༣༽ སློབ་དཔོན་དྷ་ན་སཾ་ཏྲིའི་རྣམ་ཐར།
དེ་ཡང་ལེགས་སྦྱར་སྐད་དུ་དྷ་ན་སཾ་ཏྲི་སྟེ། བོད་སྐད་དུ་འཇམ་དཔལ་བཤེས་གཉེན་ཞེས་ཞུ་ཞིང་། སློབ་དཔོན་འཇམ་དཔལ་བཤེས་ལ་སྔ་ཕྱི་གཉིས་བྱོན་པ་ནི། ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་ (1886-1952) གྱིས་མཛད་པའི་ཀློང་གསལ་རྡོ་རྗེ་སྙིང་པོའི་ཁྲིད་རིམ་ཟིན་ཐོ་ཟབ་ལམ་ནོར་བུའི་མེ་ལོང་སྔ་དུམ་ལས[1]། སློབ་དཔོན་འཇམ་དཔལ་བཤེས་གཉེན་ཉིད་ལོ་སུམ་བརྒྱ་ཉེར་ལྔ་ནས། སླར་རྫུས་སྐྱེས་སུ་འཁྲུངས་ནས། འཇམ་དཔལ་བཤེས་གཉེན་ཕྱི་མ་ཞེས་བྱ་བས་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་མཐར་ཁྱབ་པར་མཛད་པའི་ལོ་རྒྱུས་ཡོད། ཅེས་བྱུང་བ་ལས། འཇམ་དཔལ་བཤེས་གཉེན་ཕྱི་མ་འདི་ཉིད་ཡུལ་གང་དུ་སྐུ་འཁྲུངས་པ་ནི། རྡོ་རྗེ་གླིང་པས་ (1346-1405) མཛད་པའི་གཏེར་ཆེན་རྡོ་རྗེ་གླིང་པའི་ཟབ་ཆོས་ཕྱོགས་བསྡེབས་ལས[2]།
གསེར་གྱི་མེ་ཏོག་པདྨའི་གླིང་། །འཇམ་དཔལ་བཤེས་གཉེན་ཕྱི་མ་འཁྲུངས། །
གསང་སྔགས་རྒྱུད་ཀྱི་བདག་པོ་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །
ཞེས་གསུངས་པ་ལྟར། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་རྫོགས་པ་ཆེན་པོ་སྙིང་ཏིག་གི་ལོ་རྒྱུས་ཆེན་མོ་ལས་[3]ཀྱང་། དེའི་འོག་ཏུ་འཇམ་དཔལ་བཤེས་གཉེན་ཉིད་དེ་ནས་ལོ་སུམ་བརྒྱ་ཉེར་ལྔ་ན༔ རྒྱ་གར་གྱི་ནུབ་ཕྱོགས་གསེར་གྱི་མེ་ཏོག་གིས་བརྒྱན་པའི་གླིང་ཞེས་བྱ་བར་བརྫུས་ནས་སྐྱེས་ཏེ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་ཞེས་བྱ་བར་གྲགས་སོ༔ དེ་ནས་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ལ་གསང་སྔགས་ཀྱི་སྒྲུབ་སྡེ་མཐའ་དག་གནང་བ་བསྟན་ཏོ༔ དེའི་འོག་ཏུ་བསྟན་པ་གསེར་གྱི་སྙིང་པོ་རབ་ཏུ་སྣང་བྱེད་འདི༔ རྣལ་འབྱོར་སྒྲུབ་པ་ལ་བརྩོན་པའི་ཨཱརྱ་དེ་བ་ལ་བསྟན་ཏོ༔ དེ་ཉིད་ཀྱང་དུར་ཁྲོད་འཇག་མའི་གླིང་ཞེས་བྱ་བར༔ སྤ་མོ་སྤུངས་པའི་རི་ལ་ཟག་བཅས་མི་སྣང་བར་ཡང་དག་པར་རྫོགས་པར་སངས་རྒྱས་སོ༔ ཞེས་རྫུས་སྐྱེས་སུ་སྐུ་འཁྲུངས་ཤིང་། བྱོན་པའི་དུས་ཀྱང་སློབ་དཔོན་ཨཱརྱ་དེ་བ་སྟེ་འཕགས་པ་ལྷའི་སྔོན་དུ་བྱོན་པར་གསལ་བས། སློབ་དཔོན་ཨཱརྱ་དེ་ཝ་ནི་ཕྱི་ལོའི་དུས་རབས་གཉིས་པར་སྐུ་འཁྲུངས་པ་ཞིག་དང་། ཡང་སློབ་དཔོན་འདི་ཉིད་ཨུ་རྒྱན་པདྨ་འབྱུང་གནས་ཀྱི་བླ་མ་ཡིན་པར་གསུངས་པས། སློབ་དཔོན་པདྨ་འབྱུང་གནས་ནི་ཡོངས་གྲགས་དུས་རབས་བརྒྱད་པར་བྱོན་པས་བླ་སློབ་གཉིས་དང་དུས་འགྲིག་དཀའ་འོ།།
དེ་བཞིན་པཎ་གྲུབ་འདི་ཉིད་དུས་ནམ་ཞིག་བྱོན་པ་ནི། སྟག་ཚང་རྫོང་པ་དཔལ་འབྱོར་རྒྱ་མཚོས་མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[4]། རྒྱ་གར་དུ་གསང་སྔགས་ཕྱི་རྒྱུད་དང༌། ནང་རྒྱུད་གཉིས་ཀ་ཡོངས་སུ་རྫོགས་པར་མཁྱེན་ཅིང༌། གྲུབ་པ་བརྙེས་པ། གྲགས་པ་ཐོན་པ་བྱོན་ཚུལ་ནི། ཆོས་མཛོད་རྣམ་བཤད་ཉི་མའི་འོད་ཟེར་ལས། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་བཅུ་གཉིས་ན་སྐལ་ལྡན་རྒྱལ་པོ་ཛ་བྱོན། ལོ་ལྔ་བརྒྱ་ན་འཇམ་དཔལ་བཤེས་གཉེན། ལོ་སྟོང་ན་འཇམ་དཔལ་བཤེས་གཉེན་ཕྱི་མ། ལོ་ཕྱེད་དང་ཉིས་སྟོང་ན། སློབ་དཔོན་པདྨ་འབྱུང་གནས། ལོ་ཉིས་སྟོང་ལྷ་གནས་ཤྲཱི་སིདྷ་རྣམས་བྱོན། དེ་རྣམས་ཀྱི་རིང་ལ་གསང་སྔགས་ཕྱི་ནང་ཆོས་གྲྭའི་མཁས་པ་ལྔ་བརྒྱ། མཁས་མཆོག་ཉི་ཤུ་རྩ་གཅིག །གྲུབ་པ་ཐོབ་པ་བཅོ་བརྒྱད་ལ་སོགས་པ་མང་དུ་བྱོན། ཞེས་སྟོན་པ་འདས་ནས་ལོ་ངོ་སྟོང་གི་མཚམས་སུ་བྱོན་པར་གསུངས་མོད། སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་ལས[5]། ངན་སྔགས་འདིའི་བརྒྱུད་པ་ནི། འཇམ་དཔལ་བཤེས་གཉེན་ཕྱི་མས་ནཱ་ག་རྫུ་ན་ལ་བཤད། དེས་ཨཱརྱ་དེ་ཝ་རམ་བུ་གུ་ཧྱ་ལ་བཤད། དེས་དྷ་ན་ད་ལ། དེས་ཨ་ཙ་ར་ནག་པོ་ལ། དེས་པཎྜི་ཏ་དྷ་ན་ལ། དེས་གཙང་སྟོན་ཐུགས་རྗེ་ལ་གནང་། ཞེས་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔོན་དུ་བྱོན་པར་གསལ་ལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ནང་སློབ་དཔོན་པདྨ་འབྱུང་གནས་ཀྱི་གོང་རོལ་ཏུ་བྱོན་པ་སོགས་དུས་ལ་སྔ་ཕྱིའི་ཁྱད་པར་ཤིན་ཏུ་ཆེ་བས་དཔྱད་བྱའི་གཞིའོ།།
རྟེན་དང་ཆ་ལུགས་གསང་མཚན་གང་ཞིག་ཡིན་པ་ནི། ཀཿཐོག་རྨོག་སྟོན་རྡོ་རྗེ་དཔལ་གྱིས་མཛད་པའི་བཀའ་མ་མདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན་ལས[6]།
འཇམ་དཔལ་བཤེས་གཉེན་ཕྱི་མ་ནི། །དགེ་སློང་ཚུལ་ཅན་རྡོ་རྗེ་འཛིན། །
གསང་མཚན་རྡོ་རྗེ་ངེས་པ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །
ཞེས་གསུངས་པ་ལྟར། རྟེན་དགེ་སློང་དང་། དེ་ཡང་པཎྜི་ཏའི་ཆ་ལུགས་ཅན་ཏེ། དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (1910-1991) གྱིས་མཛད་པའི་རྫོགས་ཆེན་སྡེ་གསུམ་ལས[7]། ཤར་ལྷོར་འཇམ་དཔལ་བཤེས་གཉེན་ཕྱི་མ་རྒྱ་གར་པཎ་ཆེན་ཆས་པཎ་ཞྭ། ཕྱག་གཉིས་གླེགས་བམ། ཞེས་དང་། དེ་བཞིན་འདུས་པ་མདོའི་དབང་གི་ཆོ་ག་ཁྲིགས་སུ་བྱས་པ་དཀྱིལ་འཁོར་རྒྱ་མཚོའི་འཇུག་ངོགས་ལས་[8]ཀྱང་། འཇམ་དཔལ་བཤེས་གཉེན་ཕྱི་མ་པཎྜི་ཏའི་ཆ་བྱད་ཅན། ཞེས་བྱུང་བ་ལྟར་རོ།།
སློབ་དཔོན་འདི་ཉིད་ཀྱི་རྣམ་ཐར་སྙིང་བསྡུས་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་མཛད་པའི་རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས[9]། འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་པ་ནི། མཁས་པའི་དགའ་སྟོན་ལྟར་ན། དགུ་བརྒྱ་ལྔ་བཅུ་ང་ལྔ་པ་ཤིང་ཁྱི་ལོར་རྒྱ་གར་ནུབ་ཕྱོགས་གསེར་གྱིས་བརྒྱན་པའི་གླིང་དུ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བརྫུས་ཏེ་སྐྱེས་པ་ལ་འཇམ་དཔལ་བཤེས་གཉེན་ཕྱི་མ་ཞེས་གྲགས། དེས་སློབ་དཔོན་པདྨ་འབྱུང་གནས་ལ་སྔགས་ཕྱི་ནང་ཐམས་ཅད་གསུངས་ཤིང༌། སློབ་དཔོན་ཨཱརྱ་དེ་བ་ལའང་རྫོགས་པ་ཆེན་པོ་བསྟན་པས་ཞག་བཅས་མི་སྣང་བར་གྱུར། ཞེས་གསུངས་པ་ཙམ་ལས་ཞིབ་པ་མ་རྙེད་མོད། འོན་ཀྱང་སངས་རྒྱས་ཀྱི་སྤྲུལ་པ་གློ་བུར་བ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད་པ་ནི་མངོན་ནོ། །ཞེས་གསུངས་པ་ལྟར་རོ།།
སློབ་དཔོན་པདྨ་འབྱུང་གནས་ཀྱིས་གནས་གང་དུ་གསང་སྔགས་ཀྱི་ཆོས་འཁོར་གང་ཞིག་ཞུས་པ་ནི། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མཛད་པའི་བཀའ་ཐང་བསྡུས་པ་ལས[10]།
ན་ལེནྡྲ་རུ་དྷ་ན་སཾ་ཏྲི་བསྟེན༔ མ་མོ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔
ཞེས་གསུངས་པ་ལྟར། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བླ་མ་བརྒྱད་བསྟེན་པའི་ཁྲོད་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དྷ་ན་སཾ་ཏྲི་སློབ་དཔོན་དུ་བསྟེན་ནས་མ་མོ་ཞི་ཁྲོའི་ཆོས་འཁོར་རྣམས་རྫོགས་པར་ཞུས་པར་གསལ་བ་ལས། དྷ་ན་སཾ་ཏྲི་སྟེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎ་གྲུབ་ཡིན་པ་རྟོགས་ནུས་སོ།།
སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་མཚོན་ན། ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་རྗེ་རང་བྱུང་རྡོ་རྗེའི་ཐུགས་དམ་བསྟན་འགྱུར་གྱི་དཀར་ཆག་ལས[11]། མཚན་བརྗོད་དཀྱིལ་འཁོར་གྱི་ཆོ་ག་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དཔལ་གྱི་ཆོ་ག་ཞེས་ཀུན་ལ་སྦྱར་བ་བྱང་སེམས་རྡོ་རྗེའི་དབུགས་དབྱུང་རྣམ་སྣང་དབུགས་དབྱུང་བའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། མི་བསྐྱོད་པ་དབུགས་དབྱུང་བའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། སྣང་བ་མཐའ་ཡས་དབུགས་དབྱུང་བའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། རིན་ཆེན་འབྱུང་ལྡན་དབུགས་དབྱུང་བའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། དོན་ཡོད་གྲུབ་པ་དབུགས་དབྱུང་བའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། འཇམ་དཔལ་གྱི་རོ་སྲེག་གི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། བདུན་ཚིགས་ཀྱི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྦྱིན་སྲེག་གི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱི་འགྱུར། ཚ་ཚའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། སྤྱན་དབྱེ་བའི་ཆོ་ག །འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ངན་སྔགས་ཀྱི་ཆོ་ག་འཁོར་ལོ། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ། བསྟོད་པའི་རིམ་པ་རྣམས་ཆོས་ཀྱི་བཟང་པོའི་འགྱུར། འཇམ་དཔལ་གྱི་སྒྲུབ་ཐབས། ཁྲུས་ཀྱི་ཆོ་ག །ཆུ་སྦྱིན། མཚན་བརྗོད་འདོན་པའི་མན་ངག མཎྜལ་གྱི་ཆོ་ག །སྐོར་བ་བྱ་བའི་ཐབས། ཚོགས་གསོག་གི་ཆོ་ག །ཟས་ཀྱི་རྣལ་འབྱོར། འབྱུང་པོའི་གཏོར་མ། ཚ་ཚའི་ཆོ་ག །བསྔོ་བ། ཚད་མེད་པ་བཞི་བསྒོམ་པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བ། བྱང་ཆུབ་ཀྱི་སེམས་བསྒོམ་པ། དུས་གསུམ་གྱི་སངས་རྒྱས་ལ་ལྟ་བ། དབང་པོ་རབ་ཀྱིས་དེ་ཁོ་ན་ཉིད་བསྒོམ་པ། དབང་པོ་འབྲིང་གིས་རྟེན་འབྲེལ་བཅུ་གཉིས་བསྒོམ་པ། དབང་པོ་ཐ་མས་རྗེས་སུ་དྲན་པ་དྲུག་བསྒོམ་པ། ནམ་གྱི་ཆ་སྨད་ལ་མཉམ་པར་བཞག་པའི་མན་ངག་རྣམས། འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཞེས་བྱུང་བ་ལྟར་བསྟན་བཅོས་མང་དུ་མཛད་པ་བསྟན་འགྱུར་དུ་བཞུགས་མོད། འདི་དག་འཇམ་དཔལ་བཤེས་གཉེན་སྔ་ཕྱི་གང་གི་བསྟན་བཅོས་ཡིན་མིན་གསལ་ཁ་མི་སྣང་ཞིང་། རྣམ་ཐར་གྱི་དཔྱད་གཞི་ཤིན་ཏུ་དཀོན་པས་དཔྱད་དགོས་པ་མང་དུ་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྙན་བརྒྱུད་ཁྲིད་ཆེན་བཅུ་གསུམ་སྐོར། གླེགས་བམ། ༼༡༢༽ ༢༠༠༤ ལོ། ཤོག་གྲངས་ ༢༦༠
[2] རྡོར་གླིང་ཞི་ཁྲོའི་ལས་བྱང་རྒྱས་པ། ༼ག༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣༥
[3] ཀློང་ཆེན་རབ་འབྱམས་པའི་གསུང་འབུམ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༨༡
[4] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༢༢
[5] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼༦༽ དཔེ་གཟུགས། ༢༠༠༩ ལོ། ཤོག་གྲངས་ ༨༡༢
[6] བཀའ་མ་མདོ་དབང་ཁམས་ལུགས་སུ་གྲགས་པ་སྦྲང་རྩིའི་ཆུ་རྒྱུན། ༼༣༽ ཤིང་དཔར། ཤོག་གྲངས་ ༡༧༣བ༤
[7] གསུང་འབུམ་ཟླ་བ་རབ་གསལ། ༼༡༥༽ ཤིང་དཔར་དཔེ་གཟུགས། ཤོག་གྲངས་ ༡༦བ༤
[8] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། ༼༢༥༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༨༢
[9] རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༣༨༢
[10] གསང་ཆེན་སྔ་འགྱུར་བའི་བཀའ་གཏེར་ཞལ་འདོན་ཕྱོགས་བསྒྲིགས། མཚོ་ལྷོ་དགེ་འོས་སློབ་གྲྭ། ༡༩༩༨ ལོ། ཤོག་ ༨༩
[11] རང་བྱུང་རྡོ་རྗེའི་གསུང་འབུམ། པོད། ༼༤༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༤༩
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༡ ནས་ ༣༦༦ བར་གསལ་བ་ལས་བཏུས།

(སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་ཕྱག་བྲིས་རིག་འཛིན་བརྒྱད་ཀྱི་ལྡེབས་བྲིས།)
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།