ལེའུ་བཅུ་བཞི་པ། དཔལ་ནཱ་ལེནྡྲའི་པཎ་གྲུབ་གཞན་གྱི་རྣམ་ཐར།
༡༽ སློབ་དཔོན་བློ་གྲོས་བརྟན་པ།
སྠི་ར་མ་ཏི་སྟེ་སློབ་དཔོན་བློ་གྲོས་བརྟན་པ་ (C.510-570) ནི། ཕྱི་ལོའི་དུས་རབས་དྲུག་པའི་ནང་ཙམ་དུ་བྱོན་ཅིང་། དབུ་མ་རྩ་བ་ཤེས་རབ་ཀྱི་རྒྱ་འགྲེལ་གྲགས་ཅན་བརྒྱད་ཀྱི་མཛད་པ་པོའི་གྲས་དང་། མཁས་མཆོག་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་མངོན་པ་རང་ལས་མཁས་པ་ཡང་ཡིན།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[1]། མཁས་པའི་ཕུལ་དུ་ཕྱིན་ཏེ་སློབ་དཔོན་ཡོན་ཏན་འོད་ཀྱི་སྦྱིན་བདག་རྒྱལ་པོ་ཤྲཱི་ཧརྴས་དཔལ་ཆོས་ཀྱི་གྲགས་པ་ལ་ད་ལྟ་སུ་མཁས་དྲིས་པས།
མཁས་པར་རྒྱལ་པོ་བྱས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་སྟེ། །
བསྟན་བཅོས་ཀུན་གྱི་པོད་གཅིག་ལ། །སློབ་དཔོན་བློ་གྲོས་བརྟན་པ་ཉིད། །

(སློབ་དཔོན་བློ་གྲོས་བརྟན་པ་ལ་ན་མོ།)
ཅེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ཡ་གྱལ་སློབ་དཔོན་བློ་གྲོས་བརྟན་པ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཡིན་པ་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[2]། སློབ་དཔོན་ཆེན་པོ་ (དབྱིག་གཉེན་) དེ་ལ་སློབ་མའི་མཆོག་བཞི་ཡོད་པའི་མངོན་པ་རང་ལ་མཁས་པ་བློ་བརྟན་ནི། སློབ་དཔོན་དབྱིག་གཉེན་བྷ་ག་བི་ཧ་ར་ཞེས་བྱ་བ་ན་འབྲུ་མར་གྱིས་ཟངས་བཀང་བའི་ནང་ན་བཞུགས་ཏེ་འབུམ་སྡེ་གོ་དགུ་ཞལ་འདོན་དུ་མཛད་པ་རྒྱུན་དུ་ཉན་པའི་ཕུག་རོན་ཞིག་ཡོད་པ་ཚེ་འཕོས་ནས་མཐའ་འཁོབ་ཌ་མ་ཞེས་བྱ་བར་དམངས་རིགས་ཀྱི་བུར་སྐྱེས་མ་ཐག་ངའི་སློབ་དཔོན་ག་ན་བཞུགས་སམ་ཞེས་དྲིས་པས། ཁྱོད་ཀྱི་སློབ་དཔོན་སུ་ཡིན་བྱས་པས། དབྱིག་གཉེན་ཡིན་ཟེར། ཕས་ཡུལ་དབུས་སུ་འགྲོ་བའི་ཚོང་པ་ལ་དྲིས་པས་བཞུགས་ཟེར་ནས་ཅུང་ཟད་སྐྱེས་པ་དང་སློབ་དཔོན་དབྱིག་གཉེན་ཅན་དུ་བསྐྱལ། སློབ་དཔོན་གྱིས་ཡི་གེའི་ཕྱི་མོར་སློབ་པ་ནས་བཟུང་སྟེ་རིག་པའི་གནས་ཐམས་ཅད་ལ་མཁས་པར་བསླབས་སོ། །ཆུང་ངུའི་དུས་ན་ནཱ་ལེནྡྲའི་སྒྲོལ་མའི་རྟེན་བཞུགས་པའི་ཕྱག་ཏུ་སྲན་མའི་གང་བུའི་ཕུད་ཕུལ་ལ་ཟ་སྙམ་ནས་འགའ་ཞིག་ཕུལ་བས་འགྲིལ་བྱུང་བས། ཡང་ཕུལ་བས་འགྲིལ། འཕགས་མས་མ་བཞེས་པར་རང་ཟ་བ་མི་འོས་སྙམ་ནས་ཟད་ཟད་ཕུལ། ཡང་འགྲིལ་བས་ངུས་སོ། །དེས་འཕགས་མས་ཞལ་དངོས་སུ་བསྟན་ཏེ། ངུ་མི་དགོས་ངས་ཁྱོད་ལ་བྱིན་གྱིས་བརླབས་ཀྱི་ཁྱིམ་དུ་སོང་གསུངས། དེ་ནས་མཁྱེན་རབ་ཐོགས་མེད་དུ་གྱུར་ལ། རྟེན་དེ་ལའང་དེ་ཕྱིན་ནས་སྲན་མའི་སྒྲོལ་མ་ཞེས་གྲགས་སོ། །ཞེས་བྱུང་ངོ་།།
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། དེ་ཡང་སློབ་དཔོན་བློ་གྲོས་བརྟན་པས་དབུ་མ་རྩ་བའི་དགོངས་པ་རྣམ་རིག་ཏུ་འགྲེལ་བའི་རྣམ་བཤད་ཅིག་མཛད་ལ། དེའི་གླེགས་བམ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་ནས་ལེགས་ལྡན་གྱི་སློབ་མ་རྣམས་ཀྱིས་མི་འཐད་པར་བྱས་སོ། །དེ་དག་ནཱ་ལེནྡྲར་འོངས་ནས་བློ་བརྟན་གྱི་སློབ་མ་རྣམས་དང་བརྩད་པས། ལེགས་ལྡན་གྱི་སློབ་མ་རྒྱལ་ལོ་ཞེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཟེར་བ་དང༌། ཙནྡྲ་གོ་མཱི་དང༌། ཟླ་བ་གྲགས་པའི་བྱུང་ཚུལ་གྱིས་ཤེས་སོ། །ཞེས་གསལ་བ་ལྟར། སློབ་དཔོན་འདིས་མཛོད་ཀྱི་འགྲེལ་པ་གནམ་ལྕགས་ཐོག་ཟེར་དང་། ཆོས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ། རབ་ཏུ་བྱེད་པ་སྡེ་བརྒྱད་ཀྱི་འགྲེལ་པ་ལ་སོགས་བསྟན་བཅོས་མང་དུ་བརྩམས་ཤིང་། དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་བྱོན་པ་བཅས་སོ།།
སློབ་དཔོན་བློ་བརྟན་གྱི་བསྟན་བཅོས་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས། ༡༽ སེམས་ཙམ་མི་ཙི་གཉིས་ལ། མདོ་སྡེ་རྒྱན་གྱི་འགྲེལ་བཤད། སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པས་མཛད་པར་གྲགས་པ། མང་ཡུལ་དུ་མཁན་པོ་མུ་ནེ་ཙནྡྲ་དང༌། ལོ་ཙཱ་བ་ལྕེ་བཀྲ་ཤིས་ཀྱིས་ཊཱིཀ་རྣམ་པ་གཉིས་ཀྱི་གཞི་བཟུང་སྟེ། མཁན་པོས་ཀྱང་ཅི་མཁྱེན་དུ་ཊཱིཀ་གསར་དུ་བསྒྱུར་བ་རྣམ་པ་གཉིས་དང་གཏུགས་ན་ཡང༌། ཊཱིཀ་གསར་པ་ལས་མི་མངོན་པ་དག་ཀྱང་འདི་ལས་ཞིབ་ཏུ་འཆད་པས་འདི་ཡང་གཅེས་པར་གྱིས། མཇུག་ཏུ་ཅུང་ཟད་ཅིག་མ་ཚང་བ་འདི་སྟོར་བས་ཊཱིཀ་གཉིས་དང་གཏུགས་པ་བཞུགས་སོ། །ཞེས་པ་འདི་དང་། ༢༽ སེམས་ཙམ་ཤི་པ་ལ། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་བམ་པོ་བཞི་པ། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྣམས་བཞུགས་སོ། །
༣༽ སྣ་ཚོགས་ཉོ་པ་ལ། མངོན་པ་མཛོད་ཀྱི་འགྲེལ་པ་གནམ་ལྕགས་ཐོག་སེར་བློ་གྲོས་བརྟན་པས་མཛད་པ། ཞ་ལུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བ། ༤༽ སྣ་ཚོགས་ཐོ་དོ་གཉིས་ལ། ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ་དོན་གྱི་དེ་ཁོ་ན་ཉིད་ཅེས་བྱ་བ། སློབ་དཔོན་བློ་གྲོས་བརྟན་པས་མཛད་པ། འདི་སྔར་གངས་ཅན་དུ་མཛོད་ཀྱི་འགྲེལ་བཤད་སློབ་དཔོན་བློ་གྲོས་བརྟན་པས་མཛད་པ་གནམ་ལྕགས་ཐོག་ཟེར་ཞེས་བྱ་བ་ཡོད་དོ། །ཞེས་མཁས་པ་རྣམས་ལ་དེ་ཙམ་གྲགས་པ་མ་གཏོགས་མ་འགྱུར་བ་ལས། འདིའི་རྒྱ་དཔེ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་གཞོན་ནུ་དཔལ་བའི་ཕྱག་ཏུ་བྱུང་བ། རྗེ་ཉིད་མཛད་པ་མཐར་ཕྱིན་པས་འགྱུར་མཛད་པ་མ་གྲུབ་པ་ལས། ཞྭ་ལུ་ལོ་ཙཱ་བ་དྷརྨཱ་པཱ་ལ་བྷ་དྲ་ཞེས་པས་འདིའི་རྒྱ་དཔེ་ངོ་བོ་དང༌། དཔེ་དཔང་གི་རྒྱ་དཔེ་སྟག་ལུང་ནས་གནས་གཉིས་པའི་སྨད་དང་གསུམ་པ་དང་བཞི་པའི་སྟོད་རྣམས་མ་གཏོགས་ཚང་བ་ཞིག་རྙེད་པ་དང་རང་འགྲེལ་གྱི་རྒྱ་དཔེ་དང་སྔར་སྨོས་པའི་བོད་དཔེ་རྣམས་ལ་གཏུགས་ཤིང་དཔྱད་དེ། སྔོན་གྱི་མཁས་པ་རྣམས་ཀྱི་བཀས་བཅད་བཞིན་གཞིས་ཁ་ལྷུན་གྲུབ་ལྷ་རྩེ་ནས་འགོ་བརྩམས་ཏེ། ཤར་ཕྱོགས་ཀོ་བོའི་སའི་ཆ་དགའ་ལྡན་མ་མོའི་གཙུག་ལག་ཁང་དུ་རྫོགས་པར་བསྒྱུར་བའི་ཡི་གེ་བ་ནི་དགེ་བའི་བཤེས་གཉེན་ཡོ་ག་སངས་རྒྱས་འཕེལ་བ་ཞེས་བྱ་བས་བགྱིས་སོ། །ཞེས་པ་འདི་དག་དང་། སྒྲ་གཞུང་འགའ་ཞིག་བཞུགས་འདུག་པ་སློབ་དཔོན་འདིས་མཛད་པ་ཡིན་མིན་དཔྱད་དགོས་ཤིང་། དབུ་མ་རྩ་བའི་རྒྱ་འགྲེལ་གྲགས་ཆེན་བརྒྱད་ལས། ག་ལས་འཇིགས་མེད་ནི་རང་གི་མཇུག་ཏུ། རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་མེད་པ། ཞེས་བྱུང་བ་ལྟར་ཀླུ་སྒྲུབ་ཀྱི་ཁྱད་ཆོས་སུ་བྱེད་ལ། དེ་བ་ཤརྨ་ནི་ལྷའི་དགེ་སྦྱོང་ངམ་དགེ་བའི་ལྷ། གུ་ཎ་མ་ཏི་ནི་ཡོན་ཏན་བློ་གྲོས། གུ་ཎ་ཤྲཱི་ནི་ཡོན་ཏན་དཔལ། སྠི་ར་མ་ཏི་ནི་བློ་གྲོས་བརྟན་པའོ། །བོད་དུ་ག་ལས་འཇིགས་མེད། བུདྡྷ་པཱ་ལི་ཏ། ཤེས་རབ་སྒྲོན་མེ། ཚིག་གསལ་བཞི་དང་། འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ལས་གཞན་རྣམས་བོད་སྐད་དུ་མ་བསྒྱུར་བས། སློབ་དཔོན་བློ་བརྟན་གྱི་འགྲེལ་པའང་མ་བསྒྱུར་བའི་ཁོངས་སུ་ལུས་པ་རྣམས་དང་། གཞན་ཡང་མདོ་དཀོན་མཆོག་བརྩེགས་པའི་ལེའུ་ཞེ་དགུ་ཡན་ཆད་ཐུགས་ལ་མངའ་ཞིང་། དེའི་འགྲེལ་པ་དང་། ཆོས་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ། རབ་ཏུ་བྱེད་པ་སྡེ་བརྒྱད་ཀྱི་འགྲེལ་པ་སོགས་བཞུགས་སོ།།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་དེབ་ཐེར་སྔོན་པོ་གསར་མ་ལས[4]། སེམས་ཙམ་པའི་སློབ་དཔོན་བློ་གྲོས་བརྟན་པས་མཛད་པའི་དབུ་མ་རྩ་བའི་དགོངས་པ་ངེས་པར་འགྲེལ་བའི་རྣམ་བཤད་ནི། རྒྱ་ནག་གི་འགྱུར་ཙམ་ལས་མི་བཞུགས་ཀྱང་། བམ་པོ་བཅུ་གསུམ་ཐ་ཨི་ཤོ་སྡེ་སྣོད་གསུམ་གྱི་པར་མར་ (乘中观释论) བཞུགས་ལ། དེ་མན་ཆད་བམ་པོ་བཅུ་བཞི་གཡུང་དྲུང་སྡེ་སྣོད་གསུམ་གྱི་པར་མར་ (卍字藏经) ཆ་ཚང་བར་བཞུགས། བློ་བརྟན་གྱི་རྩ་ཤེ་འགྲེལ་པར་སློབ་དཔོན་ལེགས་ལྡན་འབྱེད་ལ་དགག་པ་བརྒྱབ་པའི་ཆ་ནས་དོ་སྣང་བྱེད་དགོས། ཞེས་གསུངས་པས་བོད་ལའང་བསྒྱུར་མེད་པར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༤
[2] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༧༩
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༢
[4] དེབ་སྔོན་གསར་མ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༢༡༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༣ ནས་ ༣༥༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།