༡༥༽ སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རྣམ་ཐར།

༡༥༽ སློབ་དཔོན་རྡོ་རྗེ་དྲིལ་བུ་པ།

 

དེ་ཡང་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ནི། ཡོངས་གྲགས་རྒྱ་གར་གྱི་གྲུབ་ཆེན་དྲིལ་བུ་པ་སྟེ། མཚན་གཞན་ལ་རྡོ་རྗེ་དྲིལ་བུ་པ་དང་། དགྲ་ལས་རྣམ་རྒྱལ། བློ་གྲོས་སྙིང་པོའི་དཔལ། གྲུབ་ཆེན་གཎྜི་པ་སོགས་སུ་འབོད། སྒྲ་བཤད་ནི། ཁྱེའུ་རྡོ་རྗེར་བྱས་ཤིང་བུ་མོ་དྲིལ་བུར་སོང་བ་དེ་གཉིས་ཕྱག་ཏུ་བསྣམས།

སློབ་དཔོན་ཡབ་ཡུམ་བདེ་མཆོག་ཡབ་ཡུམ་གྱི་རྣམ་པར་གྱུར་ནས་ནམ་མཁར་གཤེགས་པའི་རྫུ་འཕྲུལ་བསྟན་པས་མཚན་ལ་རྡོ་རྗེ་དྲིལ་བུ་པ་ཞེས་གྲགས་སོ།།

མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[1]། བུ་སྟོན་བཀའ་བུམ། ཆ་ ༤༠ ན༤ ལོ་ཧི་པའི་སློབ་མ་དཱ་རི་ཀ་དང༌། དེའི་སློབ་མ་སྟེ། རྒྱ་གར་ཤར་ཕྱོགས་ནཱ་ལེནྡྲའི་རྒྱལ་པོ་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས་ཏེ། ཡབ་འདས་པ་དང༌། བློན་པོ་ལ་སོགས་པས་རྒྱལ་ཚབ་ཏུ་མངའ་གསོལ། རྒྱལ་སྲིད་ལ་སྙིང་པོ་མེད་པར་གཟིགས་ནས། རིམ་གྱིས་དཔལ་ནཱ་ལེནྡྲར་བྱོན། མཁས་པ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས། རིག་པའི་གནས་ལ་སྦྱངས་པ་མཛད་པས་རིག་པའི་གནས་དང༌། སྡེ་སྣོད་ཐམས་ཅད་ལ་མཁས་པའི་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ཏོ།།

དེའི་ཚེ་མུ་སྟེགས་རལ་པ་ཅན་ཞིག་རྒྱལ་པོ་ལ་དཔང་དུ་གསོལ་ནས། བསྟན་པ་རྒྱན་དུ་བཙུགས་ཏེ་རྩོད་པ་བྱེད་དུ་བྱུང་བ་ལ། པཎྜི་ཏ་གཞན་གྱིས་མ་ནུས་ཏེ། སློབ་དཔོན་གྱིས་དེ་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཅུག་པས་སློབ་དཔོན་དགྲ་ལས་རྒྱལ་བ་ཞེས་གྲགས་སོ། །དེའི་ཚེ་རྒྱལ་པོའི་མཆོད་གནས་སུ་བཟུང་ནས་སྡེ་སྣོད་གསུམ་ལ་ཐོས་བསམ་ཉན་བཤད་མཛད་དོ། །དེའི་ཚེ་བླ་མ་དཱ་རི་ཀ་པ་དང་མཇལ་ནས་གུས་པས་བཏུད་དེ་རྗེས་སུ་འཛིན་པར་ཞུས་པས། དེས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་གནང་སྟེ། དབེན་པར་སོང་ལ་སྒྲུབས་ཤིག་ཅེས་ལུང་བསྟན། དེར་བྷཾ་ག་ལའི་ནགས་ཁྲོད་དབེན་པ་ཞིག་ཏུ་སྒྲུབ་པ་མཛད་ཀྱིན་བཞུགས་པས། རེ་ཞིག་ཁྱེད་ཨོ་རྒྱན་དུ་སོང་ཞིག །དེར་ཕག་རྫི་མ་ཞིག་གིས་རྗེས་སུ་འཛིན་པར་འགྱུར་རོ། །

ཞེས་ནམ་མཁའ་ལས་སྒྲ་བྱུང་ནས་དེར་ཕྱིན་ཏེ། ཕག་རྫི་མོ་མཐོང་ཚད་ལ་ཕྱག་ཕུལ་གསོལ་བ་བཏབ་པ་དང༌། ལན་ཅིའང་མ་བྱུང་བས་ཐུགས་ཆད་པ་དང༌། ཕག་རྫི་རྒན་མོ་མདོག་ཤིན་ཏུ་མི་སྡུག་པ། གོས་ཧྲུལ་བ་བྱས་པ་རེས་དགོད། རེས་ངུ་བ་ཞིག་བྱུང་བ་ལ་ཕྱག་དང་མཆོད་པ་བྱས་ཏེ་རྒྱུ་མཚན་དྲིས་པས། སྔགས་དར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་གསུངས། དེར་མཁའ་འགྲོ་མར་ཤེས་ཏེ། ཞབས་སྤྱི་བོར་བླངས། རྗེས་སུ་འཛིན་པར་ཞུས་པས། དེར་རང་གཟུགས་དངོས་སུ་བསྟན། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་ངག་གནང་ནས་ལྷོ་ཕྱོགས་སུ་སྒོམས་ཤིག་ཅེས་ལུང་བསྟན་ཏོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་པས་ལྷོ་ཕྱོགས་ཨོ་ཌི་བི་ཤ་ཞེས་བྱ་བའི་ཡུལ་ཕྱོགས་ཀྱི་ནགས་ཁྲོད་དབེན་པ་ཞིག་ན་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པ་དེའི་ཚེ། ཡུལ་དེའི་རྒྱལ་པོས་སོས་ཀའི་དུས་སུ་སྐྱོ་བ་བསངས་ཤིང༌། རི་དྭགས་ལ་འཕོང་བསླབ་པའི་དོན་དུ་ནགས་གསེབ་མཐུག་པོར་བྱོན་པ་དང༌། རྒྱལ་པོ་དེས་སློབ་དཔོན་མཐོང་སྟེ། དགེ་སློང་འདི་གཟུགས་ཤིན་ཏུ་རིད་པ། ལུས་ཉི་ལྷགས་ཀྱིས་གཟིར་ཅིང༌། འཚོ་བར་བྱ་བའི་དངོས་པོ་གང་ཡང་མེད་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ། ངས་ཟས་སྦྱིན་གྱིས་གྲོང་ཁྱེར་དུ་འདོང་ངོ༌། །ཞེས་སྨྲས་སོ། །དེའི་ཚེ་སློབ་དཔོན་རིམ་ལྔ་ལ་བློ་སྦྱོང་བའི་རིམ་པ་གསུམ་པ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པར་བཞེད་པའི་སྐབས་སུ་བབ་སྟེ། མངོན་པར་ཤེས་པས་གཟིགས་པས་ཕྱག་རྒྱ་འགྲུབ་པར་གཟིགས་ནས།

དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། །

དེ་ནི་རྩྭ་རྩེ་ཆུང་བ་བས་ཀྱང་ཆུང་བའི་འབྱོར་པས་འཁྱིགས་པ་ཡིན། །

རྒྱུན་མི་ཆད་པར་ཆང་འཛག་པ་ཡི་འགྲམ་ལྷག་ནག་པོར་གྱུར་པ་ཡི། །

གླང་ཆེན་རྣམས་ནི་པདྨའི་སྐུས་པ་ཕྲ་མོས་འཁྱིགས་པར་མ་ནུས་ཤིང༌། །

ཞེས་གསུངས་པ་དང༌། རྒྱལ་པོ་ཁྲོས་ནས་ངས་འདི་གྲོང་ཁྱེར་དུ་དམའ་ཕབ་པར་བྱའོ། །ཞེས་གྲོང་ཁྱེར་དུ་ཕྱིན་ནས་དྲིལ་བསྒྲགས་པ། ནགས་གསེབ་ཀྱི་བཙུན་པ་འདི་ལ། གྲོང་ཁྱེར་དུ་དམའ་དབབ་པར་སུ་ཡིས་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་ཆང་འཚོང་མ་ཞིག་ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་སུ་གྱུར་པ་ཞིག་ཡོད་པ་དེ་ན་རེ། ངས་གྲོང་དུ་འདི་དམའ་དབབ་པར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་ནི་རྒྱལ་པོས་གྲོང་ཁྱེར་ནས་བསྲིངས། བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱེད་པར་ཞུས་པས། སྐལ་བ་དང་ལྡན་པར་གཟིགས་ནས་གནང་སྟེ། དེ་ལ་དབང་དམ་ཚིག་ཐམས་ཅད་ཀྱི་སྣོད་དུ་རུང་བར་བྱས་ཏེ་ཕྱག་རྒྱ་མ་བྱས་ནས། རིམ་པ་ལྔ་པ་མཐར་ཕྱིན་གྱི་བར་དུ་ལོ་བཅུ་གཉིས་ཀྱི་བར་སྒྲུབ་པ་མཛད་དོ། །དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པས། ཨོ་ཌི་བི་ཤ་ན་གནས་པ་རྣམས་རྡོ་རྗེ་ཐེག་པ་ལ་གཟུད་པར་འདོད་པ་དང་མ་འོངས་པའི་སེམས་ཅན་དམན་པ་རྣམས་ཀྱི་དོན་དུ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲངས་པའི་དགོངས་པ་དང༌། སློབ་དཔོན་བདག་ཉིད་ལ་འགྲོ་བ་རྣམས་ཀྱིས་མི་མོས་པ་བཟློག་པར་བྱ་བའི་དོན་དུ། གྲོང་ཁྱེར་དུ་བཞུད་པར་བཞེད་ནས་སྤྲུལ་པའི་བུ་དང༌། བུ་མོ་ཞིག་ཀྱང་སྤྲུལ་ཏོ། །དེ་ན་རྒྱལ་པོས་ཆང་འཚོང་མ་ལ་མངགས་ཏེ། དེ་རིང་ནགས་གསེབ་ནས་དགེ་སློང་ཁྲིད་ལ་ཤོག་ཅིག་སྨྲས་སོ། །གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་སྒོ་དྲུང་དུ་འཚོགས་སུ་བཅུག་སྟེ། ལམ་རིམ་པ་བཞིན་ཆང་གི་བུམ་པ་བསྒྲིགས་སུ་བཅུག་སྟེ་སྤྱན་དྲངས་པའི་ཚེ། སྤྲུལ་པའི་བུ་ནི་གཡས་ནས་རྒྱུགས། བུ་མོ་ནི་གཡོན་ནས་རྒྱུགས། སློབ་དཔོན་གྱིས་རྭའི་བཤོར་ཞལ་དུ་བཅུག་པ་ལ་ཇོ་མོས་ཆང་གི་བུམ་པ་བཏེག་ཅིང་རིམ་བཞིན་དུ་བྱོན་ནས་གྲོང་ཁྱེར་དུ་སླེབས་པའི་ཚེ། རྒྱལ་པོས་དབུ་བྱས་གྲོང་ཁྱེར་བ་རྣམས་ཀྱིས། སྔར་གྱི་སློབ་དཔོན་འདི་རང་གི་གླུ་ལེན་ཅིང་རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་འོང་བར་ཆང་འཚོང་མའི་བུ་མོས་བོས་པའི་ཚེ་དེ་ལ་བབས་པའོ། །ཞེས་ཐལ་མོ་བརྡབས་ཤིང་གད་མོའི་སྒྲ་བྱས་པས་སློབ་དཔོན་གྱིས་སྔར་དགོངས་པ་དང༌། རང་གི་ནུས་པ་བསྟན་པའི་ཕྱིར་རྭའི་བཤོར་ཞལ་དེ་ས་ལ་བརྡབས་པས། ས་འོག་རིམ་པ་བདུན་དུ་ཕུག་སྟེ་ས་འོག་གི་ཆུ་ཆེན་པོ་གྱེན་དུ་ཕྱུང་ངོ༌། །སློབ་དཔོན་ཉིད་ཧེ་རུ་ཀར་བྱས། བཙུན་མོ་ནི་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས་ཏེ། བདེ་མཆོག་ལྷན་ཅིག་སྐྱེས་པའི་རྣམ་པར་བྱས་ནས་མཁའ་ལ་གཤེགས་སོ། །རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་པས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས་ཐམས་ཅད་ཀྱིས། ན་མོ་ལོ་ཀེ་ཤྭ་རཱ་ཡ་ཞེས་གསོལ་བ་བཏབ་པས། ཆུའི་དབུས་ན་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་བྱུང་སྟེ། དེ་ལ་ཆུ་རྣམས་བསྐོར་བ་ལན་བདུན་བྱས་ནས་འོག་ཏུ་སོང་ངོ༌། །ཐུགས་རྗེ་ཆེན་པོའི་སྐུ་ནི་དེང་སང་ཡང་བྱིན་རླབས་ཆེ་ཞིང༌། འགྲོ་བ་ཐམས་ཅད་སྐྱོབ་པར་འགྱུར་བ་ཡིན་ནོ། །ཨོ་ཌི་བི་ཤ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་ཚུད་ནས་དངོས་གྲུབ་ཐོབ་པ་མང་པོ་བྱུང་ངོ༌། །སློབ་དཔོན་དེས་ཕྱི་རབས་ཀྱི་སྐྱེ་བོ་རྣམས་ཀྱི་དོན་དུ། རང་བཞིན་གྱིས་གྲུབ་པ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དང༌། སྒྲུབ་ཐབས་བསྐྱེད་རིམ། རིམ་པ་ལྔ་པ་རྫོགས་རིམ། དེའི་རང་འགྲེལ། ལྷན་སྐྱེས་ཀྱི་སྒྲུབ་ཐབས། ལྷ་ལྔའི་སྒྲུབ་ཐབས། ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ་སོགས་པ་མཛད་དོ། །

བུ་སྨད་བཅས་ཤིང་དངོས་གྲུབ་བརྙེས། བྷཾ་ག་ལ་རུ་ལུང་བསྟན་ཐོབ། །

རྡོ་རྗེ་དྲིལ་བུ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པས། སྐྱེས་བུ་དམ་པ་དེའི་དུས་རབས་ནི་བརྒྱ་ཕྲག་ ༥ པའི་ནང་ཙམ་མོ། ཞེས་བྱུང་ངོ་།།

དེ་ལྟར་སློབ་དཔོན་རྡོ་རྗེ་དྲིལ་བུ་པས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[2]། དེས་ནི་རྡོ་རྗེ་དྲིལ་བུ་པ་ལ་གདམས་པ་ཡིན་ཏེ། སློབ་དཔོན་དེ་ནི་ཨོ་ཌི་ཤ་དང་ཉེ་བའི་རྒྱལ་རིགས་ཤིག་ནཱ་ལནྡར་རབ་ཏུ་བྱུང༌། བློ་གྲོས་སྙིང་པོའི་དཔལ་ཞེས་མཚན་བཏགས། ཕྱིས་མཁས་པ་ཆེན་པོར་གྱུར་ནས། མུ་སྟེགས་ཀྱི་རྒོལ་བ་ཚར་བཅད་པས། དགྲ་ལས་རྣམ་པར་རྒྱལ་བའི་ལྷ་ཞེས་གྲགས། ནཱ་ལནྡའི་མཁན་པོར་ཡང་ལན་ཅིག་མངའ་གསོལ་སྐད། ཅེས་སློབ་དཔོན་རྡོ་རྗེ་དྲིལ་བུ་བས་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་སོ།།

དེ་བཞིན་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[3]། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ནི། རྒྱ་གར་ཤར་ཕྱོགས་རཎྜའི་རྒྱལ་པོའི་སྲས་སུ་འཁྲུངས། ཡབ་འདས་ནས་རྒྱལ་སྲིད་བསྐྱངས། ཞེན་པ་ལོག་ནས་བྲོས་ཏེ་ནཱ་ལེནྡྲར་མཁན་པོ་རྒྱལ་བའི་ལྷ་ལ་བསྙེན་པར་རྫོགས་མཚན་བློ་གྲོས་སྙིང་པོར་བཏགས། རིག་པའི་གནས་ཐམས་ཅད་སྦྱངས། མུ་སྟེགས་རལ་པ་ཅན་བཏུལ་བས་སློབ་དཔོན་དགྲ་ལས་རྒྱལ་ཞེས་གྲགས། ཞེས་ཀྱང་བྱུང་ངོ་།།

གཞན་ཡང་ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ལས་[4]ཀྱང་། བི་ལ་སྱ་བཛྲས་སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལ་གདམས་པ་ཡིན་ཏེ། ཨོ་ཌི་བི་ཤའི་རྒྱལ་རིགས་ཤིག་ནཱ་ལནྡར་རབ་ཏུ་བྱུང་། མཚན་བློ་གྲོས་སྙིང་པོར་བཏགས། མཁས་པ་ཆེན་པོར་གྱུར། མུ་སྟེགས་ཀྱི་རྒོལ་བ་ཚར་བཅད་པས་དགྲ་ལས་རྣམ་པར་རྒྱལ་བའི་ལྷར་གྲགས་ཤིང་མཁན་པོ་ཡང་མཛད། ཅེས་མཁན་པོའི་མཛད་ཁུར་བཞེས་པར་གསལ་ལོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༣༩༣

[2] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༠༩

[3] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༡བ༣

[4] ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༨༥༧

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༦༥ ནས་ ༡༧༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *