས་བོད་ལྟ་བུར་དེ་དང་འགལ་བར་སྨྲ་བ་དག་ལ་འདི་ནི་བདེན་ཏེ། སྨྲ་བ་པོ་དེ་སྐྱེས་བུ་བཟང་པོ་ཡིན་པའི་ཕྱིར་རོ། །ཞེས་སྨྲ་བ་ནི་ལེགས་པ་མ་ཡིན་ཏེ། གཡེམ་མ་མུ་ཅོར་གྱི་རྒྱལ་ལོ་ཞེས་པའི་དོན་དང་མཚུངས་པར་འགྱུར་བའི་ཕྱིར་རོ།།
དེ་ནས་ཆུང་ངུའི་དུས་ནས་བློ་རྣོ་ཞིང་སྒྲ་དང༌། སྨན་དཔྱད་དང༌། བཟོའི་གནས་ཐམས་ཅད་ལ་མཁས་པར་བྱས། དེར་སྔོན་གྱི་ལས་འཕྲོ་སད་པས། ཡེ་ཤེས་ཀྱི་རྣལ་འབྱོར་མ་དུ་མས་ཞལ་མངོན་སུམ་དུ་བསྟན། དེ་ནས་རིམ་གྱིས་ཡུལ་དབུས་མ་ག་དྷའི་ཆ་ཤས། དཔལ་ན་ལེནྡྲ་ཞེས་བྱ་བ། པཎྜི་ཏ་ལྔ་བརྒྱ་གནས་ཤིང་ཆོས་གྲྭ་ཤིན་ཏུ་དར་བས་དེར་བྱོན་ཏེ་དགེ་སློང་མཛད་ཅིང་། ལོ་མང་དུ་བཞུགས་ནས་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞིའི་ཐོས་བསམ་གྱིས་རྒྱུད་བྱང་བར་མཛད་ཅིང༌། སྔགས་དང་བསམ་གཏན་ཡང་ཅི་རིགས་པ་གྲུབ་པར་གྱུར་ཏོ། །དེར་དབེན་པ་བསྟན་ཏེ། བསྒོམ་ཞིང་བཞུགས་པའི་སྐབས་ཤིག །གྲུབ་པའི་རྣལ་འབྱོར་མ་ཆེན་མོ་ལྕམ་ལཀྵྨཱི་ཀ་རས་ཞལ་བསྟན་རྒྱུད་བྱིན་གྱིས་བརླབས་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་སོ། །དེར་རྡོ་རྗེ་མཁའ་འགྲོ་མ་འགའ་ཞིག་གིས་ནམ་མཁའ་ནས་གསུང་གི་སྣང་བ་ཕྱུང་སྟེ། བྱང་ཕྱོགས་ཀྱི་གྲོང་ཁྱེར་ཛ་ལན་དྷ་ར་ན། བླ་མ་ཛ་ལནྡྷ་རི་པ་ཞེས་པ་ཡོད་ཀྱི། ཁྱོད་ཀྱིས་དེ་བསྟེན་ན་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །ཞེས་གྲགས་པས་བདག་ཉིད་གཅིག་པུ་ཡུལ་ཛ་ལན་དྷ་རར་བཞུད་དོ། །ཞེས་སློབ་དཔོན་སྤྱོད་འཆང་དབང་པོ་འདི་ཉིད་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོའི་པཎ་གྲུབ་ཡིན་པར་མ་ཟད། སྐབས་དེར་དཔལ་ནཱ་ལེནྡྲར་པཎྜི་ཏ་ལྔ་བརྒྱ་གནས་ཤིང་ཆོས་གྲྭ་ཤིན་ཏུ་དར་བ་དང་། པཎ་གྲུབ་དེ་དག་གིས་ཀྱང་ནཱ་ལེནྡྲར་གསང་སྔགས་ཀྱི་གཞུང་ལ་གསན་བསམ་སློབ་གཉེར་དང་། ཐུགས་ཉམས་སུ་བཞེས་པ་སོགས་རྣམ་ཐར་རྒྱས་པ་ལོགས་སུ་བཞུགས་པ་ལ་གཟིགས་པར་ཞུ།
ལྷག་པར་ནཱ་ལེནྡྲའི་ཉེ་འཁྲིས་སུ་བདེ་མཆོག་བསྒོམས་པས་ཉམས་རྟོགས་གོང་དུ་འཕེལ་བ་སོགས་ཀྱི་ངོ་མཚར་གྱི་རྣམ་ཐར་མངའ་བ་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[4]། ནག་པོ་སྤྱོད་པ་ཆུང་བ་འདི་ནི་སློབ་དཔོན་ནག་པོ་སྤྱོད་པའི་རྗེས་འབྲང་བདེ་དགྱེས། གཤིན་རྗེ་གཤེད་གསུམ་ལ་མཁས་པའི་པཎྜི་ཏ་གཅིག་ཡིན། དེས་ནཱ་ལེནྡྲ་དང་ཉེ་བ་ཞིག་ཏུ་བདེ་མཆོག་བསྒོམས་པས། མཁའ་འགྲོ་མས་ལུང་བསྟན། ཀཱ་མ་རུའི་ལྷ་མོའི་གནས་ན་རྫས་ཀྱི་དངོས་གྲུབ་ཡོད་ཀྱིས་ལོངས་ཤིག་ཟེར། དེར་ཕྱིན་པས་ཟ་མ་ཏོག་ཅིག་རྙེད། ཁ་ཕྱེ་བས་ཌ་མ་རུ་དྲ་བ་ཅན་ཞིག་བྱུང༌། དེ་ལག་ཏུ་ཐོགས་པ་ཙམ་གྱིས་རྐང་པ་ས་ལ་མ་རེག་ཅིང༌། དྲག་ཏུ་དཀྲོལ་བ་ན་སྒྲུབ་པའི་རྣལ་འབྱོར་ཕོ་མོ་ལྔ་བརྒྱ་གང་ནས་བྱུང་མེད་པར་འོངས་ནས། དེའི་འཁོར་བྱེད་པ་བྱུང་སྟེ། ཡུན་རིང་པོར་འགྲོ་བའི་དོན་མཛད་དོ། །མཐར་གངྒཱ་པཱ་ག་ར་ཞེས་པར་གར་གཤེགས་ཆ་མེད་པའི་ཚུལ་དུ་གྱུར་པ་ཡིན་ནོ།།
འདིས་སྡོམ་པ་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། སྐུ་ཚེ་རིང་བས་རྒྱལ་པོ་དྷརྨ་པཱ་ལའི་རྗེས་སུའང་ཅུང་ཟད་བཞུགས་སོ་ཞེས་པ་ལྟར་ན། སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན་དང༌། བློ་བཟང་ངང་ཚུལ་དང༌། དཾཥྚ་སྱ་ན་སྟེ་མཆེ་བའི་སྡེ་དང༌། ཡེ་ཤེས་ཟླ་བ་དང༌། རྡོ་རྗེ་མཚོན་ཆ་དང༌། འཇམ་དཔལ་གྲགས་པ་དང༌། ཡེ་ཤེས་བྱིན་དང༌། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་དང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་དྷ་ན་མི་ཏྲ་དང༌། སློབ་དཔོན་སེང་བཟང་ཡང་སྐུ་ཚེའི་སྟོད་ཙམ་ཡིན་ནོ། །དེས་ན་དུས་རབས་ནི། བརྒྱ་ཕྲག་དགུ་པའི་ནང་ངོ༌། །ཞེས་བྱུང་བ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༢༠༠༨ ལོ། ཤོག་གྲངས་ ༩༣༥
[2] ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༨༦༣
[3] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣
[4] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༥༦༦
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༨༧ ནས་ ༣༩༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།