ལེའུ་བཅུ་པ། ནཱ་ལེནྡྲའི་དགེ་འདུན་པའི་སྐོར། ཀ༽ ནཱ་ལེནྡྲའི་དགེ་འདུན་པའི་གྲངས་དང་གྲུབ་ཆ།

ལེའུ་བཅུ་པ། ནཱ་ལེནྡྲའི་དགེ་འདུན་པའི་སྐོར།

ཀ༽ ནཱ་ལེནྡྲའི་དགེ་འདུན་པའི་གྲངས་དང་གྲུབ་ཆ།

དེ་ཡང་གནའ་རབས་སྲོལ་རྒྱུན་གྱི་བཅུ་ཕྲག་རིག་གནས་དང་། མདོ་སྔགས། ཕྱི་ནང་གི་གྲུབ་མཐའ་དང་བཅས་པའི་སློབ་གཉེར་གྱི་ལྟེ་གནས་དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བའི་ཞལ་གྲངས་དང་། འཛུལ་ཞུགས་ཀྱི་ལོ་ན། དེ་དག་གི་གྲུབ་ཆ་བཅས་ལས་དང་པོ་ནི།

རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[1]།

འཛམ་གླིང་མཛེས་པར་བྱེད་པའི་རྒྱན་རྣམས་དང་། །

རྨད་བྱུང་སློབ་དཔོན་ལ་སོགས་པཎྜི་ཏ། །

མདའ་བསྣུན་ཞབས་སོགས་གྲུབ་པ་ཆེ་རྣམས་ཀྱིས། །

ཡོངས་སུ་བསྟེན་པའི་གནས་དེ་ལ་ཕྱག་འཚལ། །

ཞེས་བསྔགས་པའི་པཎ་གྲུབ་ཉི་ཟླ་དང་མཚུངས་པ་གྲངས་མེད་ཀྱི་འབྱུང་ཁུངས་སུ་གྱུར་པའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དགེ་འདུན་པ་ཞལ་གྲངས་ཇི་ཙམ་ཡོད་པ་ནི། དེ་ཡང་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱིས་གཙུག་ལག་ཁང་བཞེངས་སྐབས་དགེ་འདུན་པའི་ཞལ་གྲངས་ཇི་ཡོད་ཆོས་འབྱུང་དེབ་ཐེར་སོགས་སུ་མི་གསལ་ཡང་། དེ་རྗེས་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་ཀྱིས་ནཱ་ལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་མཆོད་པར་གསུངས་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར་བ་དང་། པ་ཚབ་ལོ་ཙཱ་བས་མགོན་པོ་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲར་ཞལ་ཏ་བ་མཛད་པའི་ཚེ་དགེ་སློང་འབུམ་ཚོ་ཡོད་པར་གསུངས་སོ།།

དེ་བཞིན་རྒྱ་གར་གྱི་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ཀྱི་གུ་རུ་ནཱ་གཱ་རྫུ་ན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ལས[2]། སློབ་དཔོན་ཀ་ཧོ་ར་ནས་བྲོས་ཏེ་བསིལ་བ་ཚལ་གྱི་ཕ་རོལ་ནཱ་ལནྡྲར་བྱོན་ནས་རབ་ཏུ་བྱུང་སྟེ། རིག་པའི་གནས་ལྔ་ལ་སྦྱངས་པས་མཁས་པའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་བཤད་པ་ལ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞལ་གཟིགས་ཏེ། དཔལ་ནཱ་ལནྡྲ་པའི་ཆོས་སྐོར་དགེ་འདུན་བརྒྱ་བཞུགས་པའི་འཚོ་བ་དང་གནས་སྤངས་ཏེ་ཡུལ་གཞན་དུ་བྱོན་ནས་གྲོང་ཁྱེར་ཞིག་ཏུ་བསོད་སྙོམས་མཛད། ཅེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲར་བཞུགས་པའི་སྐབས་སུ་དགེ་འདུན་བརྒྱ་བཞུགས་པ་སོགས་དགེ་འདུན་པའི་ཞལ་གྲངས་ལ་མང་ཉུང་གི་བར་ཁྱད་ཤིན་ཏུ་ཆེ་བ་རྣམ་ཐར་ཁག་ཏུ་གསལ་ལོ།།

དེ་རྗེས་འཕགས་པ་ལྷའི་སྐུ་དུས་ལ་མཚོན་ནའང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པ་ལས[3]། གུ་རུ་ཀརྞ་རི་པའི་ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་བརྫུས་སྐྱེས་ཡིན། དཔལ་ནཱ་ལནྡྲའི་གཙུག་ལག་ཁང་ན་ཕར་གཤེགས་ཏེ་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་མཁན་པོ་མཛད་ནས་མཁན་བུ་འབུམ་ཡོད། ཅེས་འཕགས་པ་ལྷས་ནཱ་ལེནྡྲའི་མཁན་པོ་མཛད་སྐབས་མཁན་བུ་སྟེ་སློབ་མ་འབུམ་ཡོད་པར་གསུངས་ལ། དེ་བཞིན་སློབ་དཔོན་ཨཱརྱ་དེ་ཝའི་སྐུ་དུས་སུ་ནཱ་ལེནྡྲར་གཙུག་ལག་ཁང་ཆེན་པོ་བཅུ་བཞི་དང་། གླིང་ཕྲན་བརྒྱད་ཅུ་རྩ་བཞི། པཎྜི་ཏ་ལྔ་བརྒྱ་ཡོད་ཚུལ་རྣམ་ཐར་དུ་གསལ་ལ། འགའ་ཞིག་ཏུ་མུ་སྟེགས་རྟ་དབྱངས་ནཱ་ལེནྡྲར་རྩོད་པ་བྱེད་པར་ཡོང་སྐབས་ནཱ་ལེནྡྲར་པཎྜི་ཏ་སྟོང་དང་ལྔ་བརྒྱ་ཡོད་ཚུལ་དང་། འཕགས་པ་ལྷ་དང་མུ་སྟེགས་རྟ་དབྱངས་རྣམ་གཉིས་རྩོད་པ་མཛད་དེ་ཤྲཱི་ནཱ་ལནྡཱའི་པཎ་ཆེན་འཕགས་པ་ལྷ་ལས་ཕམ་སྟེ་མ་ཁོལ་རང་ཉིད་ནང་པར་ཞུགས་པར་མ་ཟད། ཕྱོགས་མཚམས་ཐམས་ཅད་ཀྱི་ཕྱི་རོལ་པ་སྟོང་ཕྲག་མང་པོ་ནང་པར་ཞུགས་ཤིང༌། ནཱལནྡཱ་གཅིག་པུར་ཡང་མ་ཁོལ་གྱི་རྗེས་འབྲང་སྟོང་ཕྲག་ལྷག་ཙམ་རབ་ཏུ་བྱུང་བར་གསུངས་པས་སྐབས་དེར་ཡང་དགེ་འདུན་གྱི་ཞལ་གྲངས་ཤིན་ཏུ་མང་པོ་ཡོད་པ་ཟུར་ལྟས་ལེབ་མཐོང་ཡིན། གཞན་ཡང་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[4]།

དམ་ཆོས་འཆད་པ་རྒྱུ་སྐར་ཕྲེང་བ་བཞིན། །

པཎ་ཆེན་མཁས་པའི་མཆོག་གྱུར་བརྒྱ་ཕྲག་ལྔ། །

གྲུབ་པའི་དབང་ཕྱུག་ཆེན་པོ་བཅུ་ཕྲག་བདུན། །

རབ་ཏུ་གྲགས་པ་ངོ་མཚར་དུ་མའི་གནས། །

ཞེས་བསྔགས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུད་པའི་པཎ་ཆེན་མཁས་པའི་མཆོག་ཏུ་གྱུར་པ་ ༥༠༠ དང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་གྲུབ་ཆེན་ ༧༠ འམ་བརྒྱད་ཅུ་རྩ་བཞི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་སོགས་མཁས་གྲུབ་བྱེ་བའི་འབྱུང་གནས་ཀྱི་གདན་ས་ཞིག་སྟེ། སློབ་དཔོན་དུལ་བ་ལྷས་ནཱ་ལེནྡྲའི་མཁན་པོ་གནང་སྐབས་ནཱ་ལེནྡྲར་པཎྜི་ཏ་ལྷ་འབངས་ལྗོངས་གསུམ་ནས་བཅུའི་བར་རེ་རེ་འཕར་བའི་གོ་སའི་རིམ་པ་ཡོད་ལ། དེ་དུས་པཎྜི་ཏ་གོ་ས་ཅན་སུམ་བརྒྱ་ལྷག་པ་ཡོད་སྐད། རྒྱ་ནག་གི་གནས་སྐོར་བ་དོན་དམ་པའི་ལྷོ་ཡི་རྒྱ་མཚོ་ནས་ཕྱིར་ལོག་ནང་ཆོས་བཤད་སྲོལ་ཞེས་པའི་མཚན་ཅན་ལམ་ཡིག་ཏུ་ནཱ་ལནྡཱ་ལ་གྲྭ་པ་སུམ་སྟོང་དང་། གྲྭ་ཚང་བརྒྱད། ཁང་ཚན་སུམ་བརྒྱ་ཡོད་པར་གསལ། རྒྱ་ནག་ཆོས་འབྱུང་ལས། ནཱ་ལེནྡྲའི་གཙུག་ལག་ཁང་ལ་ནང་གསེས་ཀྱི་གྲྭ་ཚང་ལྔ་ལ་དགེ་འདུན་བཞི་སྟོང་ལྷག་ཙམ་ཡོད་པར་གསུངས་ཤིང་། དུས་རབས་བདུན་པར་རྒྱ་ནག་གི་བཙུན་པ་ཐང་ཟན་བླ་མ་ནཱ་ལེནྡྲར་ཕེབས་སྐབས་དགེ་སློང་ཁྲི་ཕྲག་ཙམ་བཞུགས་པ་དང་། འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ལས[5]། ནཱ་ལེནྡྲའི་དགོན་པར་སློབ་སྦྱོང་བྱེད་མཁན་གྲྭ་པ་བཞི་སྟོང་ལྷག་ཙམ་གྱི་ནང་ནས་འདུལ་བ་དང་། མདོ་སྡེ། མངོན་པ་བཅས་པུ་ཏི་ཉི་ཤུ་བྱང་ཆུབ་མཁན་མི་ཆིག་སྟོང་ལྷག་ཙམ་ཡོད་པ་དང་། སྡེ་སྣོད་གསུམ་གྱི་པུ་ཏི་ལྔ་བཅུ་ཐམ་པ་བྱང་ཆུབ་ན་གཞི་ནས་སྡེ་སྣོད་འཛིན་པ་ཞེས་པའི་མཚན་སྙན་ཐོབ་ཀྱི་རེད། ཅེས་གསལ་ཡོད། གཞན་ཡང་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[6]། དགོན་པའི་ནང་དུ་དགེ་འདུན་པ་སུམ་སྟོང་ལྔ་བརྒྱ་ལྷག་ཙམ་ཡོད་པ་དང་། དགོན་པའི་ལྷ་སྡེར་གྲོང་ཚོ་ཉིས་བརྒྱ་དང་གཅིག་ལྷག་ཙམ་འདུག །གྲོང་ཚོ་འདི་དག་ནི་ཆོས་རྒྱལ་རིམ་བྱོན་གྱིས་དགོན་པར་བསོད་སྙོམས་དང་མཆོད་འབུལ་བྱེད་ཆེད་དུ་ཕུལ་བའི་ལྷ་སྡེ་རྐྱང་རེད། ཅེས་ནཱ་ལེནྡྲར་དགེ་འདུན་ཞལ་གྲངས་ ༣༥༠༠ ལྷག་ཙམ་ཡོད་པར་གསུངས་ལ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས[7]། ནཱ་ལེནྡྲ། སྔར་རྒྱ་གར་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡོད་པའི་དགོན་པ་གྲགས་ཅན་ཞིག་དུས་རབས་ལྔ་པ་ནས་དྲུག་པའི་དུས་འགོའི་བར་དུ་བཏབ། དེར་དགོན་ཆེན་བརྒྱད་ཡོད་པ་དང་། དགེ་འདུན་གཞིས་བྱེས་མི་གྲངས་ ༡༠༠༠༠ ཙམ་ཞིག་རྒྱུན་དུ་བཞུགས། དེར་ཐེག་ཆེན་ཐེག་ཆུང་དང༌། རིག་བྱེད། ཚད་མ། སྒྲ་རིག་པ། གསོ་བ་རིག་པ་སོགས་བསླབ་པའི་གནས་ཡིན་པས། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་སློབ་གྲྭ་མཐོ་ཤོས་ཤིག་ཏུ་གྱུར། རང་རྒྱལ་ཐང་རྒྱལ་རབས་ཀྱི་ཤྱན་ཙང་དང་ཐང་ཟན་བླ་མ་དང་དབྱི་ཅིང་སོགས་དེར་སློབ་གཉེར་ལོ་མང་མཛད། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་བསྣུབས་ཤིང༌། ཉེ་རབས་གཞི་ནས་དེའི་རྗེས་ཤུལ་ཁག་གཅིག་ས་འོག་ནས་བཏོན། ཞེས་གསལ་བ་ལྟར་གཞིས་བྱེས་གཉིས་ལ་དགེ་འདུན་གྲངས་ ༡༠༠༠༠ བརྒལ་བ་རྒྱུན་དུ་བཞུགས་པ་དང་། སློབ་དཔོན་ ༢༠༠༠ ཙམ་ཡོད་པར་གྲགས།

དེ་ལྟར་ནཱལཱནྡཱ་ནི་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་དགོན་པ་མང་པོ་བྱུང་བའི་ནང་ནས་གནས་ཡུན་[8]ཆེས་རིང་ཤོས་དང་། དགེ་འདུན་པའི་ཞལ་གྲངས་ཀྱང་འདུ་འཛོམས་ཆེ་ཤོས་ཤིག་ཡིན། དཔེར་ན། རྒྱ་ནག་ཐང་རྒྱལ་རྒྱུད་ཀྱི་དུས་སུ་རྒྱ་གར་དུ་སློབ་སྦྱོང་དང་གནས་སྐོར་ཆེད་ཕེབས་པའི་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་སློབ་གཉེར་བྱེད་མཁན་གྱི་དགེ་འདུན་པ་ཞལ་གྲངས་ ༨༥༠༠ དང་། པཎྜི་དང་དགེ་རྒན་སོགས་ ༡༥༡༠ ཡོད་པའི་གནས་ཚུལ་དྲ་རྒྱའི་[9]ནང་བཀོད་ཡོད་པ་དང་། ཡང་རྒྱའི་བཙུན་པ་རྒྱ་གར་དུ་སློབ་གཉེར་དང་གནས་མཇལ་ཆེད་ཕེབས་མི་ཚོས་རྒྱ་གར་སྐོར་བྲིས་པའི་དེབ་ནང་ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་ནཱལཱནྡཱར་དགེ་འདུན་པ་ ༡༠༠༠༠ ལྷག་ཡོད་ཚུལ་གསལ་བ་གཉིས་བར་ཧེ་བག་དེ་ཙམ་མེད་ཀྱང་། གུང་མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་ནང་[10]ཐང་སན་ཙང་ནཱལཱནྡཱར་ཕེབས་སྐབས་ནཱལཱནྡཱར་ནང་གསེས་གྲྭ་ཚང་ལྔ་ཡོད་པར་དགེ་འདུན་ ༤༠༠༠ ལྷག་ཙམ་ཡོད་ཚུལ་བྲིས་པ་དེ་གོང་དང་མི་མཐུན་པ་དེའི་ཐད་བསམ་བློ་བཏང་ན། རྒྱུན་བཞུགས་གནང་མི་ ༤༠༠༠ ལྷག་དང་། ཕྱོགས་སོ་སོ་ནས་སློབ་གཉེར་ལ་ཕེབས་པའི་སེར་སྐྱ་ཚང་མ་ ༡༠༠༠༠ ལྷག་ཅིག་ཡོད་པ་མིན་ནམ་སྙམ།

གང་ལྟར་ཕྱིས་སུ་རྒྱའི་བཙུན་པ་ཨི་ཅིང་ནཱལཱནྡཱར་སླེབས་སྐབས་དེར་དགེ་འདུན་པ་ ༣༠༠༠ དང་། གྲྭ་ཚང་བརྒྱད། ཁང་ཚན་སུམ་བརྒྱ་ཡོད་ཚུལ་ཁོང་གི་ལམ་ཡིག་བམ་པོ་བཞི་པར་གསལ། ཞེས་ཁང་དཀར་གྱི་དེབ་སྔོན་གསར་མར་[11]བྲིས་པ་སོགས་སྤྱིར་ཐང་སན་ཙང་དང་། ཡི་ཅིང་གཉིས་ཀས་བཤད་པའི་དགེ་འདུན་པའི་ཞལ་གྲངས་ཇི་ཡོད་ཐད་མི་མཐུན་པ་དེ་ཕྱོགས་གཅིག་ནས་བལྟས་ན། ནཱལཱནྡཱར་སླེབས་པའི་དུས་ཚོད་ཀྱི་སྔ་ཕྱིའི་དབང་གིས་འགྱུར་བ་སོང་བ་ཡིན་ཆོག་པ་སྟེ། ཐང་སན་ཙང་ཕྱིར་རྒྱ་ནག་ཏུ་སླེབས་ (ཕྱི་ལོ་643) ནས་ལོ་ཉེར་བརྒྱད་རྗེས་ཕྱི་ལོ་671 ཨི་ཅིང་རྒྱ་གར་དུ་ཕེབས་པ་ཡིན་སྟབས་འགྱུར་བ་དེ་རིགས་འགྲོ་སྲིད་པ་དང་གཅིག །དེ་མིན་དུས་རབས་བརྒྱད་པའི་འགོ་སྟོད་ཙམ་ནས་རིམ་བཞིན་པཱ་ལའམ་སྐྱོང་བའི་རྒྱལ་རབས་ཀྱིས་སྦྱིན་བདག་བྱས་པའི་ཨོ་ཏནྟ་པཱུ་རི་དང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་སོགས་བྱུང་བས། ནཱལཱནྡཱའི་གྲྭ་གྲངས་ཀྱིས་མཚོན་པའི་གནས་སྟངས་གང་སར་འགྱུར་བ་སོང་ཡོད་ཚོད་[12]འདུག།[13]

གཉིས་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གསར་ཞུགས་དགེ་འདུན་པའི་ལོ་ན་ཆེ་ཆུང་གི་ཆ་ནས་བརྗོད་ན། སློབ་དཔོན་བི་མ་ལ་མི་ཏྲ་དགུང་ལོ་ལྔ་ལོན་པའི་སྐབས་སུ་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་ཕེབས་ནས་པཎྜི་ཏ་རྣམས་ཀྱི་སྤྱན་སྔར་རིག་པའི་གནས་ལྔ་ལ་སྦྱངས་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་མཐའ་དག་ལ་མཁས་པར་གྱུར་པ་དང་། སློབ་དཔོན་ཀླུ་སྒྲུབ་ཐོག་མར་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བྲམ་ཟེ་སྒྲ་གཅན་འཛིན་གྱི་མདུན་ནས་རབ་ཏུ་བྱུང་སྐབས་དགུང་ལོ་བདུན་ཡིན་ཚུལ་རྣམ་ཐར་ཁག་ཏུ་གསལ་བ་དང་། སློབ་དཔོན་སྒེག་པའི་རྡོ་རྗེ་དགུང་ལོ་བརྒྱད་ཅུར་ཕེབས་སྐབས་ནཱ་ལེནྡྲར་རབ་ཏུ་བྱུང་སྟེ་མཚན་ལ་མངོན་པར་བྱང་ཆུབ་པའི་སྐལ་བ་ཅན་ཞེས་བཏགས་པར་རྣམ་ཐར་དུ་གསལ་ལོ།།

གཞན་ཡང་སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ནི། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཞིག་གི་ཟུར་བུ་ཞེས་བྱ་བ། ཆུང་ངུའི་སྐབས་ཁང་སྟེང་དུ་བསྙལ་ནས། མ་མེ་ཏོག་འཐུར་སོང་བ་ལས། བུ་ཆུང་བྱ་རྒོད་ཀྱིས་ཁྱེར་ཏེ། ཡུལ་དབུས་དཔལ་ནཱ་ལེནྡྲའི་གནྡྷོ་ལ་ཞིག་གི་རྩེ་མོར་བཞག་གོ །པཎྜི་ཏ་རྣམས་ཀྱིས་དེ་བླངས་ཏེ་གསོས་ནས་ཆེར་བསྐྱེད་པ་ན་བློ་རྣོ་བར་གྱུར་ཏེ། དགེ་སློང་སྡེ་སྣོད་འཛིན་པའི་བར་དུ་གྱུར་པར་གསུངས་པས། དགུང་ལོ་ཇི་ཡིན་མི་གསལ་ཡང་ཧ་ཅང་ཆུང་ཆུང་ཡིན་པ་ཚོད་དཔག་བྱེད་ཐུབ་ལ། མདོར་ན། དཔྱད་གཞིའི་ཡིག་ཆ་ཁག་ལས་ལོ་ན་ཆུང་ཤོས་ལྔ་ནས་ཆེ་ཤོས་བརྒྱད་ཅུ་བར་ཡོད་པར་གསལ་ལོ།།

གསུམ་པ། སློབ་གཉེར་བའི་གྲུབ་ཆའི་ངོས་ནས་བརྗོད་ན། དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་འདིར་སློབ་གཉེར་ཆེད་རྒྱ་གར་རང་ཉིད་ཀྱི་ཡུལ་མིའི་ཐོག་རྒྱལ་ཁབ་གཞན་ནས་ཕེབས་པའི་སློབ་གཉེར་བ་ནི། བོད་གངས་ཅན་ལྗོངས་དང་། རྒྱ་ནག །སི་ཡམ། ཤྲཱི་ལངྐ་། འཇའ་བ། ཉི་ཧོང་། གྷི་རིས་སི། ཨ་རབ། པཱར་ཤི་ཡ[14]། སོག་པོ། ཀོ་རི་ཡ། ཨིན་ཌུ་ནི་ཤི་ཡ། ཊ་ཀིའི་སོགས་རྒྱལ་ཁབ་ཁག་ནས་ཡོང་བའི་སློབ་གཉེར་གནང་ཡུལ་གྱི་ནང་པའི་ཆེས་མཐོའི་སློབ་གཉེར་གྱི་བསྟི་གནས་ཤིག་ཡིན་ལ། ཡུལ་གྱི་རྒྱལ་པོ་དག་གིས་མཐུན་རྐྱེན་སྦྱོར་གྱི་ཡོད་སྟབས་སློབ་གཉེར་བ་དག་ལ་རིན་མེད་ཀྱི་སློབ་སྦྱོང་གི་སྐལ་བཟང་གོ་སྐབས་ཐོབ་ཀྱི་ཡོད། རྒྱ་ནག་གི་ཐང་སན་ཙང་དང་། བོད་ཀྱི་ལོ་ཙཱ་བ་ཙ་མི་སངས་རྒྱས་གྲགས་པ་སོགས་དཔལ་ནཱ་ལེནྡྲའི་མཁན་པོ་ཡང་གནང་མྱོང་བར་གྲགས་ལ། རྒྱའི་བཙུན་པ་ཧྥ་ཤཱན་གྱི་ལམ་ཡིག་དང་། རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་སྟེ། སྡེ་སྣོད་འཛིན་པ་ཡཱེ་ཅིན་གྱི་ལམ་ཡིག་བཙུན་པ་ཧྥ་ཤཱན་གྱི་ལམ་ཡིག་ནང་། བཙུན་པ་ ༥༦ ཙམ་ཤར་ཙི་ནའི་ཡུལ་ནས་ནུབ་རྒྱ་གར་འཕགས་ཡུལ་དུ་ཆས་པའི་ཁྲོད་དུ་ཀོ་རི་ཡ་དང་། ཨབ་གྷ་ནི་སི་ཐན། ཁལ་མིག །ཝི་ཏི་ནམ་སོགས་ནས་ཀྱང་ཡོད་པར་གསལ་ལོ།།

དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་སློབ་གཉེར་བའི་གྲུབ་ཆ་ནི། རབ་ཏུ་བྱུང་ཕ་ཁོ་ན་མིན་པར་དགེ་སློང་མ་ཡང་ཡོད་པ་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་ཞལ་ལུང་གྲོལ་ཐིག་གི་རྣམ་བཤད་ཉུང་ངུ་རྣམ་གསལ་ལས[15]། བཟང་པོ་སེང་གེ་ནི་སློབ་དཔོན་ཆེན་པོ་སེང་གེ་བཟང་པོ་སྟེ། དེའི་འཁྲུངས་ཡུལ་ནི་མཐའ་འཁོབ་མིན་གྱི། དབུས་ཀྱི་ཡུལ་ཆེན་པོའི་ནང་ཚན་ཁ་བི་ཞེས་བྱ་བར་གྲགས་པའི་ནང་ན་གྲོང་ཁྱེར་རྡོ་འཇོག་ཏུ་འཁྲུངས་པའོ། །གཞུང་མང་ནི་ཤེར་ཕྱོགས་སོགས་ཀྱི་མདོ་སྡེའོ། །དེ་ཡང་ཐོས་ཙམ་དུ་མ་བཞག་པར་གཞུང་དེ་རྣམས་ལ་བསམ་བྱུང་གིས་རྣམ་པར་དཔྱད་ནས་ལེགས་པར་རྟོགས་པའོ། །རྟོགས་ནས་གཞན་ལ་བསྟན་ཚུལ་ནི། རིག་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་ན་ལེནྡྲའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་[16]ཞེས་བྱ་བ་བྲམ་ཟེའི་རིགས་སུ་སྐྱེས་པ་དད་པ་བརྟན་པ་ཞིག་ཡོད་པ་དེའི་ངོ་བོར་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་བླུན་བློས་སོགས་ཏེ། བསྡུད་འགྲེལ་སོགས་ཀྱི་བསྟན་བཅོས་རྩོམ་པ་དང༌། སྟོན་པ་སོགས་རབ་ཏུ་བྱས་ཞེས་པའོ། །ཞེས་གསུངས་པ་ལྟར་དགེ་སློང་མ་ཡང་ཡོད་པར་གསལ་ལོ།།

དེ་ཡང་བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་བྱམས་པ་དང་འབྲེལ་བའི་ཆོས་ཀྱི་བྱུང་ཚུལ་ལས[17]། དེ་ནི་ནཱ་ལེན་དྲའི་དགེ་སློང་མ་ཡོན་ཏན་བཤེས་གཉེན་ཞེས་བྱ་བས་ཞུས་ནས་གུ་ཎ་མི་ཏཱ་ཁོ་ནའི་ངོར། དཀའ་འགྲེལ་འདི་ནི་འདིར་བྱས་སོ། །བྱ་བ་དང་། འཇམ་དཔལ་ཞལ་ལུང་ལས[18]།

དེ་ལ་རྣམ་དཔྱད་རིག་འབྱུང་ཤྲཱི་ནཱ་ལེནྡྲར། །

ཡོན་ཏན་བཤེས་གཉེན་ཞེས་བྱ་རིག་ལྡན་དེ་ཡི་ངོར། །

བླུན་བློས་རབ་ཏུ་བྱས་པའི་ཕྱོགས་འགའ་རྩོམ་པའང་བྱས། །

ཤེས་བཤད་པ་ཡིན་ནོ། །དེས་ན་འདི་རྒྱུད་པའི་ནང་དུ་བགྲང་བ་ནི་ནོར་བ་ཡིན་ནོ། །སློབ་དཔོན་དེ་ལ་སློབ་མ་པཎ་གྲུབ་འདྲེས་པ་བཅོ་བརྒྱད་བྱུང་བར་ཞལ་ལུང་གི་འགྲེལ་པ་ལས་བཤད་དོ། །ཞེས་བྱུང་བ་ལྟར་དགེ་སློང་མ་ཡོད་པ་ཤིན་ཏུ་གསལ་ལོ།།

གཞན་ཡང་རབ་བྱུང་ཕོ་མོ་ཁོ་ནའི་སློབ་གཉེར་ཁང་ཞིག་ཀྱང་མིན་པར། སློབ་གཉེར་བའི་ཁོངས་སུ་རབ་ཏུ་མ་བྱུང་བའི་སྐྱ་བོའི་སློབ་མ་ཡང་ཡོད་པ་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[19]། འདིར་དགེ་འདུན་ཁོ་ན་བཞུགས་པ་མིན་གྱི་རབ་ཏུ་མ་བྱུང་བའི་སློབ་བུ་ཡང་གྲངས་མེད་པ་ཡོད་ཅིང་། རིག་བྱེད། གྲངས་ཅན། དཔྱོད་པ། རྩིས་དང་། སྒྲ་ལ་སོགས་པ་ཕྱི་རོལ་གྱི་རིག་གནས་ཐམས་ཅད་དང་། སྡེ་པ་བཅོ་བརྒྱད་ཀྱི་སྡེ་སྣོད་ཐམས་ཅད་སློབ་པར་བཤད། ཅེས་གསལ་བ་ལྟར་སྐྱ་བོའི་སློབ་མའང་ཡོད་པར་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་དགེ་བསྙེན་གྱི་རྟེན་ཅན་ལ་མཚོན་ནའང་། དགེ་བསྙེན་ཙནྡྲ་གོ་མི་དང་། པཎྜི་ཏ་དཔལ་གོ་མི་འཆི་མེད། སློབ་དཔོན་བོ་དྷི་བྷ་དྲ་སྟེ་བོད་སྐད་ཀྱི་མཚན་དུ་བྱང་ཆུབ་བཟང་པོ། ཤེར་འབྱུང་སྦས་པ། ནཱ་ལེནྡྲའི་མཁས་པ་སྒོ་དྲུག་ལས་བྲམ་ཟེ་རིན་ཆེན་རྡོ་རྗེ་མང་དུ་བྱོན་ཡོད་པ་རྣམ་ཐར་ཁག་ལས་མཁྱེན་པར་འགྱུར་རོ།།

རིགས་རུས་ཀྱི་དབང་དུ་བྱས་ཀྱང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ལས། འཕགས་པ་གྲོལ་སྡེ་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་རིགས་གང་ཡིན་རྣམ་ཐར་དུ་གསལ་བར་མ་བྱུང་ཡང་། ༡ དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ༢ དཔལ་ལྡན་ཟླ་བ་གྲགས་པ། ༣ སློབ་དཔོན་དབྱིག་གཉེན། ༤ སློབ་དཔོན་ཕྱོགས་གླང་། ༥ དཔལ་ལྡན་ཆོས་གྲགས། ༦ སློབ་དཔོན་ཡོན་ཏན་འོད་བཅས་བྲམ་ཟེའི་རིགས་ཡིན་ལ། དེ་བཞིན། ༡ སློབ་དཔོན་ཨཱརྱ་དེ་ཝ་དང་། ༢ སློབ་དཔོན་ལེགས་ལྡན་འབྱེད། ༣ རྒྱལ་སྲས་ཞི་བ་ལྷ། ༤ མཁན་ཆེན་ཞི་བ་འཚོ། ༥ འཕགས་པ་ཐོགས་མེད། ༦ སློབ་དཔོན་སེངྒེ་བཟང་པོ། ༧ སློབ་དཔོན་ཤཱཀྱ་འོད། ༨ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་རྒྱལ་རིགས་དང་། སློབ་དཔོན་སངས་རྒྱས་བསྐྱངས་དམངས་རིགས་སུ་སྐུ་འཁྲུངས་པ་ཞིག་ཡིན་པས། དཔལ་ནཱ་ལེནྡྲའི་དགེ་སློབ་ལ་རིགས་རུས་ཀྱི་རྣམ་དབྱེ་མེད་པའང་ཤིན་ཏུ་གསལ་ལོ།།

གཞན་ཡང་དཔལ་ནཱ་ལེནྡྲའི་མཁན་རབས་ཀྱི་དབང་དུ་བྱས་ཀྱང་། རྒྱལ་རིགས་སུ་སྐུ་འཁྲུངས་པའི་དཔལ་ལྡན་ཆོས་སྐྱོང་དང་། ལ་ལི་ཏ་བཛྲ། སློབ་དཔོན་མི་ཐུབ་ཟླ་བ། རིན་ཆེན་འབྱུང་གནས་ཞི་བ། ངག་གི་དབང་ཕྱུག་གྲགས་པ། འཇིགས་མེད་འབྱུང་གནས་སྦས་པ་སོགས་རྒྱལ་སྲས་མང་ལ། ནཱ་ལེནྡྲའི་མཁན་པོ་དམངས་རིགས་སྒྲ་གཅན་འཛིན་བཟང་པོ་ཆུང་བ་དང་། ནཱ་ལེནྡྲའི་མཁན་རབས་གནས་བརྟན་བྱང་བཟང་། མཁན་རབས་ཀྱི་མཐའ་མ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བཅས་རྗེ་རིགས་སུ་སྐུ་འཁྲུངས་པས། ནཱ་ལེནྡྲའི་པཎ་གྲུབ་རྣམས་རྒྱལ་རིགས་དང་། བྲམ་ཟེའི་རིགས། རྗེ་རིགས། དམངས་རིགས་བཅས་རིགས་བཞི་ལས་གྲུབ་པ་པཎ་གྲུབ་རྣམས་ཀྱི་རྣམ་ཐར་ལས་གསལ་བར་བྱུང་བས། བདག་ཅག་གི་སྟོན་པས་ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ་བོ་ཡིན་པར་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་པཎ་གྲུབ་ཀྱི་རིགས་རུས་དག་ལས་གསལ་བར་མཁྱེན་རྟོགས་ཐུབ་པ་ཞིག་ཡིན།

དེ་བཞིན་སྡེ་པའི་དབང་དུ་བྱས་ཀྱང་། རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་བླ་མ་རྒྱ་གར་བའི་ལོ་རྒྱུས་ལས[20]། འདིའི་ལོ་རྒྱུས་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཞེས་བྱ་བ་འདི་རྒྱལ་པོའི་རིགས་རྒྱལ་སྲིད་སྤངས་པ་ཞིག་ཡིན་པ་ལ། དཔལ་ནཱ་ལེནྡྲ་ན་སྤྱིར་སྡེ་པ་བཞི་[21]ཡོད་པ་ལས། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་མཁན་པོ་དྷརྨ་མི་ཏྲ་ཞེས་བྱ་བའམ། རྣམ་པར་རྒྱལ་བའི་ལྷ་ཞེས་བྱ་བ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བར་བཏགས། མཁན་པོ་དེ་ཉིད་ཀྱིས་འཁོར་ལོ་བདེ་མཆོག་གི་གདམས་ངག་ཀྱང་གནང་། སྤྱིར་ཡང་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར་ཏོ། །དེ་ནས་མཁན་པོ་དེ་འདས་པ་དང༌། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་ཐམས་ཅད་ཀྱི་མཁན་པོ་ཆེན་པོར་གྱུར་ཏོ། །ཞེས་རྩ་བའི་སྡེ་པ་བཞི་ག་ཡོད་པར་གསུངས་སོ།།

དེ་བཞིན་རྗེ་བཙུན་བསོད་ནམས་རྩེ་མོས་ (1142-1182) མཛད་པའི་བརྟག་པ་དྲུག་པའི་རྣམ་བཤད་ལས[22]། སྤྱིར་སྡོམ་པ་ཞེས་བྱ་བ་ནི། ཉན་ཐོས་སམ་བྱང་ཆུབ་སེམས་དཔའ་འམ། བསྐྱེད་པའི་རིམ་པ་གང་ལ་སྡོམ་པའི་གནས་གང་དུ་སྡོམ་པ་དང་། རང་གི་ངོ་བོ་གང་སྡོམ་པ་དང་། ཐབས་གང་གིས་སྡོམ་པ་དང་། སྡོམ་པ་དང་ལྡན་པའི་གང་ཟག་ཅེས་བྱ་བ་བཞི་དགོས་ཏེ། དཔེར་ན་ཉན་ཐོས་ལ་གནས་ནི། ནཱ་ལེནྟྲ་ལ་སོགས་པ་དང་སྡེ་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་གཞི་ལ་གནས་པ་དང་། ཞེས་དང་། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་སྡོམ་གསུམ་རབ་དབྱེའི་སྤྱི་དོན་ཡིད་བཞིན་ནོར་བུ་ལས་[23]ཀྱང་། རྗེ་བཙུན་གྱིས་གང་དུ་སྡོམ་པའི་གནས། གྲངས་ཇི་སྙེད་ཅིག་སྡོམ་པ། སྤང་བྱ་གང་སྡོམ་པ། ཐབས་གང་གིས་སྡོམ་པ། སྡོམ་པ་རང་གི་ངོ་བོ་དང་ལྔ་གསུངས་ཤིང༌། རེ་རེ་ལ་ཡང་སོ་ཐར་དཔེར་བྱས་ནས་རྫོགས་རིམ་ལ་སྦྱར། སྤང་བྱ་གང་སྡོམ་གྱི་སྐབས་སུ་བྱང་སེམས་ཀྱི་སྡོམ་པ་ཡང་དཔེར་མཛད་དོ། །

དེ་དག་གི་དོན་སོ་ཐར། བྱང་སེམས། རྫོགས་རིམ་གྱི་སྡོམ་པ་དང་བཞི་ཆར་ལ་སྦྱར་ན་གོང་དུ་སྡོམ་པའི་གནས་ནི་སོ་ཐར་ལ། ནཱ་ལེནྟྲ་ལ་སོགས་པ་སྡེ་པ་བཞི་པོ་འདུ་བའི་གནས། ཞེས་དཔལ་ནཱ་ལེནྡྲར་སྡེ་པ་བཞི་ག་འདུ་བའི་གནས་ཡིན་པར་གསུངས་སོ།།

ཡང་ནང་པའི་སྡེ་པ་བཞི་ག་ཙམ་མིན་པར་ཕྱི་ནང་གཉིས་ཀའི་སློབ་མའང་ཡོད་པའི་ཚུལ་ནི། དཔལ་ལྡན་ཟླ་བའི་རྣམ་ཐར་ལ་དཔགས་ཏེ་ནཱ་ལེནྡྲའི་གཙུག་ལག་ཁང་འདིར་ཕྱི་རོལ་པའི་སློབ་གཉེར་བ་ཡོད་པར་འདོད་མཁན་ཡོད་ལ། འགའ་ཞིག་གིས་ནཱ་ལེནྡྲར་ཕྱི་ནང་ཐམས་ཅད་ཀྱི་རིག་པའི་གནས་གང་ལ་ཡང་སྦྱང་དུ་ཡོད་ཀྱང་། གཙུག་ལག་སློབ་གཉེར་ཁང་འདིར་ཞུགས་པའི་སློབ་གཉེར་བའི་གྲལ་དུ་ཕྱི་རོལ་པ་སོགས་འཛུལ་ཞུགས་བྱ་ས་མེད། ལ་ལས་སློབ་གཉེར་བའི་ཁྲོད་ཕྱི་རོལ་པ་ཡོད་པའི་ཁུངས་ལ་འདིར་ཕྱི་ནང་གཉིས་ཀའི་རིག་པའི་གནས་སྦྱང་དུ་ཡོད་པ་དང༌། དཔལ་ལྡན་ཟླ་བའི་རྣམ་ཐར་ན། དཔལ་ལྡན་ཟླ་བ་གྲགས་པས་རྡོ་ཡི་སེངྒེ་ལ་བརྟེན་ནས་དུ་རུ་ཀའི་དམག་བཟློག་སྐབས། དཔལ་ལྡན་ཟླ་བས་ནང་པ་རྣམས་ཀྱིས་དཀོན་མཆོག་ལ་གསོལ་བ་ཐོབས། ཕྱི་རོལ་པ་རྣམས་ཀྱིས་རང་རང་གི་ལྷ་དབང་ཕྱུག་སོགས་ལ་གསོལ་བ་ཐོབས་ཞེས་གསུངས་ནས་རྡོའི་སེངྒེའི་མགོ་ལ་དབྱུག་པས་ལན་གསུམ་བསྣུན་པས། དམག་རྣམས་བཟློག་སྟེ་ནཱལནྡཱ་དམག་གི་ཉེན་ཁ་ལས་གྲོལ་བར་གསལ་བས་ཀྱང་ཤེས་ཞེས་ཟེར། དེ་རྒྱུ་མཚན་དུ་འགྲོ་དཀའ་ཞིང་། དཔལ་ལྡན་ཟླ་བའི་རྣམ་ཐར་ན། དཔལ་ལྡན་ཟླ་བས་དང་པོ་སློབ་གཉེར་སོགས་ལ་མི་བརྩོན་པའི་རྣམ་པ་ལྟ་བུར་བཞུགས་པའི་ཚེ་ནཱལནྡཱའི་དགེ་འདུན་རྣམས་ཀྱིས་འདི་སྔར་མུ་སྟེགས་པའི་གྲུབ་མཐར་ཤིན་ཏུ་སྦྱངས་པ་ཞིག་ཡིན་ན། ད་དུང་ཡང་མུ་སྟེགས་པའི་ལྟ་བ་དོར་མེད་པ་འདྲ་སྟེ་ནང་པའི་གསུང་རབ་ལ་ཐོས་བསམ་བྱེད་ཀྱི་མི་འདུག་པས་གནས་ནས་དབྱུང་བར་བགྲོས་པ་མཁན་པོ་ཟླ་བ་མགོན་པོས་མཁྱེན་ནས་དཔལ་ལྡན་ཟླ་བ་དགེ་འདུན་གྱི་ཞལ་ཏ་བར་བསྐོས་པར་བཤད་པས་ཀྱང་ཕྱི་རོལ་པ་འཛུལ་ཞུགས་བྱས་ཆོག་གི་མེད་པ་གོ་ནུས།

གཞན་ཡང་ཐང་ཟན་ཙང་ཞོན་ཙང་གི་ལམ་ཡིག་ཏུ། བརྒྱ་ལམ་ན་མ་དད་པ་དང་ཀུན་སྤྱོད་མི་གཙང་བ། ལེ་ལོ་ཆེ་བ་འགའ་ཞིག་བྱུང་ན། དེའི་གྲིབ་མ་ལ་ཆད་པ་བཅད་དེ་ངོ་ཚ་བར་བྱེད་སོགས་གསུངས་པས་མ་དད་པ་དང་ལྟ་བ་མི་གཙང་བ་སོགས་ལ་ཆད་པའི་ལས་ཀྱིས་ཚར་གཅོད་ཀྱི་ཡོད་ན། ཕྱི་རོལ་པ་ཞིག་རང་དགར་སྡོད་དུ་མེད་ཅིང༌། ཕྱི་རོལ་པ་རྣམས་ཀྱང་སློབ་གྲྭ་དེར་ཞུགས་ཆོག་གི་ཡོད་ན་མ་དད་པ་སོགས་ལ་ཆད་པའི་ལས་གཅོད་དོན་མེད། དེས་ན་སློབ་གཉེར་ཁང་འདི་ནི་ལྟ་སྤྱོད་གཙང་ཞིང་། གཞི་རྒྱ་ཆེ་བའི་ནང་པ་ཁེ་གཙང་གི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་ཞིག་ཡིན་པ་ཤེས་དགོས[24]། དེ་ཡང་ཐང་སན་བླ་མའི་ (603-664) ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[25]། དབུས་ཀྱི་གཙང་ཁང་ལ་སྟོན་པའི་སྐུ་བརྙན་བཞུགས་པའི་རྩར་དགེ་འདུན་བཞི་བཅུ་ཙམ་པས་ཉིན་བཞིན་སྦྱིན་བདག་གི་སྐུ་རིམ་བྱེད་པ་དང་། གཞན་པ་དགེ་འདུན་སྟོང་ཕྲག་དུ་མས་བསླབ་སྦྱངས་ལ་བརྩོན་པ་ཡོད་ཅིང༌། ཕལ་ཆེ་བ་གྲུབ་པའི་མཐའ་དང་རིག་པའི་གནས་དག་ལ་མཁས་པ་ཡིན། རྒྱ་ལམ་ལ་མ་དད་པ་དང་། ཀུན་སྤྱོད་མི་གཙང་བ། ལེ་ལོ་ཆེ་བ་འགའ་ཞིག་བྱུང་ན་དེའི་གྲིབ་མ་ལ་ཆད་པ་བཅད་དེ་ངོ་ཚ་བར་བྱེད་པ་ལས། དངོས་སུ་དམའ་འབེབས་སོགས་མེད། པཎྜི་ཏ་ཕྱོགས་གང་ལ་ཡང་མཁས་ཤིང་འགྲན་གྱི་དོ་མེད་པ་དག་སྒོ་སྲུང་དུ་བསྐོས་ཏེ། ཕྱོགས་གཞན་ནས་རྒོལ་འདོད་པར་འོངས་པ་རྣམས་ནང་དུ་མ་ཞུགས་གོང་དུ་ཕན་ཚུན་བརྒལ་ཏེ་རྒྱལ་ན་ནང་དུ་མི་གཏོང་བར་དེ་ཉིད་ནས་ལྡོག་ཏུ་འཇུག །དེའི་ནང་དུ་གཏོང་འོས་པའི་རྒོལ་བ་བཅུ་ལས་རེ་གཉིས་ཙམ་སྟེ་བརྒྱད་དགུ་ཙམ་ལྡོག་དགོས་པར་འགྱུར། ཞེས་གསལ། འོན་ཀྱང་རྒྱལ་ན་ནང་དུ་གཏོང་ལ། ཕམ་ན་ནང་དུ་མི་གཏོང་བར་དེ་ཉིད་ནས་ལྡོག་ཏུ་འཇུག་གོ །ཞེས་ཡིན་འདུག་སྙམ་པས་དཔྱད་པར་འཚལ་ལོ།།

མདོར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཆེན་མོར། ལོ་ནའི་ཆ་ནས་རྒན་གཞོན་གཉིས་ཀ་དང་། རབ་ཏུ་བྱུང་མིན་གྱི་སེར་སྐྱ་གཉིས་ཀ་དང་། རབ་བྱུང་ལའང་ཕོ་མོ་གཉིས་ཀ་ཡོད་པ། རྒྱལ་ཁབ་ཕྱི་ནང་གཉིས་ཀའི་སློབ་མ་ཡོད་པར་མ་ཟད། མི་རིགས་ཀྱི་དབང་དུ་བྱས་ཀྱང་རིགས་བཞི་ག་དང་། ཆོས་ལུགས་ཀྱི་ཆ་ནས་ཕྱི་ནང་གཉིས་ཀ་ཡོད་ལ། ནང་པའི་དབང་དུ་བྱས་ཀྱང་སྡེ་པ་བཞི་ཀ་ཡོད་པ་སོགས་ནི་ཐུན་མོང་མ་ཡིན་པ་ཞིག་གོ།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།

[2] སྒྲུབ་ཐབས་ཀུན་བཏུས། པོད། ༼ཤྲཱི༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡༧ན༥

[3] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གེ༽ དེང་ཨང་ ༤༨ པ། ༡༩༩༥ ལོ། ཤོག་གྲངས་ ༤༣༨

[4] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༤༦བ༡ ཨིན་ཨང་ ༤༦༦

[5] འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༠༣

[6] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་ ༡༠༥ ནས་ ༡༡༣ བར།

[7] བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ ལོ། ཤོག་གྲངས་ ༡༤༩༧

[8] ལོ་བརྒྱད་བརྒྱ་ཙམ་དུ་གནས་ཡོད་སྙམ།

[9] www.google.com/nalanda

[10] འདི་སྐོར་རྒྱ་ནག་ཆོས་འབྱུང་ནང་གསལ་བའི་ཐང་སན་ལོ་རྒྱུས་ནང་ཡོད་ཅིང་། ཐང་སན་ལོ་རྒྱུས་དེ་ཉིད་འདི་ག་དྷ་རམ་ས་ལ་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་བྱས་པའི་ཐང་སན་ལམ་ཡིག་གི་མཇུག་ཏུ་ཟུར་སྦྱར་ཡང་བྱས་ཡོད།

[11] དེབ་སྔོན་གསར་མ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༧༢

[12] བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དར་རྗེས་བོད་ཀྱི་ལོ་པཎ་རྣམས་གཙུག་ལག་ཁང་དེ་ཉིད་དུ་ཤུགས་ཆེ་ཙམ་ཕེབས་སྟབས་དེར་བོད་ཀྱི་ལོ་པཎ་རྣམས་བཞུགས་སའི་སྤྱི་ཁང་ཞིག་ཀྱང་ཡོད་པ་དེ་ཚོར་གཞིགས་ན་ནཱལཱནྡཱ་ཅུང་ཉམས་ཚོད་དུ་ངེས།

[13] ནཱལཱནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༧༧

[14] པར་སིག་སྟེ་ཏ་ཟིག་དང་དོན་གཅིག་ཅིང་། གནའ་དུས་ Persia དང་། དེང་ཨི་རཱན་གྱི་མིང་ཡིན་པར་གྲགས། དེ་ཡང་བོད་ཀྱི་ལོ་རྒྱུས་ཐོག་འཁོད་པའི་ཏཱ་ཟིག་ནི་བོད་དང་ཐག་ཉེ་བའི་པར་ཟིག་སྟེ་དབྱི་ལང་ལ་གོ་དགོས། དེའི་རྒྱུ་མཚན་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གི་ཁྲེན་ཀོན་ཁྲི་ལོ་བཅུ་དྲུག་ཕྱི་ལོ་ ༦༤༢ ཡས་མས་སུ་རྒྱ་གར་ནུབ་ཕྱོགས་ཀྱི་ཏཱ་ཟིག་ཨ་ལཱ་པོའི་དམག་དཔུང་གིས་དབྱི་ལང་ལ་དམག་དྲངས་ཏེ། དབྱི་ལང་དེ་ཨ་ལཱ་པོ་ཏཱ་ཟིག་གི་འོག་ཏུ་ཤོར་ཞིང་། དེ་ནས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་དབྱི་ལང་ལ་དབང་བསྒྱུར་མ་བྱས་བར་དུ་དབྱི་ལང་དེ་ཨ་ལཱ་པོ་ཏཱ་ཟིག་གི་མངའ་འོག་ཏུ་བསྡད་པའི་དབང་གིས་བོད་ཀྱི་ལོ་རྒྱུས་ཐོག་དབྱི་ལང་ལ་ཏཱ་ཟིག་དང་པར་སིག་ཅེས་འབོད་སྲོལ་ཡོད། ཅེས་ (དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༡༣) ཐོག་གསལ་ལོ།།

[15] སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༡༥༥

[16] སློབ་དཔོན་བདག་ཉིད་ཆེན་པོ་སེང་གེ་བཟང་པོ་ཞེས་བྱ་བ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་མང་དུ་གསན་ཅིང་མཁྱེན་པར་མཛད་ནས། བྲམ་ཟེའི་རིགས་ཀྱི་དགེ་སློང་མ་ཡོན་ཏན་བཤེས་གཉེན་གྱི་དོན་དུ་སྡུད་པའི་འགྲེལ་པ་ཡང་མཛད་ལ། གཞན་ཡང་འཆད་པ་དང་རྩོམ་པའི་བྱ་བ་མང་དུ་མཛད་དོ། ། ཞེས་ (གསང་འདུས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ། ༼ཕ༽ ཤིང་དཔར། ཤོག་གྲངས་ ༢)

[17] བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ། ༼༥༽ འཕྲུལ་དཔར་དཔེ་ཐུང་། ཤོག་གྲངས་ ༣ན༢

[18] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དི༽ དེབ་ཨང་ ༢༡ པ། ༡༩༩༥ ལོ། ཤོག་གྲངས་ ༨༢༩

[19] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༣

[20] ས་སྐྱ་བཀའ་འབུམ། གྲགས་རྒྱན་དང་པོ། ༼ཆ༽ འཕྲུལ་པར་དཔེ་རིང་། ༢༠༠༧ ལོ། ཤོག་གྲངས་ ༡ན༡

[21] ཕལ་ཆེན་པའི་སྡེ་པ་དང་། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། གནས་བརྟན་པའི་སྡེ་པ། མང་པོས་བཀུར་བའི་སྡེ་པ་སྟེ་ཐེག་ཆུང་གི་རྩ་བའི་སྡེ་པ་བཞི། དེ་དག་ཆོས་ཀྱི་ལག་ལེན་བྱེད་ཚུལ་ལ་གུ་ཡངས་དོག་དང་ལྟ་བའི་ཆ་ནས་མི་འདྲ་བ་ཡོད་པ་ཞིག་སྟེ། བཞི་པོ་དེ་ལ་ནང་གསེས་ཕྱེ་ན་བཅོ་བརྒྱད་ཡོད། (དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༦༧༢ ཐོག་གསལ།)

[22] བསོད་ནམས་རྩེ་མོའི་གསུང་འབུམ། པོད། ༼༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༣༣༩

[23] གོ་རམས་པའི་བཀའ་འབུམ། སྡོམ་གསུམ་རབ་དབྱེའི་སྤྱི་དོན་ཡིད་བཞིན་ནོར་བུ། ཤིང་དཔར། ཤོག་ ༤༣བ༥

[24] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༡

[25] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༥

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༧༩ ནས་ ༤༩༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *