ག༽ དཔལ་ནཱ་ལེནྡྲ་དང་བོད་ཀྱི་ལོ་ཙཱ་བ།
ལོ་རྒྱུས་ཡིག་ཆ་ལྟར་ན། ཕྱི་ལོ་ ༦༣༡ ལོར་རྒྱའི་ཐང་རྒྱལ་རབས་ཀྱི་ཤྱན་ཙང་ངམ་ཐང་ཟན་བླ་མ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོ་འདིར་ཕེབས་ནས་ཐོས་བསམ་སློབ་གཉེར་མཛད་ཅིང་། སྐབས་དེར་འཇམ་དབྱངས་རྣམ་སྤྲུལ་སློབ་དཔོན་ཐོན་མི་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་འདི་ནས་བྱ་དཀའ་སླ་དང་། མདོ་རྒྱུད་རིག་གནས་དང་བཅས་པར་སློབ་གཉེར་མཛད་མྱོང་བར་མ་ཟད།
རྒྱ་བོད་ཀྱི་ཡུལ་གྲུར་ནང་བསྟན་གྱི་འོད་ཟེར་ཡང་གནས་འདི་ནས་འཕྲོས་པ་ཡིན་ཏེ། དེ་ཡང་བོད་བཙན་པོའི་རྒྱལ་རབས་ལས[1]། བོད་ཀྱི་རྒྱལ་རབས་ཆོས་འབྱུང་སོགས་ལས་བཙན་པོ་ཁྲི་སྲོང་བཙན་གྱིས། བོད་ཀྱི་བློན་པོའི་བུ་རིག་པ་རྣོ་བ་བཅུ་དྲུག་ལ་གསེར་གྱི་རྫོངས་སྐལ་དང་བཅས། རྒྱ་གར་དུ་ཡི་གེ་སློབ་པར་བཏང་རུང་། ལ་ལས་ལམ་བགྲོད་པར་དཀའ་བ་ལ་འཇིགས་ནས་འགྲོ་མ་ནུས། ལ་ལ་རྒྱ་གར་དུ་སླེབས་ཀྱང་ཚད་པས་ཤི །ལ་ལས་རྒྱ་སྐད་མ་ཤེས་པས་ཕྱིར་ལོག་པ་བཅས་ཀྱིས། བཙན་པོའི་དགོངས་པ་མ་གྲུབ། སླར་བཙན་པོས་ཆུ་སྦྲུལ་ཕྱི་ལོ་ ༦༣༣ ལོར་ལྷོ་ཁ་གཉལ་གྱི་ཐོན་མི་སྣང་གྲགས་ཀྱི་བུ་ཐོན་མི་འབྲིང་ཏོ་རེ་ཨ་ནུ་སཾ་བྷོ་ཊ་སོགས། རྒྱ་གར་དུ་ཡི་གེ་སློབ་པར་བཏང་བའི་སྐོར་ཆོས་འབྱུང་མཁས་པའི་དགའ་སྟོན་ཤོག་གྲངས་ ༡༧༨ ནང་། དེ་ནས་བློན་ཆེན་ཐོན་མི་ཨ་ནུའི་བུ། །ཐོན་མི་སཾ་བྷོ་ཊ་ཞེས་མཁས་ཤིང་མཛངས། །ཡིད་གཞུངས་བློ་རྣོ་དབང་པོ་སྐྱེ་མཆེད་གསལ། །ཡོན་ཏན་དུ་མར་ལྡན་པ་གཅིག་ལ་ནི། །བཀའ་བསྒོས་གསེར་དང་ཡོ་བྱད་བསྐུར་ཏེ་བཏང་། །ཞེས་དང་། ཡང་དེ་ཉིད་ལས། རྒྱ་གར་གུཔྟའི་ཡི་གེར་དཔེ་བླངས་ནས། །ཡིག་དཀར་ཞེས་པ་དབུ་ཅན་གྱི་ཡི་གེ་བྱུང་། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བསྒྱུར། ཞེས་བྱུང་། ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་ཤེས་བྱ་ཁོག་དབུབས་ལས[2]། དེ་ནས་ཐོན་མི་སྣང་གྲགས་ཀྱི་བུ་ཐོན་མི་ཨ་ནུ་ཞེས་བྱ་བ་གཡོག་འཁོར་དང་བཅས་པ་བརྫངས་པ་བལ་པོར་ཆུ་བསྙམས་ཤིང་བསིལ་སྨན་འཁྱེར་ནས་ཕྱིན་པས། ན་ལེན་དྲར་བགྲོད་དེ་ཨ་ཤྭ་མི་ཏྲའི་སློབ་མ་ལྷ་རིག་པའི་སེངྒེ་ཞེས་བྱ་དང་ལོ་བདུན་འགྲོགས་ནས་ཡི་གེ་དང་སྒྲའི་བསྟན་བཅོས་བསླབས་ནས་ཤིན་ཏུ་མཁས་པར་གྱུར་པ་ལ། སཾ་བྷོ་ཊ་ཞེས་བླ་ཐབས་སུ་མིང་བཏགས་ཏེ། བོད་ཡང་དག་ཟེར་རོ། །ཞེས་བྱུང་བ་ལྟར་ཐོན་མི་འབྲིང་ཏོ་རེ་ཨ་ནུའམ་ཐོན་མི་སཾ་བྷོ་ཊ་ཞུ་བས་བོད་ཡིག་ཆ་ལག་ཚང་བ་གསར་བཟོས་རྗེས་ལྕགས་གླང་ཕྱི་ལོ་ ༦༤༡ ལོར་བོད་དུ་ལོག་ནས་སྲོང་བཙན་སྒམ་པོར་ཡིག་ཕུད་ཕུལ། སྲོང་བཙན་གྱིས་ཐོན་མི་ལ་བོད་ཡིག་གི་བརྡ་སྤྲོད་གཞུང་རྩོམ་དགོས་པའི་བཀའ་ཕེབས་པ་ལྟར་ཤིང་འབྲུག་ཕྱི་ལོ་ ༦༤༤ ཙམ་ལ་ཕ་བོང་ཁའམ་ཕོ་བྲང་མ་རུ་ཞེས་པར་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་བརྩམས་པར་མཛད། དེ་ལྟར་བོད་ཡིག་གི་བརྡ་སྤྲོད་གཞུང་ལུགས་དེ། ལེགས་སྦྱར་གྱི་བརྡ་སྤྲོད་གཞུང་ལུགས་རྨང་གཞིའི་ཐོག་བརྩམས་པར་མཛད་དེ། ཆེས་གཏིང་ཟབ་རྒྱ་ཆེ་བའི་རྒྱལ་བའི་གསུང་རབ་དེ་དག་བདེ་བླག་ངང་བསྒྱུར་ཐུབ་པའི་ཆ་རྐྱེན་བསྐྲུན། ཞེས་སོགས་བྱུང་བ་ལྟར། སློབ་དཔོན་ཐོན་མི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁས་པ་ཨ་ཤྭ་མི་ཏྲའི་སློབ་མ་པཎྜི་ཏ་ལྷ་རིག་པའི་སེངྒེ་སློབ་དཔོན་དུ་བསྟེན་ནས་མཁས་པར་གྱུར་ཏོ།།
དེ་བཞིན་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[3]། དེ་ན་ཐོན་མི་བསམ་བུ་ཞེས་པ་བློ་གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་བྷོ་ཌ་ལ་གསེར་ཕྱེ་བྲེ་གང་བྱིན་ནས་དེ་ལ་འཁོར་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བཅུ་དྲུག་མི་རེ་ལ་རྟ་རེ། དྲེའུ་རེ། གསེར་སྲང་བཅུ་དྲུག །གསེར་ལིངས་པ་སྲང་བརྒྱ་ཐམ་པ་བསྐུར། དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དུ་བརྫངས་བཏང་ངོ༌། །ཙནྡྲ་པའི་སློབ་མ་རིན་ཆེན་བློ་གྲོས། དེ་ཡི་སློབ་མ་གང་པའི་ཟླ་བ། དེའི་སློབ་མ་མ་ན་སམ་གྷ། དེའི་སློབ་མ་པཎྜི་ཏ་ལྷ་རིག་པའི་སེང་གེ་ལ་སྒྲ་བསླབས། རྒྱ་གར་ལྷོ་ཕྱོགས་ཀྱི་པཎྜི་ཏ་བྲམ་ཟེ་ལི་བྱིན་དང་འཕྲད་དེ་ཡི་གེ་ཞུས་པས། སྤྱིར་རྒྱ་གར་ན་ཡི་གེའི་རིགས་མི་འདྲ་བ་དྲུག་ཅུ་རྩ་བཞི་ཡོད། བསྡུ་ན་གསུམ་དུ་འདུས་ཏེ་ལན་ཛ་ལྷའི་ཡི་གེ །ན་ག་ར་ཀླུའི་ཡི་གེ །བྷ་གྲུ་མ་མིའི་ཡི་གེའོ། །ཞེས་སློབ་དཔོན་ཐོན་མི་ནཱ་ལེནྡྲར་བརྫངས་པར་གསུངས་སོ།།
དེ་བཞིན་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ (1618-1685) གྱིས་མཛད་པའི་ཐོན་མིའི་རིང་ལུགས་གསེར་གྱི་ཤིང་རྟ་རྣམ་དཔྱོད་ལམ་པོ་ཆེར་འདྲེན་པ་ལས[4]། ནམ་མཁའ་ནས་བབས་པ་ཁ་ཕྱེ་བས། མདོ་ཟ་མ་ཏོག་བཀོད་པ། པང་ཀོང་ཕྱག་རྒྱ་པ། ཙིནྡ་མ་ཎིའི་གཟུངས། གསེར་གྱི་མཆོད་རྟེན་གཅིག་རྣམས་བྱུང་བ། མིང་གཉན་པོ་གསང་བར་བཏགས། མཆོད་པས་རྒྱལ་པོས་ལོ་བརྒྱ་ཉི་ཤུ་ཐུབ། ཅེས་བྱུང་ཡང་། ཡི་གེ་མི་ཤེས་ཤིང་དོན་མི་གོ་བས། དོན་དུ་གླེགས་བམ་བྱོན་པ་ཙམ་མོ། །དེ་ནས་ཀྱང་རྒྱལ་རབས་བཞིའི་བར་དུ་བོད་ལ་ཡི་གེའི་སྲོལ་མེད། གནམ་རི་སྲོང་བཙན་གྱི་སྲས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་གྱི་དུས་བྱུང་བའི་ཚུལ། གནའི་ཡི་གེ་ལས་ཇི་ལྟར་མཐོང་བ་ནི། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་མི་རྗེ་ལྷས་མཛད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ངོ་བོ་ཉིད་དུ་གྱུར་པ་དེས་ཐུགས་ཀྱི་དགོངས་པ་མངོན་དུ་མཛད་པ་ན། འདི་སྙམ་དུ། ཕྱོགས་བཞིའི་རྒྱལ་པོ་རྣམས་ནི་དམ་པའི་ཆོས་དང་ཡི་གེ་ཟུང་དུ་ཡོད་པས། བཀའ་ཕྲིན་ཡང་ཡི་གེ་ལས་རྫོང་བ་ཞིག་ན། རང་ཅག་ལ་དེ་མེད་པས། རང་ཉིད་ཀྱང་དམན་པའི་གྲངས་སུ་འགྲོ་བ་དང་། གཞན་དག་གིས་ཀྱང་དཔྱས་པའི་ཡུལ་དུ་གྱུར་ན། ད་ནི་མི་ལས་ལྷར་བསྒྲུབ་པའི་ཐབས་དམ་པའི་ཆོས་དང་། དེ་ཉིད་རྟོགས་པའི་ཐབས་སུ་འཕྲུལ་གྱི་ཡི་གེ་ཚོལ་དུ་བཏང་བར་དགོངས་ཏེ། བློན་པོའི་མཆོག་རིགས་པ་ཅན་མགར་སྟོང་བཙན་ཡུལ་བསྲུང་ལ་བསྒོ་བས་གཡོག་དང་བཅས་ཏེ་ཏ་ལ་ཝ་ཏི་རྣམ་གསུམ་དུ་ཕྱིན་པ་ན། གཡོག་ཕལ་ཆེར་ནད་ཀྱིས་བཀུམ་སྟེ་བློན་པོ་ཉིད་ཀྱང་གུམ་དུ་དོགས་པས་འཚོམས་ནས་སླར་ལོག་གོ།
དེ་ནས་ཡུལ་ལྷོ་གཉལ་པ། རུས་ཐོ་ཡིན་པ། ཐོ་མི་སྣང་གྲགས་ཞེས་བྱ་བའི་བུ། ཐོ་མི་ཁྱེའུ་ཆུང་ཞེས་པ་ལོ་བཅོ་ལྔ་ལོན་པ་བཙན་པོའི་ཞབས་འབྲིང་ན་ནང་འཁོར་བགྱིད་པ་གཅིག་ལ། རྟགས་དང་ལྡན་པའི་སྒོ་ནས་ལས་འཕྲོ་ཅན་གྱི་བྱང་ཆུབ་སེམས་དཔར་རིག་ནས་ཁྱེའུ་ཆུང་ལ་བོས་ཏེ། ཀྱེ་རིགས་ཀྱི་བུ། སྔར་བློན་པོ་སྲོང་བཙན་ལྟ་བུའི་རིགས་པ་དང་ལྡན་པས་ཀྱང་མ་ལོན་པའི་རིག་པ་འདི་དག་ཚོལ་བ་ལ། ཁྱོད་བུས་པ་ཡིན་པས་རྔོ་ཐོག་གམ་མི་ཐོག་མ་ངེས་མོད། རྟགས་དང་ལྡན་པར་ཡང་རིག་པས། ངའི་ཞལ་སྔ་ནས་རེ་བ་འཆའ་བ། ཁྱོད་ཀྱིས་དམ་པའི་ཆོས་དང་འཕྲུལ་གྱི་ཡི་གེ་ཚོལ་དུ་བཏང་ན་རྔོ་ཐོག་གམ་ཞེས་བཀའ་རྨེད་པ་དང་། ཁྱེའུ་ཆུང་གིས་མཆིད་ནས། རྗེས་བཀའ་སྩལ་ནས་གཉེར་མི་འགུམས་པའི་ལུགས་མ་མཆིས་པ། དངོས་རང་མ་གུམ་ན་གཉེར་འགུམས་འཚལ་ཞེས་ཞུས་སོ།།
དེ་ནས་ཕོ་ཉའི་མགོ་དཔོན་དུ་རྟག་རོ་ལོ་ཤོག་བསྐོས་ཏེ་གཡོག་ལྔ་བརྒྱ་བཀྲལ་བ་དང་། ཁྱེའུ་ཆུང་གི་མཆིད་ནས། ཧ་ཅང་མང་བ་འདི་དག་གིས་ཅི་ཞིག་བགྱི་ལགས་ཏེ། བཅུས་འཚལ་ལོ་ཞེས་མཆིད་ནས། དཔོན་གཡོག་བཅུ་གཅིག་གི་ཀ་ཆ། རྒྱ་གར་རྒྱལ་པོ་ལ་བཀའ་འཕྲིན་བླ་སྐྱེས་དང་བཅས་པ་བསྫངས་ཏེ་སོང་བས། མང་ཡུལ་དུ་དགུན་ཆུ་འཐུངས་ནས། བལ་ཡུལ་དུ་བལ་རྗེ་ལ་སྐྱེས་ཕུལ་ཏེ་བསིལ་སྨན་ཞུས་པས་ག་པུར་དང་། ཅུ་གང་དང་། ཙན་དན་གྱི་ཆུ་ལ་སོགས་པ་གནང་སྟེ། སྨན་བསྟེན་ཅིང་སོང་བས་གར་ཡང་མ་གུམ་པས་གདས་ནས། དཔལ་རྒྱུན་བྱིན། ཤྲཱི་ན་ལེནྡའི་རྒྱལ་པོའི་སྤྱན་སྔར་བཀའ་འཕྲིན་བླ་སྐྱེས་ཕུལ་ཏེ། བདག་ཅག་གི་རྗེ་རྒྱལ་བཙན་པོ་ཁྱོད་ཀྱི་ཞལ་སྔ་ནས་དང་། གཅེན་ཆུང་དུ་མོལ་བར་འཚལ་ཏེ། མི་ལས་ལྷར་སྒྲུབ་པའི་ཐབས་དམ་པའི་ཆོས་དང་། དེ་རྟོགས་པའི་ཐབས་འཕྲུལ་གྱི་ཡི་གེར་བཞེད་དོ། །བཀའ་སྨེད་དེ། དེ་དག་ནོད་པར་འཚལ་ལོ་ཞེས་ཞུས་པས། རྒྱ་གར་རཱ་ཛ་ཤྲཱི་གོ་པཱ་ལ་ཞེས་བྱ་བ་དགྱེས་ནས། ཞུས་པའི་དོན་བསྐུལ་བར་གནང་སྟེ། ཐོ་མི་ཁྱེའུ་ཆུང་གི་སྐད་དང་ཡི་གེ་བསླབས་ནས། ཤྲཱི་ན་ལེནྡའི་པཎྜི་ཏ་ལ་དགེ་བ་བཅུའི་ཆོས་ཀྱི་མདོ་མཉན་ཅིང་། ཡ་ཤྭ་མི་ཏྲའི་སློབ་མ། ལྷའི་རིག་པ་སེང་གེ་ཞེས་པ་ལས་ལོ་བདུན་དུ་སྒྲའི་བསྟན་བཅོས་བསླབས་ཏེ་འཚལ་བར་བགྱིས་སོ། །དེའི་ཚེ་པཎྜི་ཏ་རྣམས་ཀྱིས། ཁྱེའུ་ཆུང་ལ་སམྦྷོ་ཊ་ཞེས་མཚན་བླ་ཐབས་སུ་གསོལ་ཏེ། བོད་བཟང་པོ་ཞེས་བྱ་བ་ཡིན་ནོ། །དེར་འཇིག་རྟེན་ཕལ་གྱིས། ཨ་ནུ་ཞེས་བོད་པར་གྲགས་པ་ནི། རྒྱ་སྐད་དུ། ཨ་ནུ་ཆུང་ངུའི་དོན་ཡིན་པས། མིའུ་ཆུང་ངུ་བོས་པར་ངེས་སོ།།
དེའི་རྒྱའི་རཱ་ཛའི་སྐྱེས་ཀྱི་ལན་དུ། མདོ་སྡེ་དཀོན་མཆོག་སྤྲིན་དང་། དམ་པའི་ཆོས་པདྨ་དཀར་པོ་དང་། བི་མ་ལ་ཨུཥྞིའི་གཟུངས་དང་། ནོར་བུ་རིན་པོ་ཆེ་ཀེ་ཀེ་རུ་ཞེས་པ་མུན་རུམ་ན་འོད་གསལ་བ་གཅིག་གནང་ནས། བོད་དུ་བྱོན་ཏོ། །རཱ་ཛ་ལ་སྐྱེས་ཕུལ་ནས། དགེ་བ་བཅུའི་མདོ་སྙན་དུ་གསོལ་བས། ཐུགས་ལ་དད་པ་འཁྲུངས་ཏེ་གཏང་རག་བཟང་པོ་སྩལ་ནས་དེ་དག་བསྒྱུར་དུ་བཞུག་པ་དང་། བོད་ལ་བོད་ཀྱི་ཡི་གེ་མཛད་པར་བཀའ་ཞུས་གནང་བ་དང་། མིའུ་ཆུང་སམྦྷོ་ཊས། ནཱ་ག་རའི་ཡི་གེ་ལས། འཐུག་པོ་ལྔ་དང་། ལོག་པ་དྲུག་དང་། མཐར་ཟད་རྣམས་དོར་ནས་བོད་སྐད་ལ་དོད་བཙལ་བའི་ཡི་གེ་དྲུག་བསྣན། ཨ་ཞབས་སུ་བཅུག་ནས། དེ་ལ་གུག་སྐྱེད་བཞི་སྦྱར་ཏེ། ཡི་གེའི་མདོ་དང་། སུམ་ཅུ་པ་དང་། རྟགས་འཇུག་གསུམ་མཛད་པས་རྒྱ་བོད་གཉིས་ཀའི་སྐད་དང་སྒྲ་མཐའ་དག་བོད་ཡིག་ལ་ཐེབས་སུ་རུང་བར་མཛད་དོ། །ཞེས་འབྱུང་ལ། ཁ་ཅིག་ནི། ཐུ་ཞེས་པ་རུས་ཡིན། མཚན་དངོས་ལ་སམྦྷོ་ཊ་ཞེས་བོད་བཟང་པོར་འཆད་པ་ཡོད་ཀྱང་ཡི་གེ་གསར་རྙིང་མང་པོ་ན་སཾ་བྷ་དྲ་ཟེར་བ་ཡོད། དེའི་སྐད་དོད་ཀུན་ཏུ་བཟང་པོ་ཡིན་ཞིང་། མཁན་པོ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་རྣམས་ལའང་ཀུན་ཏུ་བཟང་པོའི་རྩ་བ་བརྒྱད་པ་ཞེས་འབྱུང་བ། འཕགས་པའི་ཡུལ་ནའང་འགྲེལ་པ་ཆོས་འབངས་དང་། ཆོས་མཆོག་ལ་སོགས་པ་བསྟན་བཅོས་ཀྱི་མིང་མཛད་པ་པོ་ལས་བཏགས་པ་མང་བས། འདིར་ཡང་མཛད་པ་པོ་ལས་བསྟན་བཅོས་ཀྱི་མིང་བྱུང་བར་གསལ་ལོ། །ཞེས་དང་། བོད་སྐད་ལ་མཁོ་བའི་བསྟན་བཅོས་བརྒྱད་མཛད་པ། གླང་དར་སོགས་ཀྱི་བསྟན་པའི་འཕེལ་འགྲིབ་ཀྱིས་ད་ལྟ་སུམ་རྟགས་གཉིས་ཙམ་མོ་གསུངས།
རྒྱལ་པོས་ཀྱང་མཚམས་བཅད་དེ་ལོ་བཞིར་སྒྲ་དང་ཡི་གེ་སློབ་ཚུལ་བསྟན། དགེ་བ་བཅུའི་ཁྲིམས་བཅས། གཙུག་ལག་ཁང་དང་རྟེན་གསུམ་མང་དུ་བཞེངས། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར། བྲམ་ཟེ་ཤཾ་ཀ་ར། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ། ཁ་ཆེའི་སློབ་དཔོན་ཏ་ནུ་སོགས་དང་། རྒྱ་ནག་ནས་ཧྭ་ཤང་མཧཱ་ཡ་ན་སྤྱན་དྲངས། ལོ་ཙཱ་བ་ཐོན་མི་སམྦྷོ་ཊ། དེའི་མཆན་བུ་དྷརྨ་ཀོ་ཤ་སོགས་ཀྱིས་བགྱིས་ཏེ། མདོ་ཟ་མ་ཏོག་བཀོད་པ། པ་ཀོང་ཕྱག་བརྒྱ་པ། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར། རྒྱལ་པོས་བཀའ་གཙིགས་སུ། ཟ་འོག་གི་བླ་བྲེ། ཕྲ་མེན་གྱི་ཡོལ་གོ །དར་དཀར་གྱི་ཡོལ་བ་སོགས་དང་། མཚན་མཆོད་གནས་ཞེས་བཏགས། ཐོན་མིའི་ཡིག་དཔེ་ལྷ་སའི་རྡོ་རིངས་ལ་བཏབ་སྟེ་སྦལ་ནག་ན་ལ་བསྒྲད་འདྲར་གྲགས། ཞེས་སོགས་སྔོན་གྱི་ཡིག་རྙིང་ལས་བཤུས་པར་གསུངས་པ་ལྟར། ཚིག་སྦྱོར་དང་དག་སྡེབ་ཡིག་རྙིང་སོར་བཞག་ལྟར་ལགས་ཤིང་། སློབ་དཔོན་ཐོན་མི་རྒྱ་གར་གྱི་རྒྱལ་པོ་གོ་པཱ་ལའི་སྐུ་དུས་སུ་དཔལ་ནཱ་ལེནྡྲར་ཕེབས་ནས་སློབ་དཔོན་ལྷ་རིག་པའི་སེངྒེ་སོགས་བསྟེན་ནས་སློབ་གཉེར་མཛད་ཚུལ་ཞལ་གསལ་དུ་བྱུང་ངོ་།།
གཞན་ཡང་ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས[5]། དང་པོ་མཛད་པ་པོ་ནི། བོད་ཡུལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆད་ལ་ཡི་གེ་མེད་ཅིང་། ཆོས་རྒྱལ་དེ་ཉིད་ཀྱི་དུས་སུ། ཐོན་མི་སམྦྷོ་ཊ་ཞེས་བྱ་བ་ལ། རྒྱལ་པོས་ཕྱག་རྟེན་ལ་གསེར་སྲང་མང་པོ་བསྐུར་ཏེ་རྒྱ་གར་དུ་བརྫངས་པས། ཤྲཱི་ནཱ་ལེནྟྲའི་གཙུག་ལག་ཁང་དུ་བྲམ་ཟེ་ལི་བྱིན་ལ་སོགས་པའི་ཞབས་ལ་གཏུགས་ཏེ་སྦྱངས་པའི་ཡོན་ཏན་མཐར་ཕྱིན་པར་མཛད་དེ། སླར་བོད་དུ་བྱོན་ནས་རྒྱ་གར་གྱི་ལཉྪའི་ཡི་གེ་ལ་དཔེ་བྱས་ནས། བོད་ཡིག་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་གཏན་ལ་ཕབ་ཅིང་། ཡིག་སྲོལ་དེ་ལ་བརྟེན་ནས་ལོ་པཎ་དུ་མས་རྒྱ་གར་ནས་ལི་དང་ཁ་ཆེ་བལ་ཡུལ་ནས་བཀའ་བསྟན་མང་པོ་བརྡ་སྣ་ཚོགས་པས་བསྒྱུར་ཏོ། །ཞེས་ནཱ་ལེནྡྲར་སློབ་དཔོན་བྲམ་ཟེ་ལི་བྱིན་ཀ་ར་བསྟེན་པར་གསུངས་སོ།།
དེ་ལྟར་ཕྱི་ལོའི་དུས་རབས་བདུན་པར་བོད་གངས་ཅན་ལྗོངས་ཀྱི་ལོ་ཙཱ་བའི་ཐོག་མ་འཇམ་དབྱངས་རྣམ་སྤྲུལ་སློབ་དཔོན་ཐོན་མི་སཾ་བྷོ་ཊ་རྒྱ་གར་འཕགས་ཡུལ་དུ་ཕེབས་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་མོར་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་སློབ་གཉེར་གནང་བ་ནི། བོད་མི་རྒྱ་གར་འཕགས་ཡུལ་ལ་སློབ་གཉེར་དུ་ཕེབས་མཁན་ཐོག་མ་དང་། དཔལ་ནཱ་ལེནྡྲར་ཕེབས་མཁན་གྱི་ཐོག་མའང་ཡིན།
དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་ཐོན་མིའི་ཞལ་ལུང་ལས[6]། ཨ་ལག་ཤའི་ཡིག་བཤད་མཁས་པའི་ཁ་རྒྱན་དུ། ཐོན་མི་ནཱ་ལེནྡྲར་ཕེབས་པར་བཤད་དེ། དེ་ལྟར་བཤད་པའི་སྔོན་གྱི་ཁུངས་བཙུན་གྱི་ཡི་གེ་ཞིག་ད་སྔ་མ་མཐོང་ཡང་གལ་ཏེ་ཕེབས་པ་བདེན་ན། དེའི་ཚེ་ནཱ་ལེནྡྲ་ནི་རྒྱ་གར་ཡུལ་དབུས་ཀྱི་ནང་པ་སངས་རྒྱས་པའི་དགོན་པ་ཆེ་ཤོས་ཡིན་ཅིང་། ཐོན་མི་དང་ཐང་ཟན་བླ་མ་བྱོན་པའི་དུས་དེར་སློབ་དཔོན་དབྱིག་གཉེན་གྱི་དངོས་སློབ་སློབ་དཔོན་ཡོན་ཏན་འོད་ཀྱི་ཞབས་ཟིན་ཆོག་པའི་མཁས་པ་དུལ་བའི་ལྷའམ་དུལ་བའི་སྡེ་མཁན་པོ་མཛད་ནས་བསྟན་པ་སྐྱོང་བའི་སྐབས་ཡིན་ནོ། །ཚལ་པའི་དེབ་དམར་དང་འགོས་ལོའི་དེབ་སྔོན་སོགས་བོད་ཀྱི་ལོ་རྒྱུས་རྣམས་སུ་ཐང་ཟན་བླ་མ་དབྱིག་གཉེན་གྱི་དངོས་སློབ་ཏུ་བཤད་པ་ནི་མི་བདེན་པ་འདྲ་སྟེ། དབྱིག་གཉེན་གྱི་སློབ་མ་རྣམ་གྲོལ་སྡེ། དེའི་སློབ་མ་མཆོག་གི་སྡེ། དེའི་སློབ་མ་དུལ་བའི་སྡེ་ཡིན་པས། རྒྱ་ནག་གི་ཡི་གེ་ན་དུལ་བའི་སྡེ་སློབ་དཔོན་དུ་བཀུར་བར་བཤད་པ་གཙིགས་སམ་སྙམ་མོ། །ཞེས་གསལ་ལོ།།
དུས་རབས་བརྒྱད་པའི་སྐབས་སུ་དཔལ་ནཱ་ལེནྡྲར་ཆེད་ཕེབས་གནང་མཁན་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[7]། ཡབ་མེས་ཀྱི་ལེའུ་ཚེ་གཏམ་མཛད་པ་ན་ཆོས་ཀྱི་གཏམ་བྱས་ཏེ་ཆོས་སྦས་པ་བླངས་ཏེ་སྙན་དུ་གསོལ་བས་དད་པར་གྱུར་ཏེ། རྒྱལ་མོ་མགོ་དང་པཎྜི་ཏ་ཨ་ནན་ཏ་དང་གསུམ་གྱིས་སྒྱུར་ཅིག་གསུངས་ཏེ་བསྒྱུར་བར་བརྩམས་པས་བློན་མ་ཞང་ཁྲོན་པ་སྐྱེས་ལ་སོགས་པས་བཀག་གོ །དེར་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས་སང་ཤི་རྒྱ་ཡུལ་དུ་བརྫངས་སོ། །རྒྱལ་པོས་ལོ་བདུན་དུ་འབངས་རྣམས་དང་ཕྱིའི་སོ་ཁ་བསྲུང་བ་དང་། ནང་གི་སོ་ཚིགས་མཛད་པས་རྒྱལ་ཁྲིམས་བསྐྱངས་སོ། །གསལ་སྣང་གིས་མང་ཡུལ་དུ་མ་བསྡད་པར་རྒྱ་གར་དུ་ཕྱིན་ནས། མཧཱ་བྷོ་དྷི་དང་། ཤྲཱི་ན་ལེན་དྲ་ལ་མཆོད་པ་བྱས། བལ་ཡུལ་དུ་མཁན་པོ་བོ་དྷི་སཏྭ་མཇལ་ཏེ། མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་ཏེ་སེམས་བསྐྱེད་སྡོམ་པ་མནོས་ཡེ་ཤེས་དབང་པོ་ཞེས་མིང་བཏགས་སོ། །སློབ་དཔོན་བོད་དུ་འབྱོན་པར་ཞུས་པས། ལུང་བསྟན་ཅིང་ཞལ་གྱིས་བཞེས་ཏེ་བལ་པོར་གཤེགས་སོ། །ཞེས་གསལ་སྣང་ཡང་ནཱ་ལེནྡྲར་ཕེབས་པར་གསུངས་སོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[8]། དེ་ནས་གསལ་སྣང་གིས་རྒྱ་གར་དུ་ཕྱིན་ཏེ་རྡོ་རྗེ་གདན་གྱི་མཧཱ་བོ་དྷི་དང་། ཤྲཱི་ན་ལནྡྲར་མཆོད་པ་ཕུལ་བས་མེ་ཏོག་གི་ཆར་བབས། བྱང་ཆུབ་ཀྱི་ཤིང་ལས་འོ་མའི་རྒྱུན་བབས་ཤིང་། དགེའི་ཞེས་པའི་སྒྲ་འོད་དང་བཅས་པ་བྱུང་། ཞེས་མཁན་ཆེན་གདན་འདྲེན་པ་པོ་གསལ་སྣང་ཡང་ནཱ་ལེནྡྲར་བྱོན་ནས་མཆོད་པ་ཕུལ་བས་མེ་ཏོག་གི་ཆར་བབས་པ་སོགས་ཀྱི་མཚན་རྟགས་ཁྱད་འཕགས་མང་དུ་བྱུང་བར་གསལ་བས། སློབ་དཔོན་ཐོན་མིའི་རྗེས་སུ་བོད་ནས་རྒྱ་གར་འཕགས་ཡུལ་དང་། ལྷག་པར་དཔལ་ནཱ་ལེནྡྲར་ཕེབས་མཁན་སྔ་ཤོས་ཀྱི་གྲས་ཤིག་ནི་སྦ་གསལ་སྣང་ཡིན་ལ། ཁོང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པར་མཛད་དོ།།
གཞན་ཡང་སློབ་དཔོན་པདྨས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[9]།
བོད་དུ་དབང་གི་ཆུ་བོ་བྱོན་ཚུལ་ནི༔ དགའ་རབ་རྡོ་རྗེས་ལྷ་ཡི་དབང་ཐོབ་ནས༔
དེས་ནི་ཤྲཱི་སིང་ཧ་ལ་དབང་བསྐུར༔ དེ་ཡིས་མཁས་པ་བཻ་རོ་ཙ་ན་ལ༔
ཤྲཱི་ནཱ་ལེནྡྲ་ཡི་གཙུག་ལག་ཏུ༔ དབང་བསྐུར་བྱང་སེམས་རྣམ་པ་ལྔ་རུ་བཤད༔
ཅེས་ལོ་ཆེན་བཻ་རོ་ཙ་ནར་དཔལ་ནཱ་ལེནྡྲ་དབང་བསྐུར་བར་གསལ་བ་ལྟར། རྒྱ་གར་ནང་པའི་གཙུག་ལག་ཁང་ཆེན་པོ་ཤྲཱི་ནཱ་ལེནྡྲའི་བྱུང་བ་མདོ་ཙམ་བརྗོད་པ་ལས[10]། སློབ་གཉེར་ཁང་འདི་ཉིད་དང་དེ་ནས་སྐྱེད་སྲིང་གནང་བའི་པཎ་གྲུབ་རྣམས་དང་། ལོ་ཙཱ་བའི་འཕྲིན་ལས་ཀྱིས་རིམ་བཞིན་སིངྒ་ལ་དང་། ལི་ཡུལ། རྒྱ་ནག །ཀོ་རི་ཡ། ཝི་ཏི་ནམ། འབར་མ། ཐའེ་ལན། བོད་སོགས་སུ་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པར་མཛད་ལ། བོད་གཅིག་པུ་ནས་ཀྱང་མཁས་བཙུན་བཟང་གསུམ་གྱི་གྲགས་སྙན་བསྐལ་པའི་མཐར་ཡང་ཉམས་པ་མེད་པ་ལོ་ཙཱ་བ་བཀའ་དྲིན་གྱི་བདག་ཉིད་ཐོན་མི་སམ་བྷོ་ཊས་ཐོག་དྲངས། ལོ་ཆེན་བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ། གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག །སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ལོ་ཆེན་མཁས་པ་རབས་དགུས་མཚོན་བསྟན་པ་སྔ་དར་སྐབས་ཀྱི་ལོ་ཆེན་བརྒྱ་རྩ་བརྒྱད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དུ་གྲགས་པ་སོགས་མདོར་ན་ཐོན་མི་སམ་བྷོ་ཊ་ནས་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཡན་ཆད་དུ་ལོ་ཙཱ་བ་ལྔ་བརྒྱ་ཙམ་བྱུང་བ་རེ་ཟུང་མ་གཏོགས་ཐམས་ཅད་ཆོས་གྲྭ་འདི་ནས་ཐོན་པ་ཤ་སྟག་ཡིན་ཅིང་། བསྒྱུར་བ་དང་བརྩམས་པ་སོགས་རིན་ཐང་དང་བྲལ་བའི་མདོ་རྒྱུད་བསྟན་བཅོས་སོགས་ཀྱིས་གངས་ལྗོངས་འཛིན་མའི་ཁྱོན་ཀུན་དོག་པོར་བྱས། ཞེས་གསལ་བ་ལྟར་རོ།།
བསྟན་པ་ཕྱི་དར་སྐབས་ཀྱི་འབྲེལ་བ་ལ་མཚོན་ནའང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ལས[11]། དེའི་འོག་ཙམ་ན་རྒོད་པོ་ལུང་དུ་གྲགས་པའམ་རི་ཁྲོད་དགེ་ལྡན་[12]ཞེས་པ་འདིར་སྔོན་འབན་སྣ་བོ་ཆེ་ཞེས་ཀྱང་བྱ། སྣ་ནག་པ་ཞེས་ཀྱང་བྱ་བའི་དགེ་སློང་ས་བདག་ཀླུ་གཉན་གྱིས་གནོད་པས་ཤིན་ཏུ་སྐུ་བསྙེལ་བས་རྒྱ་གར་ལ་ཕེབས། ནཱ་ལེན་དྲའི་གཙུག་ལག་ཁང་དུ་ཇོ་བོ་ཨ་ཏི་ཤ་དང་མཇལ་བས་སྣོད་ལྡན་དུ་གཟིགས། ཞེས་དགེ་སློང་སྣ་ནག་པ་དང་ཇོ་བོ་ནཱ་ལེནྡྲར་མཇལ་བར་གསལ་ལོ།།
དེ་བཞིན་གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་ (1415-1486) གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས་[13]ཀྱང་། ལྷ་བླ་མ་ཡེ་ཤེས་འོད་འདི་སྔ་ཕྱི་ཐམས་ཅད་དུ་ཡང་། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ་དང་། ཞིག་གསོས་དང་། དར་རྒྱས་ལ་སོགས་པའི་ཐུགས་ཁུར་བསྣམས་ཏེ་རྒྱ་གར་རྡོ་རྗེ་གདན་དང་། ཤྲཱི་ནཱ་ལེནྟྲའི་གཙུག་ལག་ཁང་དང་། རྒྱ་གར་ཁ་ཆེའི་དགོན་གནས། གཙུག་ལག་ཁང་། མཆོད་རྟེན་རྣམས་ལ་མཆོད་རྐྱེན་གྱི་གསེར་མང་པོ་བསྐུར། དགེ་འདུན་རྣམས་ལ་བཀའ་ལུང་མྱུར་བར་མཛད་ཅིང་། དབོན་རབས་རྣམས་ལ་ཡང་དེ་ལྟར་གྱི་བཀའ་ལུང་ནན་ཏན་མཛད་དོ། །ཞེས་གསུངས་པ་ལྟར། ལྷ་བླ་མ་ཡེ་ཤེས་འོད་རང་ཉིད་ཀྱིས་ནཱ་ལེནྡྲ་སོགས་ལ་ཞིག་གསོ་མཆོད་འབུལ་གྱི་མཐུན་རྐྱེན་སྦྱར་བ་དང་། དབོན་རབས་རྣམས་ལའང་དེ་ལྟར་བཀའ་ལུང་སྩལ་པ་ལས་མི་རབས་ནས་མི་རབས་བར་གྱི་འབྲེལ་ལམ་གསལ་བར་མཚོན་ནོ།།
དེ་བཞིན་ནཱལནྡཱ་ཞིབ་འཇུག་ལས[14]། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས། རང་རེའི་ཡུལ་རྒྱ་གར་དང་ཁད་ཉེ་བར་མ་ཟད། བོད་ཀྱི་མཁས་གྲུབ་དེ་ཙམ་ཞིག་ཡུལ་དེར་བྱོན་ཞིང་། མདོར་ན། ཕྱིའི་ཡུལ་གྲུ་ཞིག་གི་ནང་ན་རྒྱ་གར་ལ་རྒྱུས་ཆེ་བ་བོད་ལས་ལྷག་པ་མི་སྲིད་པ་ལྟར་ལགས། ཞེས་གསུངས་པ་ལྟར། བོད་དང་རྒྱ་གར་གཉིས་ནི་ཆོས་ལུགས་དང་། ཤེས་རིག །ཚོང་ལས་སོགས་གང་ཅིའི་ཐོག་ནས་འབྲེལ་བ་ཆེ་བར་མ་ཟད། དམིགས་བསལ་ཆོས་ཕྱོགས་ནས་དཔལ་ནཱལཱནྡཱ་དང་། བི་ཀྲ་མ་ཤཱི་ལ་སོགས་ལ་འབྲེལ་བ་ཡོད་པ་ཡིན། རང་རེ་བོད་ཀྱི་མཁས་པ་དང་ལོ་ཙཱ་བ་ཇི་སྙེད་ཅིག་ནཱལཱནྡཱར་ཕེབས་པ་ལས་ཆེས་ཐོག་མ་དེ་ནི་ཐོན་མི་སམ་བྷོ་ཊ་ཡིན་ཅིང་། ཁོང་སྲོང་བཙན་སྒམ་པོས་བཀའ་མངགས་ལྟར་དང་པོར་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ནས་སྒྲ་རིག་པའི་པཎྜི་ཏ་ཆེན་པོ་ལི་བྱིན་ཀ་རར་མཇལ་ནས་སློབ་སྦྱོང་མཐར་ཕྱིན་པ་བྱས་རྗེས། ནཱལཱནྡཱར་ཕེབས་ནས་ནང་པའི་ཆོས་ལ་སློབ་སྦྱོང་བྱས་ཤིང་། ཕྱིས་སུ་ཆོས་ཚན་ལྔ་བོད་དུ་གདན་དྲངས་ནས་བོད་བསྒྱུར་ཡང་མཛད།
ཁོང་རྒྱ་གར་དུ་ཕེབས་ནས་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་ཐང་རྒྱལ་ཁབ་ཀྱི་བཙུན་པ་ཐང་སན་ཙང་ཡང་ནཱལཱནྡཱར་འབྱོར་བ་ཡིན་ཚུལ་ (H.D.Sankalia) ཞེས་པས་བརྩམས་པའི་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་ཞེས་པའི་དེབ་ནང་བྲིས་ཡོད། དེ་ཡང་ལོ་རྒྱུས་ཀྱི་བཞིན་རས་ངོ་མ་བཙལ་ཚེ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་ཕེབས་ནས་སྒྲའི་གཞུང་ལུགས་བསླབས་ཏེ་རང་རེར་བཀའ་དྲིན་བླ་མེད་ཀྱི་བྱས་རྗེས་བཞག་པ་ཙམ་ལས། ལོ་རྒྱུས་འགར་སམ་བྷོ་ཊ་རྒྱ་གར་ན་མཚན་སྙན་གྲགས་ཆེ་ཚུལ་སོགས་ཤོད་པ་ནི་སྣང་བ་སྤྲོ་བྱེད་ཀྱི་གླུ་ལྟ་བུ་ཞིག་ལས་དོན་དངོས་དང་མི་འཚམ། ཕྱི་ལོའི་དུས་རབས་ལྔ་པ་ཙམ་ནས་ཕྱོགས་སོ་སོའི་སློབ་གཉེར་བ་བརྒྱ་ཕྲག་བརྒལ་བ་ནཱལཱནྡཱར་སླེབས་ན་ཡང་རྒྱ་གར་རང་དུ་མཚན་སྙན་ཆེ་བ་ནི་རྒྱའི་བཙུན་པ་ཐང་སན་ཙང་ཙམ་ཡིན། གང་ལྟར་ཐོན་མི་སམ་བྷོ་ཊ་ཕྱི་ལོ་དྲུག་བརྒྱ་སོ་གསུམ་ལོར་རྒྱ་གར་དུ་ཕེབས། སྐབས་དེར་རྒྱ་གར་གྱི་རྒྱལ་པོ་ཧར་ཤའམ་ཚུལ་ཁྲིམས་ཉི་མ་ཡིན་ཅིང་། ཐོན་མི་ཕྱི་ལོ་དྲུག་བརྒྱ་ཞེ་དྲུག་ལོར་བོད་དུ་ཕྱིར་ཕེབས།
དེ་རྗེས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ལོ་ཙཱ་བ་རྦ་མང་རྗེ་གསལ་སྣང་། མ་ཞང་གྲོམ་པ་སྐྱེས་ཀྱིས་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས་པ་དང་འགལ་སྟབས་མ་ཞང་གིས་བཙན་ཤུགས་ཀྱིས་གསལ་སྣང་བོད་དུ་བཞུགས་མ་ཐུབ་པར་བལ་ཡུལ་བརྒྱུད་རྒྱ་གར་ནཱལཱནྡཱར་ཕེབས་ནས་སློབ་སྦྱོང་དང་གནས་གཞན་དག་ལ་མཇལ་སྐོར་གནང་ནས་ཕྱིར་ཕེབས་སྐབས་བལ་ཡུལ་ནས་མཁན་པོ་བོ་དྷི་སཏྭ་དང་མཇལ་ཏེ་བོད་དུ་གདན་དྲངས། དུས་དེ་ཙམ་ཞིག་ལ་སློབ་དཔོན་པདྨ་འབྱུང་གནས་བལ་ཡུལ་དུ་བཞུགས་སྐབས་བོད་དུ་གདན་དྲངས་ཏེ་གསང་སྔགས་ཀྱི་ཆོས་མང་དུ་སྤེལ། སྐབས་དེར་རྒྱལ་པོས་གཙང་ལེགས་གྲུབ་དང་། བཻ་རོ་ཙ་ན་གཉིས་ནཱལཱནྡཱར་མངགས་ནས་པཎྜི་ཏ་ཆེན་པོ་ཤྲཱི་སེང་ཧའི་མདུན་ནས་གསང་སྔགས་སྔ་འགྱུར་གྱི་འོད་གསལ་རྫོགས་པ་ཆེན་པོའི་གདམས་པ་བླངས་ཏེ་བཻ་རོ་ཙ་ནས་པཎྜི་ཏའི་བཀའ་བཞིན་རྐང་མགྱོགས་བསྒྲུབས་ནས་བོད་དུ་ཕྱིར་ཕེབས་ན་ཡང་། གཙང་ལེགས་གྲུབ་ཀྱིས་རྐང་མགྱོགས་མ་བསྒྲུབས་པར་བརྟེན་ལམ་བར་ནས་ཇག་པས་བཀྲོངས། ཞེས་གསལ་བ་ལྟར་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱིས་ཆོས་རིག་གི་སླད་དུ་གཅེས་པའི་ལུས་སྲོག་ཀྱང་བློས་གཏོང་ཇི་ཙམ་གནང་ཡོད་པའི་དཔེ་མཚོན་ལྟ་བུ་ཞིག་ཡིན་ནོ།།
དམུ་དགེ་བསམ་གཏན་རྒྱ་མཚོས་ (1914-1993) མཛད་པའི་གཡུ་ཐོག་གསར་རྙིང་གི་རྣམ་ཐར་ལས[15]། དེ་ནས་གཡུ་ཐོག་པ་ཆེན་པོ་དགུང་ལོ་སོ་བརྒྱད་བཞེས་པའི་ཚེ། ཡང་རྒྱ་གར་ལ་སོང་ནས་སྔར་མ་གསན་པའི་གདམས་ངག་ལེན་དགོངས་ནས་གསེར་སྲང་སྟོང་བསྣམས་ཏེ་རྒྱ་གར་དུ་ཐེངས་གསུམ་པ་བྱོན། བལ་པོར་ཟླ་བ་དྲུག་བཞུགས་པས་བལ་པོའི་ཡེ་རང་གྲོང་ན་བྲམ་ཟེ་གཉིས་རྒྱ་གར་ལ་གདམས་པ་འཚོལ་བ་ལ་འགྲོ་ཟེར་བ་གཉིས་དང་མཇལ་ཏེ་ཁོང་གཉིས་དང་བསྡེབས་ནས་བྱོན། རྒྱ་གར་ནུབ་ན་མཁས་བཙུན་བཟང་གསུམ་དང་ལྡན་པ་སུ་བྱ་བ་ཡོད་གསུངས་པས། བྲམ་ཟེ་ན་རེ། པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་བྱ་བ་ན་ལེན་དྲ་ན་བཞུགས་ཟེར་བས། གཡུ་ཐོག་པ་ན་ལེན་དྲ་རུ་བྱོན། པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་ལ་གསེར་སྲང་ལྔ་བཅུ་ཕུལ་ནས། ཀྱེ་རྡོ་རྗེ་གསང་བདེ་འཇིགས་གསུམ་དང་མ་ཧཱ་མ་ཡ་སོགས་ཆོས་དང་གདམས་པ་མང་པོ་ཞུས། ཞེས་གསལ་བ་ལྟར་གཡུ་རྙིང་མ་ཡོན་ཏན་མགོན་པོ་ (708-828) མཆོག་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་གཙུག་ག་ཁང་གི་པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་སྟེ་གྲུབ་ཆེན་བི་རཱུ་པ་བསྟེན་ནས་གསང་སྔགས་ཀྱི་གདམས་པ་མང་དུ་གསན་བཞེས་མཛད་པར་གསུངས་སོ།།
དེ་མཚུངས་རང་རེ་བོད་ནས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་དང་། རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས། ཁ་རག་གཉོས་ལོ་ཙཱ་བ་འབྱུང་པོ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ། གཉན་ལོ་དར་མ་གྲགས། ཆག་ལོ་དགྲ་བཅོམ། ཆག་ལོ་ཆོས་རྗེ་དཔལ་སོགས་མང་དུ་བྱོན་པར་མ་ཟད། གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་ (1452-1507) གྱིས་མཛད་པའི་སྒྲ་བསྒྱུར་མར་པ་ལོ་ཙཱའི་རྣམ་པར་ཐར་པ་མཐོང་བ་དོན་ཡོད་ལས[16]། དེའི་ཚེ་གཉོས་དང་མཧཱ་མ་ཡའི་བགྲོ་གླེང་མཛད་པར་དགོངས་ཏེ་གཉོས་ནཱ་ལེནྡྲ་ན་བླ་མ་བི་ལི་ཏ་བ་ལ་ཆོས་ཞུ་ཞིང་ཡོད་པའི་སར་བྱོན་ཏེ། ཚོང་དུས་ནས་ཟས་ཆང་མང་པོ་ཉོས་ནས་གསོལ་བའི་ཚེ་མཧཱ་མ་ཡའི་བགྲོ་གླེང་མཛད་པས་རྗེ་མར་པ་རྒྱལ། ཞེས་གཉོས་ལོ་ཙཱ་བ་དང་རྗེ་མར་པ་རྣམ་གཉིས་དཔལ་ནཱ་ལེནྡྲར་བགྲོ་གླེང་མཛད་ཚུལ་ཞིབ་པར་གསལ་ལ། ལྷག་པར་རྩ་མི་ལོ་ཙཱ་བས་ནཱལཱནྡཱའི་མཁན་པོ་གནང་བ་དང་། སྟེང་པ་ལོ་ཙཱ་བ་སོགས་སློབ་མ་མང་དུ་བསྐྱངས་ནས་མཐར་གནས་དེ་ཉིད་དུ་སྐུ་གཤེགས། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་རྒྱ་གར་དུ་ཐེངས་གསུམ་ཕེབས་པའི་ནང་ནས་ཐེངས་དང་པོ་དང་གཉིས་པ་གཉིས་ཀར་ནཱལཱནྡཱར་ཕེབས་ཏེ་ནཱ་རོ་པ་དང་མཻ་ཏྲི་པའི་མདུན་ནས་ཆོས་མང་དུ་གསན། ཁོང་རྒྱ་གར་དུ་ཕེབས་པ་དང་ཆོས་ཀྱི་སློབ་སྦྱོང་ཆེད་དཀའ་སྤྱད་ཤུགས་ཆེ་གནང་བའི་ཚུལ་མགུར་དུ་བླངས་པ་ནི་དེ་སྔའི་བོད་ཀྱི་ལོ་ཙཱ་བ་སྤྱིའི་དཀའ་སྤྱད་མཚོན་བྱེད་ཅིག་ཡིན་པས་འདིར་ཁོང་གི་མགུར་ལས་དུམ་བུ་ཞིག་དྲངས་ན།
མར་ལོ་བལ་ཡུལ་དུ་ཕེབས་སྐབས་སུ། བདག་བལ་པོའི་ལམ་དུ་ཞུགས་ཙ་ན། །བཅའ་འཕྲང་དང་ཆུ་ལ་ཐར་དུས་མེད། །ནགས་འཐུག་པོ་གཅིག་ལ་ཐོན་དུས་མེད། །ལམ་རིང་པོ་གཅིག་ལ་བགྲོད་དུས་མེད། །ཤིང་སྡོང་པོ་མི་རོ་རེངས་པ་འདྲ། །ལམ་དེ་ཀུན་སྡུག་བསྔལ་མཐོང་ཙ་ན། །བྱ་དགུང་ལ་འཕུར་བ་གཤོག་པ་འདར། །ཞེས་དང་། ཡང་རྒྱ་གར་དུ་ཕེབས་སྐབས་སུ། ང་རྒྱ་གར་ཡུལ་དུ་ཕྱིན་ཙ་ན། །མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་ཅི་བདེར་ཐོན་པའི་རེ་མ་མཆིས། །གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །ལུས་གཙང་སར་ཐོན་པ་ཅུང་མ་བསམས། །སྦྲུལ་སྦྲམ་ཆེན་ཁ་རླངས་མཐོང་བའི་ཚེ། །ཡིད་བརྟན་པར་ཕྱིན་ཀྱང་གོམ་ཁ་འཁྱོར། །ལམ་དེ་ཡི་འཇིགས་པ་མཐོང་བ་རྣམས། །དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །ཞེས་དང་། ཡང་རྒྱ་གར་ནང་ཁུལ་དུ་ཕེབས་བཞུད་སྐབས་སུ། ཡུལ་རྒྱ་གར་ཤར་ནུབ་ཆུ་བཞིན་ཉུལ། །ཐང་ཆེ་བོ་ཅིག་ལ་ཆོད་དུས་མེད། །མེ་འོབས་ཀྱི་ཐང་ལ་ཕྱིན་ནོ་སྙམ། །ཡིད་ཆོས་ལ་བསམས་ཀྱང་སྙིང་རླུང་འཕྱོ། །ནད་འཚོ་བར་དཀའ་བའི་ཚད་པས་ཐེབས། །དོ་ཤི་དོ་ཆད་བཅུ་གསུམ་བྱུང་། །ཁ་ཆེམས་ཚིག་གསུམ་བཞག་ས་མེད། །དབུགས་འགྱུ་བ་ཆད་པ་ལན་གསུམ་མྱོང་། །དུས་དེ་ཡི་སྡུག་བསྔལ་མཐོང་ཙ་ན། །སྡང་དགྲ་བོའི་མིག་ནས་མཆི་མ་འཆོར། །ཞེས་སོགས་གསུངས་པ་ལས་ཤིན་ཏུ་རྟོགས་སླའོ།།
དེ་མཚུངས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་ཀྱང་དཀའ་བ་ཚད་མེད་སྤྱད་དེ་རྒྱ་གར་དུ་ཕེབས་ནས་མི་ཐུག་ཚད་ལ་པཎྜི་ཏ་སུ་མཁས་ཞེས་སྐད་ཆ་འདྲི་བཞིན་སོང་བ་ནི། རྭ་ཡེ་ཤེས་སེངྒེས་ (དུས་རབས་12པ།) མཛད་པའི་རྗེ་བཙུན་རྭ་ལོའི་རྣམ་ཐར་ལས[17]། སྐྱེ་བོ་ཐམས་ཅད་ཀྱང་རང་བཞིན་གྱི་དྲང་ཞིང་སེམས་དགེ་བའི་ཡུལ་དེར་བྱོན་ནས། མི་འཕྲད་ཚད་ལ་པཎྜི་ཏ་སུ་བཟང་དྲིས་པས། ཤྲཱི་ན་ལེནྡྲ་ན་པཎྜི་ཏ་ཀ་རུ་ཎི་ཀ་བྱ་བ་མཁས་བཙུན་བཟང་གསུམ་འཛོམས་པ་གཅིག་ཡོད་ཟེར། ཞེས་གསལ་བ་བཞིན་གནས་དེར་ཕེབས་སྐབས་པཎ་ཆེན་མན་ཛ་གླིང་པ་དང་མཇལ། མན་ཛ་གླིང་པས་མཁན་པོ་དང་མཻ་ཏྲི་པས་སློབ་དཔོན་མཛད་དེ་པཎ་གྲུབ་བརྒྱད་ཅུ་རྩ་བཞིའི་དབུས་ནས་རབ་ཏུ་བྱུང་ཞིང་རྟགས་མཚན་ངོ་མཚར་བ་མང་དུ་བྱུང་། མན་ཛ་གླིང་པའི་མདུན་ནས་ཚད་མ་སྡེ་བདུན་དང་བྱམས་ཆོས། མདོ་སྡེ་དང་མངོན་པའི་གཞུང་བཅས་གསན་ཅིང་། ཤནྟི་པའི་མདུན་ནས་འདུལ་བ་ལུང་སྡེ་བཞི་དང་། ལུང་ཕྲན་ཚེགས། གཞུང་བླ་མ། རིགས་པའི་ཁུ་བྱུག་ཆེ་ཆུང་ལས་དབུ་མའི་སྐོར་སོགས་མང་དུ་གསན་ནས་བོད་དུ་ཕྱིར་ཕེབས་པ་ནི། རྣམ་ཐར་དེ་ཉིད་ལས[18]། ཁྱད་པར་ཤྲཱི་ན་ལེནྡྲའི། །པཎ་ཆེན་མན་ཛ་གླིང་པ་ལས། །བསྙེན་པར་རྫོགས་པའི་སྡོམ་པ་ཞུས། །གཞན་ཡང་མདོ་སྔགས་མང་དུ་ཐོས། །མན་ཛ་གླིང་དུ་ལོ་དྲུག་དང་། །ཟླ་དྲུག་བསྡད་དེ་ཞབས་ཏོག་བསྒྲུབས། །པཎ་ཆེན་བོད་དུ་ལོ་དྲུག་ནས། །འབྱོན་པའི་ཞལ་བཞེས་དག་ཀྱང་ཐོབ། །ཅེས་གསལ་བ་ལྟར་རོ།།
དེ་བཞིན་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཡང་ནཱལཱནྡཱར་ཕེབས་ནས་པཎྜི་ཏ་སྐུ་བགྲེས་ཤིག་སློབ་དཔོན་དུ་བསྟེན་ནས་ཆོས་མང་དུ་བསྒྱུར་བ་སོགས་བོད་ཀྱི་ལོ་པཎ་ཇི་སྙེད་ཅིག་གནས་འདིར་བྱོན་ཡོད་ངེས་ཀྱང་། གནའ་དུས་སུ་རང་རེར་ལོ་རྒྱུས་དང་ཟིན་བྲིས་འབྲི་བའི་ལམ་སྲོལ་ཞིབ་ཚགས་ཤིག་མེད་དབང་གིས་ལོ་ཙཱ་བ་མང་པོ་ཞིག་རྒྱ་གར་དུ་ཕེབས་ཞེས་བཀོད་པ་ཙམ་ལས་གནས་གང་དང་གང་དུ་ཕེབས་ཚུལ་ཞིབ་ཚགས་ཤིག་མེད་སྟབས། ད་ཆ་མང་པོ་ཞིག་ནི་ཤེས་དཀའ་བར་གྱུར་པས། ལོ་རྒྱུས་ལ་ཕོ་ཚོད་དང་རང་བཟོ་སོགས་བྱེད་མ་ཕོད་པར་ཐེ་ཚོམ་གྱི་ཡུལ་དུ་གྱུར་པ་རྣམས་ནི་མ་སྨྲས།
ཡང་རང་རེའི་ལོ་པཎ་རྣམས་ཀྱི་ནང་ནས་ཐོག་མ་ཁག་གཅིག་དཔལ་ནཱལཱནྡཱར་ཕེབས་པ་དང་། དེ་རྗེས་པཱ་ལའི་རྒྱལ་རྒྱུད་ཀྱི་རྒྱལ་རབས་གཉིས་པ་དེ་ཝ་པཱ་ལས་བཞེངས་པའི་བི་ཀྲ་མ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་དང་། ཁ་ཆེའི་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ (ཏཀ་ཤི་ལ།) གཉིས་སུ་ཡང་ཕེབས་མཁན་མང་པོ་བྱུང་བར་མ་ཟད། ད་དུང་བི་ཀྲ་མ་ཤཱི་ལའི་གཙུག་ལག་སློབ་གཉེར་ཁང་དུ་བོད་མི་ཤིན་ཏུ་མང་པོ་ཕེབས་པའི་རྟགས་མཚན་ལྟ་བུར་དེར་བོད་མི་རྣམས་བཞུགས་སའི་སྤྱི་ཁང་ཞིག་ཀྱང་ཡོད་ཚུལ་ཇོ་བོ་དང་ནག་ཚོའི་ལམ་ཡིག་རྣམས་སུ་གསལ་བ་ལྟར་ཡིན་སྟབས། རང་རེར་བོད་ཀྱི་ལོ་ཙཱ་བ་རྒྱ་གར་དུ་ཕེབས་པ་ཐོན་མི་ནས་བཟུང་མཐར་ནཱལཱནྡཱ་རྨེག་མེད་དུ་འགྲོ་ཁ་མར་དེར་སླེབས་པའི་ལོ་ཙཱ་བ་ཆག་ལོ་ཆོས་རྗེ་དཔལ་བར་གྱི་ལོ་པཎ་ཚང་མ་ནཱལཱནྡཱར་ཕེབས་ཡོད་པའི་ངེས་པ་མེད་སྟབས། འདིར་ནཱལཱནྡཱར་ཕེབས་ཡོད་ངེས་རྣམས་མ་གཏོགས་བྲིས་མེད།
བི་ཀྲ་མ་ཤཱི་ལ་ཞེས་པ་དེ་ཉིད་པ་ཚབ་ལོ་ཙཱ་བས་རྒྱལ་པོ་དེ་ཝ་པཱ་ལས་བཞེངས་པར་བཤད་པ་དང་། ཏཱ་ར་ནཱ་ཐས་དྷརྨ་པཱ་ལས་བཞེངས་པར་བཤད་པ། ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གཽ་པཱ་ལས་བཞེངས་པར་བཤད་པ་རྣམས་མི་མཐུན་ཡང་། ཞིབ་མོར་བརྟགས་ན་པ་ཚབ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་མཚན་ཁོང་ (1055) པཱ་ལའི་རྒྱལ་རབས་བཅོ་བརྒྱད་པ་རཱ་མ་པ་ལའི་དུས་སུ་བི་ཀྲ་མ་ཤཱི་ལར་ཕེབས་པ་ཞིག་ཡིན་ཁར། ཁོང་པཎ་ཆེན་ཨ་བྷ་ཡ་ཀ་རའི་སློབ་མ་ཡིན་པ་དང་། ཁོང་གི་མདོ་སྡེ་དྲན་པ་ཉེར་བཞག་གི་འགྱུར་བྱང་[19]དུ། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་བ་པཱ་ལས་མཛད་པའི་གཙུག་ལག་ཁང་ཆེན་པོ་བསྟན་པའི་མིག་ཏུ་གྱུར་པ་བིཀྲཱམ་ཤཱི་ལ་ནའང་ཞེས་གསལ་པོར་བཀོད་ཡོད་པས་དེ་ཉིད་ཧ་ཅང་ཁུངས་དག་པར་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན།
གཞན་དགེ་ཆོས་ཀྱིས་གཽ་པཱ་ལས་བི་ཀྲ་མ་ཤཱི་ལ་བརྩིགས་པར་བཤད་པ་རང་རེ་ལ་ཅི་ཙམ་གྲགས་པ་དེ་ཙམ་ལས་མ་ཐོས་ཤིང་། དུས་མི་འགྲིག་པའི་སྐྱོན་སོགས་ནི་མ་མཐོང་ལ། འོན་ཀྱང་འདིའི་རྒྱལ་རྒྱུད་ལ་གཽ་པཱ་ལ་གསུམ་ཙམ་བྱུང་བ་གང་གི་ཡིན་སོགས་བརྟག་དགོས་གསུངས་པར་བརྟེན་ཁོང་གིས་བོད་དུ་གྲགས་པ་ལྟར་ཞེས་གསུང་ཚུལ་ལ་བལྟས་ཚེ་ཨོ་ཏནྟ་པཱུ་རི་དང་། བི་ཀྲ་མ་ཤཱི་ལ་གཉིས་ནོར་བ་ལས། གོ་པཱ་ལས་བི་ཀྲ་མ་ཤཱི་ལ་བཞེངས་ཚུལ་བོད་དུ་མ་གྲགས་པ་ཞིག་ཡིན་ལ། གོ་པཱ་ལས་ཨོ་ཏནྟ་པཱུ་རི་བཞེངས་པ་དང་། བི་ཀྲ་མ་ཤཱི་ལ་དྷརྨ་པཱ་ལ་དང་། དེ་ཝ་པཱ་ལ་གང་རུང་ཞིག་གིས་བཞེངས་ཚུལ་གྲགས་པ་ཡིན་པས་པ་ཚབ་ཀྱི་གསུང་དེ་དག་པར་མངོན་ནོ།།
དེས་ན་བོད་དང་རྒྱ་ནག་སོགས་ཀྱི་སངས་རྒྱས་པའི་ཆོས་ལུགས་ཀྱི་ཁུངས་ནི་ཆུ་འགོ་གངས་ལ་ཐུག་པ་ཟེར་བ་བཞིན་ཐེག་ཆེན་སྨྲ་བའི་དཀྱིལ་འཁོར་ཆེན་པོ་དཔལ་ནཱལཱནྡཱ་འདི་ཉིད་ཡིན་ལ། གནས་དེར་རང་རེ་གངས་ཅན་པའི་ལོ་པཎ་ཇི་སྙེད་ཅིག་གི་ནང་ནས་ཆེས་ཐོག་མར་ཕེབས་མཁན་ཐོན་མི་སམ་བྷོ་ཊ་དང་། མཇུག་སྡུད་ལྟ་བུར་ཕེབས་མཁན་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ཡིན་ནོ།།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[20]། གང་ལྟར་པཱ་ལའི་རྒྱལ་ཐོག་གི་སྐབས་སུ་ནཱ་ལནྡཱ་དང་། ཨོ་ཏནྟ་པུ་རི་དང་། རྡོ་རྗེ་གདན་ (Vajrasana) ཝི་ཀྲ་མ་ཤཱི་ལ་བཅས་ནི་ནང་ཆོས་ལ་སློབ་གཉེར་གནང་སའི་བསྟི་གནས་གདན་ས་ཆེན་པོ་བཞི་ཡིན་ཅིང་། གཞན་ཡང་ཤེས་པ་ལ་ཆ་བཞག་ན་སོ་མ་པུ་རིའི་གཙུག་ལག་ཁང་། ཇ་གད་ད་ལའི་གཙུག་ལག་ཁང་ (Jagaddala-mahavihara) བཅས་ཡོད། སོ་མ་པུ་རིའི་གཙུག་ལག་ཁང་ཆེན་པོའི་དགོན་ཤུལ་ནི་ཕྱི་ལོ་ ༡༩༢༧ ལོར་ཤར་བྷཾ་ག་ལ་ནས་རྙེད་ཅིང་། དེ་ནས་ཐོན་པའི་བརྐོས་ཡིག་ལ་ཞིབ་འཇུག་བྱས་འབྲས་སོ་མ་པུ་རིའི་ཆོས་སྐྱོང་གཙུག་ལག་ཁང་ཆེན་པོ་ (Somapuri Dharmapala- Mahaviharasya) ཞེས་པའི་མཚན་བརྗོད་ཀྱི་ཡོད་པར་གསལ་པོར་ཆགས་རུང་། བཞེངས་མཁན་རྒྱལ་ཐོག་གཉིས་པ་དཔལ་ལྡན་དྷརྨ་པཱ་ལ་མིན་པར་དེ་ཝ་པཱ་ལ་ཡིན་པར་མཐོང་ཚུལ་ཡོང་གི་ཡོད་པ་ནི་ཤར་བྷཾ་ག་ལར་པཱ་ལའི་རྒྱལ་རབས་སྟོབས་ཤུགས་སླེབས་པ་ནི་དེ་ཝ་པཱ་ལའི་སྐབས་སུ་ཡིན་པའི་རྒྱུ་མཚན་གྱིས་རེད། དགོན་ཤུལ་ཞིབ་འཇུག་བྱས་འབྲས་དགོན་པ་ཆགས་སྟངས་ཤྲི་ལངྐ་དང་། ཀམ་བྷོ་ཊ་ཡི་དགོན་པ་དང་འདྲ་གི་ཡོད་པ་རེད། ཅེས་གསལ་བ་ལྟར་བོད་ཙམ་མིན་པར་ཁྱིམ་མཚེས་རྒྱལ་ཁབ་གཞན་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ལ། ལྷག་པར་བོད་དང་གཙུག་ལག་ཁང་ཆེན་མོ་དེ་དག་ཕལ་མོ་ཆེའི་བར་དམིགས་བསལ་འབྲེལ་བ་དམ་ཟབ་ཅིག་ཀྱང་ཆགས་ཡོད།
དེ་ལྟར་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཚན་སྙན་ཤིན་ཏུ་ཆེ་བ་སོགས་ལས། བོད་གངས་ཅན་གྱི་ལྗོངས་སུ་ཆ་མཚོན་ནའང་། ཕྱི་ལོ་ ༡༤༡༦ ལོར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་མཆོག་གིས་ཕྱག་བཏབ་པའི་དཔལ་ལྡན་འབྲས་སྤུངས་ལ་ནཱ་ལེནྡྲ་གཉིས་པ་ཞེས་གྲགས་ལ། དེ་བཞིན་དིལ་མགོ་མཁྱེན་བརྩེ་ (1910-1991) རིན་པོ་ཆེས་མཛད་པའི་རིན་ཆེན་གཏེར་མཛོད་ཞལ་སྐོང་ཞུས་པ་རྣམས་ཀྱི་བརྒྱུད་ཡིག་ཡིད་ཆེས་དད་པའི་གསོས་སྨན་ལས[21]། བདག་གིས་སྐྱབས་གཅིག་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་གསན་ཏེ་ཤྲཱི་ནཱ་ལེནྡྲ་གཉིས་པ་བཀའ་གཏེར་ཆོས་ཀྱི་གསང་མཛོད། མཁས་གྲུབ་རྒྱ་མཚོའི་མདུན་ས། རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ། ཞེས་དང་། གཞན་ཡང་ཕྱི་ལོ་ ༡༤༣༥ ལོར་ཀུན་མཁྱེན་རོང་སྟོན་ཆེན་པོས་ཕྱག་བཏབ་པའི་འཕན་པོ་ནཱ་ལེནྡྲའི་དགོན་པར་སྐབས་དེར་ཚོགས་པ་སྟོང་ཕྲག་མང་པོ་འདུས་ཤིང་། དཔལ་ས་སྐྱ་པའི་མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་སུ་གྱུར་ཏེ་མཁས་གྲུབ་སྐྱེས་བུའི་འབྱུང་གནས་འཕགས་ཡུལ་ནཱ་ལེནྡྲ་གཉིས་པར་གྱུར་པས། དགོན་པའི་མིང་ནི་ནཱ་ལེནྡྲའོ་[22]ཞེས་གསུངས་པ་ལྟར། འཕགས་ཡུལ་གྱི་གདན་ས་ཆེན་པོ་དཔལ་ནཱ་ལེནྡྲ་དང་གཉིས་སུ་མེད་པས་གངས་ལྗོངས་ཀྱི་དཔལ་ནཱ་ལེནྡྲ་ཞེས་མཚན་འདོགས་གནང་མཛད་ཡོད། འོན་ཀྱང་འདི་ནི་ནཱ་ལེནྡྲའི་བཟོ་བཀོད་ལ་དཔེར་བླངས་ནས་བཞེངས་པའི་ཆ་ནས་མཚན་བཏགས་པ་ཞིག་མིན་པར། སློབ་གཉེར་གྱི་ལྟེ་གནས་དང་མཁས་པའི་འབྱུང་གནས་ཡིན་པ་སོགས་དོན་གྱི་ཆ་ནས་མཚན་བཏགས་པ་ཞིག་ཡིན་འདུག
གཞན་ཡང་ཕྱི་ལོ་ ༢༠༢༠ ཟླ་བ་ ༡ པོའི་ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་རྣམ་རྒྱལ་གྲྭ་ཚང་དགའ་ལྡན་འཕེལ་རྒྱས་གླིང་གི་མཇལ་འཕྲད་ཁང་དུ་ཨ་རི་བ་དང་། བོད་རིགས། འབྲུག་པ། བལ་པོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝན་གྱི་རྒྱ་རིགས། རྒྱ་གར་བ་སོགས་མི་གྲངས་ ༢༦༠ བརྒལ་བར་མཇལ་ཁའི་སྐབས་སྔར་ནས་མགོན་པོ་གང་གི་དགོངས་བཞེད་ཡོད་པ་ལྟར་དཔལ་ནཱ་ལེནྡྲ་གཉིས་པ་ལྟ་བུའི་ཏཱ་ལའི་བླ་མའི་ནཱ་ལེནྡྲའི་ཤེས་ཡོན་ལྟེ་གནས་ཁང་ཞིག་གསར་འཛུགས་བཀའ་དྲིན་བསྐྱང་རྒྱུ་གཏན་འཁེལ་ཡོད་སྐོར་ཡང་བཀའ་སློབ་སྩལ་ཡོད།།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་གསལ[23]། རང་རང་གི་མདུན་དུ་སྟོན་པ་བཅོམ་ལྡན་འདས་དང་། བྱམས་འཇམ་དབྱངས་གཉིས། མིའི་རྟེན་ཅན་གྱི་ཀླུ་སྒྲུབ་དང་ཐོགས་མེད། འཕགས་ཡུལ་གྱི་པཎ་གྲུབ་བཅུ་བདུན་ཏེ་མདོར་ན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་ཡོད་བསམ་པ་ཞིག་དང་། བྱམས་འཇམ་དབྱངས་ལ་སོགས་པ་ཉེ་བའི་སྲས་ཆེན་བརྒྱད་རྣམས་ཀྱང་ཡོད་བསམ་པ་བྱས་ཏེ། དེ་རྗེས་རྗེ་བདག་ཉིད་ཆེན་པོས།
སྟོན་དེའི་རྗེས་སུ་རབ་ཏུ་བྱུང་འགྱུར་ཏེ། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །
རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །
ཞེས་གསུངས་པ་ལྟར་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། མཁྱེན་བརྩེའི་ཡོན་ཏན། ལྷག་པར་ཤེས་རབ་ཀྱི་ཡོན་ཏན་དེ་དག་བློ་ངོར་དྲན་པ་བྱས། ང་རང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་ཞིག་ཡིན་སྟབས། བཅོམ་ལྡན་འདས་ཀྱི་དགོངས་པ་མཐིལ་ཕྱིན་པ་ཞིག་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་བཅས་ཟབ་མོའི་ལམ་གྱི་རིམ་པ་ལ་ཀླུ་སྒྲུབ་ཡབ་སྲས་དང་། ལྷག་པར་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱི་རྗེས་སུ་བསླབས་ཏེ། སྐབས་རེ་ངོས་རང་སྤོབས་པ་བསྐྱེད་ནས་མགོན་པོ་ཀླུ་སྒྲུབ་ཞལ་བཞུགས་པའི་སྐུ་དུས་སུ་ངོས་རང་གྲལ་མཐར་མེད་དམ་སྙམ་པ་དྲན་གྱི་ཡོད། མདོར་ན། ཀླུ་སྒྲུབ་དང་ཟླ་བ་གྲགས་པའི་གཞུང་རྣམས་མཇལ་སྐབས་སེམས་ཐག་ཧ་ཅང་ཉེ་པོ་ཡོང་གི་འདུག །དེར་བརྟེན་ང་ཪང་ཚོ་ད་ལན་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲངས་ནས་གཞུང་ལུགས་དེ་དག་སྔོན་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་དག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དངོས་གནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་ཁོག་ཕུབ་འདི་ལྟ་བུ་ཞིག་ང་ཚོར་མཇལ་རྒྱུ་ཡོད། རང་ངོས་ནས་གང་ཡོང་ཅི་ཡོང་ཧུར་ཐག་འབད་ཐག་བྱེད་སྙམ་པ་ཞིག་བྱེད་དགོས། ཞེས་ཀྱང་བཀའ་སྩལ་ཏོ།།
གཞན་ཡང་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བོད་ཀྱི་རིས་མེད་བཤད་གྲྭ་ཁག་གིས་ནཱ་ལེནྡྲའི་རྒྱུན་འཛིན་ལུགས་ནི། སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ཆེའི་བོད་མི་སེར་སྐྱ་མང་ཚོགས་ལ་བླང་དོར་བྱེད་སྒོའི་སྐོར་སྩལ་པའི་བཀའ་སློབ་ཕྱོགས་བསྡེབས་ལས[24]། བཙན་བྱོལ་དུ་ཡོད་པའི་གདན་ས་ཆེ་ཁག་འདི་དག་ནི། མཐོ་རིམ་གྱི་གཙུག་ལག་སློབ་གྲྭ་རང་རེད་མ་གཏོགས། མི་ཚེ་སྐྱེལ་སའི་དོན་དུ་མིན། གལ་ཏེ་མི་ཚེ་འདིའི་ནང་བསྐྱལ་བ་ཡིན་ན་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་བསྟན་པའི་བྱ་བ་སྒྲུབ་དགོས་པ་ལས། བཤད་སྒྲུབ་གཉིས་ཀྱི་ཐོག་ལ་བྱས་རྗེས་གང་ཡང་མེད་པར་སོ་སོ་འཚོ་ཐབས་ཙམ་གྱི་དོན་དུ་མི་ཚེ་སྐྱེལ་ས་ཞིག་མ་རེད། ང་རང་ཚོའི་གྲྭ་ས་ཚུགས་སྟངས་ཀྱང་སྔར་རྒྱ་གར་གྱི་ནཱ་ལེནྡྲ་དང་། བྲི་ཀ་མ་ཤཱི་ལ་སོགས་པ་འདི་ཚོའི་གོམས་སྲོལ་རྣམས་བརྒྱུད་འཛིན་བྱས་པ་ལྟ་བུ་གཙུག་ལག་སློབ་གྲྭའི་ངོ་བོ་ལྡན་པ་ཞིག་ཡིན་པས་དེའི་རྣམ་འགྱུར་དང་། ངོ་བོ་གསལ་པོར་མཚོན་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། གདན་ས་གསུམ་དང་། མདོར་ན། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བཤད་གྲྭ་ཡོད་པ་ཚང་མ་སྤུས་དག་པོ་དང་། གནད་ཚད་ལོངས་པ་བཟོ་རྒྱུ་གལ་ཆེན་པོ་འདུག །བར་ལམ་སློབ་ཁྲིད་བྱེད་ཕྱོགས་ཀྱི་སྐོར་དང་། སྒྲིག་ལམ་ཀུན་སྤྱོད་ཀྱི་སྐོར་ལ་ང་ཚོ་སྔ་རྗེས་སུ་སྐད་ཆ་བྱུང་ཡོད་ཀྱང་། ད་དུང་ལྷོད་གཡེང་རྩ་བ་ནས་མ་བྱས་པར་དེའི་ཐོག་དོ་ནན་མུ་མཐུད་བྱེད་དགོས། ཞེས་བཀའ་སློབ་སྩལ་ཏོ།།
ནང་དོན་རིག་པའི་གཞུང་ལུགས་རྣམས་ལ་ཐོས་བསམ་སློབ་གཉེར་གནང་ཚུལ་རྒྱུན་འཛིན་ཇི་ལྟར་གནང་བཞིན་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཐར་ལམ་གསལ་བའི་སྒྲོན་མེ་ལས[25]། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ནང་པ་རྣམས་ཀྱི་སངས་རྒྱས་ཀྱི་ཆོས་ངོ་མ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྒྱུན་འཛིན་པར་མ་ཟད། མཁས་པ་དེ་དག་གིས་མཛད་པའི་གཞུང་དོན་གྱི་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱེད་པ་དང་། དོན་གལ་ཆེའི་རིགས་ལ་ངོ་བོ་དང་། དབྱེ་བ། རྣམ་གྲངས། ས་མཚམས་ཞེས་དཔེ་ཆའི་ནང་མང་པོ་ཞིག་གསུངས་ཡོད། དེ་རྣམས་གཏན་ལ་འབེབས་སྐབས་དགག་བཞག་སྤོང་གསུམ་ཞེས་གཞན་ལུགས་དགག་པ་དང་། རང་ལུགས་བཞག་པ། དེ་ལ་རྩོད་པ་སྤོང་བ་ཞེས་ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད། དེས་ན་ང་ཚོའི་བོད་ཀྱི་མཁས་པ་རྣམས་ཀྱིས་སྐུ་ལས་ཧ་ཅང་ཆེན་པོ་བསྐྱོན་པ་དང་། བསམ་བློ་ཧ་ཅང་གཏིང་ཟབ་པོ་བཏང་ཡོད། དེ་ལ་བརྟེན་ནས་ང་ཚོ་བོད་པའི་ཤེས་ཚད་སྐྱོ་པོ་མིན། ཞེས་བཀའ་སྩལ་པ་ལྟར་རོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ ༢༦༤
[2] ཤེས་བྱ་སྤྱིའི་ཁོག་དབུབས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༢༣
[3] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༧༡
[4] བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་གསུང་ཐོར་བུ། པོད། ༼༡༽ བྲིས་མ། ཤོག་གྲངས་ ༡༡ན༡
[5] ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས་ ༦
[6] ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༠ ལོ། ཤོག་གྲངས་ ༢༧
[7] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༢༨
[8] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༣
[9] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༥
[10] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༢
[11] མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༤༧
[12] སྔོན་རྒྱན་དཀར་གོང་མའི་མིད་པ་དགོན་པ་ཡང་ཟེར། ཕྱིས་འབྲེ་ཆེན་པོ་ཤེས་རབ་འབར་ལ་རྒོད་ཀྱི་ཁུང་བསྟན་པས་དགོན་པའི་མིང་ལ་རྒོད་པོ་ཁུང་ཟེར། སླར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱི་རི་ཁྲོད་དགེ་ལྡན་དུ་མིང་བཏགས་པ་ཡིན་ནོ།།
[13] ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༠
[14] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༠༠
[15] གསོ་རིག་མཁས་དབང་ཁག་གི་རྣམ་ཐར་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༦༠
[16] མར་པའི་རྣམ་ཐར་མཐོང་བ་དོན་ཡོད། བསྟན་རྒྱས་གླིང་གི་པར་མ། ལག་བྲིས་དེབ་གཟུགས། ༡༩༧༠ ལོ། ཤོག་ ༣༡
[17] རྗེ་བཙུན་རྭ་ལོའི་རྣམ་ཐར། དཔེ་རིང་། ཤོག་གྲངས་ ༣༢བ༤
[18] རྗེ་བཙུན་རྭ་ལོའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༨༣
[19] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་ ༧༡ པ། ༢༠༠༩ ལོ། ཤོག་གྲངས་ ༥༤༠
[20] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༩༠
[21] རིན་ཆེན་གཏེར་མཛོད་ཆེན་མོ། པོད། ༼༩༧༽ ཤིང་དཔར་དཔེ་གཟུགས། ཤོག་གྲངས་ ༣བ༥
[22] འཕན་པོ་ནཱ་ལེནྡྲའི་ལོ་རྒྱུས་བསྡུས་པ་ངོ་མཚར་གཏམ་གྱི་སྙིང་པོ། པོད། ༼༡༽ ས་པཎ་བཤད་སྒྲུབ་གླིང་། ༡༩༨༩ ལོ། དབུ་ཅན། ཤོག་ ༡༤༨
[23] ཕྱི་ལོ་ ༢༠༢༠ ཟླ་བ་ ༡༢ ཚེས་ ༡༠ ཉིན་སེམས་བསྐྱེད་བཀའ་ཆོས་བཀའ་དྲིན་སྩལ་བ་ལས་ཟུར་འདོན་ཞུས་པའོ།།
[24] ༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས། ༼༣༽ ཕྱི་དྲིལ། ༢༠༠༠ ལོ། ཤོག་གྲངས་ ༡༠༤
[25] ཐར་ལམ་གསལ་བའི་སྒྲོན་མེ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༡༠ ལོ། ཤོག་གྲངས་ ༡༠༥
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༥༣ ནས་ ༤༧༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།