༥༽ སློབ་དཔོན་ཟག་ཟད་སྡེའི་རྣམ་ཐར།

༥༽ སློབ་དཔོན་ཟག་ཟད་སྡེ།

 

དེ་ཡང་སློབ་དཔོན་ཟག་ཟད་སྡེ་ནི། རྩེ་ལེ་སྣ་ཚོགས་རང་གྲོལ་ (1608/1605-1677) གྱིས་མཛད་པའི་གཞན་བསྐུལ་གྱི་ངོར་བྲིས་པའི་སྨོན་ལམ་གྱི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ནོར་བུའི་མཛོད་ཁང་ལས[1]། ཤེས་རབ་མཆོག་ལྡན་ཤཱ་རིའི་བུ། །རྒྱལ་སྲས་སྒྲ་གཅན་འཛིན་བཟང་པོ། །བྲམ་ཟེ་ཆེན་པོ་རཱ་ཧུ་ལ། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །

མགོན་པོ་ཀླུ་སྒྲུབ་ལེགས་ལྡན་འབྱེད། །དཔལ་སྦས་ཡེ་ཤེས་སྙིང་པོ་དང༌། །གངས་ཅན་བསྟན་རྩ་ཞི་བ་འཚོ། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །སྦ་བཙུན་རཏྣ་གཡོ་དམར་གཙང༌། །བླ་ཆེན་གྲུམ་སྟོན་ཀླུ་མེས་སོགས། །དབུས་གཙང་མི་བཅུ་སྨད་འདུལ་རྒྱུད། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །སྒྲ་གཅན་འཛིན་སློབ་ཟག་ཟད་སྡེ། །ཆོས་སྡེ་དྷརྨ་པཱ་ལའི་ཞབས། །པྲཛྙཱ་པཱ་ལ་སྟོད་འདུལ་རྒྱུད། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །ཀླུ་སྒྲུབ་ཡོན་བློ་རིན་ཆེན་བཤེས། །ཆོས་བཟང་གུ་ཎ་སཱ་ག་ར། །ཆོས་ཀྱི་ཕྲེང་བ་ཞི་འབྱུང་སྦས། །བཀྲ་ཤིས་བྱིན་རླབས་ཆར་ཆེན་ཕོབ། །པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ། །ཞེས་ཤཱ་རིའི་བུ་ནས་དབུས་གཙང་མི་བཅུ་བར་སྨད་འདུལ་གྱི་བླ་བརྒྱུད་རྣམས་དང་། སྒྲ་གཅན་འཛིན་གྱི་སློབ་མ་ཟག་ཟད་སྡེ་ནས་སྟོད་འདུལ་གྱི་བླ་བརྒྱུད་རིམ་པར་གསུངས་པ་ལས། སློབ་དཔོན་ཟག་ཟད་སྡེ་ནི་བྲམ་ཟེ་སྒྲ་གཅན་འཛིན་གྱི་སློབ་མ་ཡིན་པར་གསུངས་པས། མགོན་པོ་ཀླུ་སྒྲུབ་དང་དུས་མཉམ་ལྟ་བུར་བྱོན་པ་ཞིག་ཡིན་ལ། དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། ཞིང་མོ་ཆེ་བ་བྱང་ཆུབ་སེངྒེས་བྲིས་པའི་ཚིགས་བཅད་ལྷུག་པར་བཀྲོལ་བ་ཡིན་ལ་སྡོམ་རྒྱུན་ནི། དགྲ་གཅན་ཟིན། ཟག་ཟད་སྡེ། ཆོས་ཀྱི་སྡེ། དྷརྨ་པཱ་ལ། ཞེས་འདོད་པར་སྣང་ལ། སྟོད་འདུལ་འདི་ཤིན་ཏུ་དག་པར་གྲགས་ཀྱང་། མཁན་རྒྱུད་འདི་ལ་བར་ནས་ཁ་ཡར་ཆད་པ་ཅིག་ཡིན་པར་དོགས་སོ། །ཞེས་སྒྲ་གཅན་འཛིན་ནས་ཟག་ཟད་སྡེ་ལས་སྟོད་འདུལ་གྱི་བརྒྱུད་པ་བྱུང་བར་གསུངས་སོ།།

དེ་ལྟར་སློབ་དཔོན་ཟག་ཟད་སྡེས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་ཚུལ་ནི། འབྲུག་པ་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[3]། ཤཱཀྱ་བཤེས་གཉེན་གྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ལ། དེའི་སློབ་མ་འབར་བའི་གཙོ་བོ་མཚན་དེ་ཝ་ཀ་ར་དེས་ཀླུ་སྒྲུབ་ཀྱང་མཇལ་ནས་རིག་པའི་གནས་ཐམས་ཅད་ལ་མཁས་པར་གྱུར་པས་ཤོད་ཅིག་པར་དཔོན་སློབ་གཉིས་ཀས་གདམས་ཏེ། ནཱ་ལེནྡྲར་འཆད་ཉན་བྱེད་པའི་དུས་མུ་སྟེགས་མང་པོ་རྩོད་པས་ཕམ་པར་བྱས་པས། ཐམས་ཅད་ཀྱིས་རྒྱལ་བའི་ལྷར་མཚན་གསོལ་ཞེས་ཨ་བྷྱས་གསུངས། དེས་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་བརྙེས་ཏེ་གདུགས་ཡུ་བ་མེད་པ་ནམ་མཁའ་ལ་འཇོག་ཤེས། ཌཱ་མ་རུ་ནམ་མཁའ་ལ་འཕངས་པས་མུ་སྟེགས་རྣམས་ཀྱི་རྩོད་པ་བཟློག་ནུས་པ་ཡོད་པས། མངོན་པའི་ང་རྒྱལ་སྐྱེས་ཏེ་བླ་མ་གཉིས་ཀྱི་བཀའ་བཅག །ཟག་ཟད་སྡེ་ལ་ནཱ་ལེནྡྲ་གཏད། སྤྱོད་པ་ལ་བྱོན་པས། མུ་སྟེགས་ཀྱི་རྣལ་འབྱོར་མ་མ་སྨད་གཉིས་ལ་བཟའ་ཤིང་གི་རྭ་བ་ཡོད་པ་ལ་དཔལ་འབྲས་བསླངས་པས། བུ་མོས་ཁྱོད་རྣལ་འབྱོར་པ་ནུས་པ་ཅན་ཞིག་འདུག་པས་ཁྱོད་རང་ཕོབ་དང་ངས་དྲང་གི་ཟེར། སློབ་དཔོན་གྱིས་ཏིང་ངེ་འཛིན་དང་ལྟ་སྟངས་བྱས་པས་ས་ལ་འབྱར་གྱིས་བབས་སོ། །བུ་མོ་དེས་ལྟ་སྟངས་བྱས་པས་སླར་གྱེན་ལ་ལོག་པས། མ་ན་རེ། དེ་ལྟར་མ་བྱེད་ཤིང་ཐོག་ཕོབ་ལ་རྣལ་འབྱོར་པ་ལ་དྲོངས་ཟེར། སློབ་དཔོན་སྐྱེངས་པས་ད་ང་མི་འདོད་བྱས་པས། བུ་མོ་ན་རེ། ང་རྒྱལ་ཅན་ཞིག་འདུག་གི་ཞག་གསུམ་ན་ངས་སྔགས་ཀྱི་སྦྱོར་བས་ཁྱོད་གསད་པར་བྱའོ། །སྲུང་བ་དྲག་ཏུ་གྱིས་ཤིག་ཟེར། སློབ་དཔོན་བྲེད་ནས་ས་མཱ་དྷཱི་ལ་སྙོམས་པར་ཞུགས་པས་ཞག་གསུམ་ལོན་ཙ་ན་ཅིའང་མ་བྱུང༌། ད་མ་ཚུགས་པ་ཡིན་སྙམ་སྟེ་བཞེངས་ནས་སྤྱོད་པ་ལ་བྱོན་པ་དང་ཐིག་ལེ་ཁྲག་ཏུ་གཟགས་ནས་བསྙུངས། སློབ་མས་ཅི་ཕན་དྲིས་པར་རྒྱ་མཚོའི་ལྦུ་བ་ཕན་ཟེར། སློབ་མ་རྐང་མགྱོགས་གྲུབ་པ་ཞིག་གིས་བླངས་ཏེ་འོངས་པ་དང༌། བུ་མོ་དེས་དེ་སློབ་དཔོན་གྱིས་གསོལ་ན་གསོས་ལ། དེར་མོ་ལ་གནོད་པར་གོ་ནས་སློབ་མ་གཉིས་ཀྱི་དྲུང་དུ་ཕྱིན་ནས་གར་ཕྱིན་དྲིས་པས་བཤད་དོ། །དེ་ན་རེ་ཁྱེད་གཉིས་དད་པ་དང་ལྡན་པ་བླ་མ་ལ་གུས་པ་ལ། སློབ་དཔོན་གྲོངས་ནས་ཞག་གསུམ་ལོན། ད་དེས་ཅི་བྱེད་བྱས་པས། ཕོ་ནས་ལོག་པ་ན་སློབ་དཔོན་གྱིས་སྨན་ལོན་ནམ་གསུངས། ལོ་རྒྱུས་ཞུས་པས། ད་རེས་བླ་མའི་བཀའ་བཅག་པའི་སྐྱོན་ཡིན་གྱིས་འཆི་སྟེ། ང་ཞག་བདུན་ལ་སློབ་དཔོན་ལ་བཤགས་པ་བྱས་ཏེ་གྲོང་འཇུག་བྱས་ལ་འོང་གི་དེའི་བར་ལ་ཕུང་པོ་སྲུངས་ཤིག་ཅེས་བསྒོས། མུ་སྟེགས་ཀྱི་རྣལ་འབྱོར་མས་བརྟགས་པས་གྲོང་འཇུག་བྱས་ན་མོ་ལ་གནོད་པར་གོ་ནས། ཉིན་བར་གྱི་རིང་ལ་གྲོང་ཁྱེར་གྱི་དབུས་ན་རོ་ཡོད་བྱས། མཚན་མོ་ཅེ་སྤྱང་དུ་སྤྲུལ་ནས་སྒོ་ཐམས་ཅད་བྲད་པས། དངངས་ནས་རཱ་ཙས་ཕོ་ཉར་བཏང་སྟེ་བཙལ་བས་སློབ་དཔོན་གྱི་སྤུར་རྙེད། སློབ་མ་ན་རེ། སློབ་དཔོན་གྲོང་འཇུག་བྱས་ནས་འོང་གི་བཞག་པར་ཞུ་བྱས་པས། མ་ཉན་པར་དུར་ཁྲོད་དུ་བསྐྱལ་བ་ཅེ་སྤྱང་གིས་ཟོས། ཞག་བདུན་ལོན་པ་ན་སྔར་ཤུལ་དུ་འཇའ་ཚོན་འཁྱིལ་ལེ་བྱུང་ནས་འཇུག་པའི་གནས་མེད་དེ་གླིང་བུའི་སྒྲ་ལྟ་བུ་ལས། ད་རེས་མུ་སྟེགས་ཀྱི་རྣལ་འབྱོར་མས་བར་དུ་བཅད་པས་མཆོག་གི་དངོས་གྲུབ་མ་ཐོབ། སྐྱེ་བ་ཕྱི་མ་ཞིག་རྒྱ་གར་གྱི་ཡུལ་དབུས་གྲ་བྱེ་ལར་སྐྱེས་ནས་མཆོག་གི་དངོས་གྲུབ་ཐོབ་པར་བྱའོ་ཞེས་གྲགས་ཏེ་མི་སྣང་ངོ༌། །ཞེས་སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་ཤཱཀྱ་བཤེས་གཉེན་གཉིས་ཀྱི་སློབ་མ་འབར་བའི་གཙོ་བོ་མཚན་དེ་ཝ་ཀ་ར་སྟེ་རྒྱལ་བའི་ལྷས་ཟག་ཟད་སྡེ་ལ་ནཱ་ལེནྡྲ་གཏད་པར་གསུངས་ལ། འདིའི་རྒྱལ་བའི་ལྷ་ནི་རྒྱལ་སྲས་ཞི་བ་ལྷའི་སློབ་དཔོན་བྷ་བི་དེ་ཝ་སྟེ་རྒྱལ་བའི་ལྷ་ནི་དུས་ཀྱི་ཆ་ནས་མིན་འདྲ་ཞིང་། འདི་ཙམ་ལས་སློབ་དཔོན་ཟག་ཟད་སྡེའི་རྣམ་ཐར་གྱི་དཔྱད་གཞི་ལག་སོན་མ་བྱུང་བས་ཞིབ་ཕྲ་འགོད་ཐབས་མ་གྱུར་ཏོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] སྣ་ཚོགས་རང་གྲོལ་གྱི་གསུང་འབུམ། གླེགས་བམ། ༼ང༽ དབུ་མེད་བྲིས་མ། ཤོག་གྲངས་ ༡༣༤

[2] མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༤༨༢

[3] ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༥༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༡༤ ནས་ ༡༡༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *