ང༽ ནཱ་ལེནྡྲའི་གདན་སའི་སྦྱིན་བདག་ཆོས་རྒྱལ་རིམ་བྱོན།
དེ་ཡང་ས་ཆེན་ཀུན་དགའ་བློ་གྲོས་ (1729-1783) ཀྱིས་མཛད་པའི་ཆོས་གྲྭ་ཆེན་པོ་གསང་སྔགས་བདེ་ཆེན་གླིང་གི་བཅའ་ཡིག་ལྷག་བསམ་ཉི་འོད་གསལ་བའི་འོད་སྣང་ལས[1]། སྤྱིར་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས། སངས་རྒྱས་ཀྱི་བསྟན་པ་དགེ་བའི་བཤེས་གཉེན་ལ་རག་ལས། དགེ་བའི་བཤེས་གཉེན་དགེ་འདུན་གྱི་སྡེ་ལ་རག་ལས།
དགེ་འདུན་གྱི་སྡེ་བསྟན་པ་སྟོབས་ཀྱིས་འཛིན་པའི་རྒྱལ་སྲིད་ལ་རག་ལས་པར་བཤད་ཅིང་། དེ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་རྩོད་པ་དང་བྲལ་བ་སྔོན་བྱོན་པ་གང་གིས་ལེགས་པར་བཏབ་པའི་དགོན་གནས་ཆོས་གྲྭ་འདི་རྣམས་ལ་དེང་སང་གི་བསྟན་པ་སྟོབས་ཀྱིས་འཛིན་པའི་སྐྱེས་ཆེན་རྣམས་ནས་བཀུར་བསྟི་ཞབས་ཏོག་སོགས་གཅེས་སྤྲས་སུ་མཛད་ནས་འགྲོ་བ་ཐམས་ཅད་ལ་སྲིད་ཞིའི་འབྱོར་པ་རྒྱུན་མི་ཆད་པར་འབྱུང་ཞིང་། གཅེས་སྤྲས་སུ་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་དགེ་འདུན་གྱི་སྡེ་དང་བཅས་པས་ཀྱང་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་བདེ་བར་གཤེགས་པའི་རིང་ལུགས་རྣམ་དག་ཏུ་འཛིན་པ་ནི་ཅི་ནས་ཀྱང་གལ་ཆེ། ཞེས་གསུངས་པ་དང་ཕྱོགས་མཚུངས་པར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་སྔ་ཕྱིའི་སྦྱིན་བདག་རྒྱལ་བློན་བཙུན་གསུམ་དང་། གཏོང་ཕོད་ཅན་གྱི་དད་ལྡན་ཁྱིམ་བདག་སོགས་ནི། ཐོག་མར་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། ཆོས་རྒྱལ་མྱ་ངན་མེད། མྱ་ངན་བྲལ། རྒྱལ་པོ་ལཀྵ་ཨ་ཤྭ །རྒྱལ་པོ་ཙནྡན་སྐྱོང་། བྲམ་ཟེ་སུ་བི་ཥ་ནུ། རྒྱལ་པོ་གོ་ཊ་འཕེལ་བྱེད། རྒྱལ་པོ་ཀ་ནི་ཀ །རྒྱལ་པོ་སངས་རྒྱས་ཕྱོགས་རྒྱལ་བློན་བཙུན་གསུམ། བྲམ་ཟེ་ཤངྐུ་། བྲམ་ཟེ་ཕུར་བུ། བློན་པོ་ཀ་ཀུ་ཏ་སིངྡྷ་། རྒྱལ་པོ་གསལ་བ། བུདྡྷ་སེ་ན། རྒྱལ་པོ་ཙ་ག་ལ་རཱ་ཛ། རྒྱལ་པོ་ཀུ་མ་ར་གུཔྟ། རྒྱལ་པོ་འཇིག་རྟེན་ཉི་མ། རྒྱལ་པོ་སངས་རྒྱས་སྦས་པ། དེ་བཞིན་གཤེགས་པ་སྦས་པ། རྒྱལ་པོ་སྟོབས་ཀྱི་ཉི་མ། ཚུལ་ཁྲིམས་ཉི་མ་སོགས་ཙནྡྲའི་རྒྱལ་རྒྱུད་དང་། གུཔྟའི་རྒྱལ་རྒྱུད། ཧར་ཤ །པཱ་ལའི་རྒྱལ་རྒྱུད། སེ་ནའི་རྒྱལ་རྒྱུད་སོགས་ཀྱིས་རིམ་པར་སྦྱིན་བདག་རྒྱུན་མི་ཆད་དུ་གནང་ཡོད།
དེ་ཡང་དཔལ་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་གི་བསྟན་པའི་རྒྱལ་མཚན་དགུང་དུ་འདེགས་པའི་པཎ་གྲུབ་མཁས་པ་དང་། དགེ་འདུན་དམངས་ཀྱི་འཚོ་བའི་ཞབས་ཏོག་བླ་མེད་བསྒྲུབས་པའི་ཆོས་རྒྱལ་རིམ་བྱོན་དང་། དད་ལྡན་ལྷ་འབངས་མི་སེར་ཇི་སྙེད་ཅིག་བྱུང་མོད་ཀྱང་། འདིར་ལྷ་འབངས་མི་སེར་རྣམས་རེ་རེ་ནས་ངོ་སྤྲོད་ཞུ་ནུས་མ་མཆིས་ཀྱང་། རྒྱལ་བློན་རེ་འགའི་མཚན་ཙམ་ཞིག་གླེང་ན། ཏཱ་ར་ནཱ་ཐའི་ལུགས་ལ་དཔལ་ནཱལཱནྡཱའི་ཆེས་ཐོག་མའི་སྦྱིན་བདག་དེ་ཉིད་ཆོས་རྒྱལ་མྱ་ངན་མེད་ཡིན་ཅིང་། ཁོང་གིས་ནཱལཱནྡཱར་སངས་རྒྱས་ཆོས་ལུགས་ཀྱི་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས། དེ་རྗེས་ནུབ་ཕྱོགས་ཀྱི་རྒྱལ་པོ་ལཀྵ་ཨ་ཤྭ་ཞེས་པའི་སྐབས་སུ་ཡུལ་དབུས་མ་གྷ་དྷའི་བྲམ་ཟེ་མཐོ་བཙུན་སྐུ་མཆེད་ཀྱིས་ནཱལཱནྡཱར་གཙུག་ལག་ཁང་བརྒྱད་བཞེངས་པ་དང་། ཐེག་ཆེན་གྱི་དགེ་སློང་ལྔ་བརྒྱར་འཚོ་བ་སྦྱར། དེ་རྗེས་ཙན་དན་སྐྱོང་གིས་རྒྱལ་སྲིད་སྐྱོང་བའི་དུས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་ནཱལཱནྡཱའི་ཐེག་ཆེན་པ་ལྔ་བརྒྱར་འཚོ་བ་ཡུན་རིང་སྦྱར་བ་དང་། སྤྲུལ་པའི་ལྷ་མོ་ཞིག་ལ་ནཱལཱནྡཱར་ལོ་བཅུ་གཉིས་རིང་འཚོ་བ་སྦྱར་དུ་བཅུག །དེ་རྗེས་ཁོང་གིས་ནཱལཱནྡཱར་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་ནས་དེ་རེ་རེར་ཐེག་ཆེན་གྱི་ཆོས་གཞི་[2]རེ་རེ་བཙུགས། དེ་རྗེས་མ་ག་དྷའི་བྲམ་ཟེ་སུ་བི་ཥནུས་ལྷ་ཁང་བརྒྱ་དང་བརྒྱད་བཞེངས་ཤིང་། ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་མི་ནུབ་པའི་ཆེད་མ་མོ་འཛིན་པ་སྟེ་ཕ་ནི་ཙནྡྲས་མ་ག་དྷའི་རྒྱལ་སྲིད་སྐྱོང་བའི་ཚེ་ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་ཡུལ་གོ་ཊ་ཞེས་པར་གོ་ཊ་འཕེལ་བྱེད་ཟེར་བ་ཞིག་བྱུང་བ་དེས་ནཱལཱནྡཱའི་གཙུག་ལག་ཁང་ཉམས་པ་གསོས་ཤིང་ཆོས་གཞི་དར་བར་བྱས།
ཡང་ཕྱིས་སུ་རྒྱལ་པོ་ཀ་ནི་ཀའི་དུས་སུ་ཨརྱ་དེ་བའི་སློབ་མ་སྒྲ་གཅན་འཛིན་བཟང་པོ་ཞེས་པས་ནཱལཱནྡཱར་དྲི་གཙང་ཁང་བཅུ་བཞི་དང་། ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་གསར་འཛུགས་གནང་། དེ་རྗེས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་ལྷ་ཁང་འགའ་ཞིག་གསོས་དང་། རྒྱལ་པོ་རང་ཉིད་ཀྱིས་ཆོས་གཞི་བདུན་ཅུ་དོན་གཅིག་དང་། བཙུན་མོ་དང་བློན་པོ་རྣམས་ཀྱིས་བཅུ་གསུམ་བཙུགས་པ་བཅས་ཆོས་གཞི་གསར་པ་བརྒྱད་ཅུ་གྱ་བཞི་བཙུགས། སླར་ཡང་རྒྱལ་པོ་སངས་རྒྱས་ཕྱོགས་དང་། བྲམ་ཟེ་ཤངྐུ། བྲམ་ཟེ་ཕུར་བུ། ཁྱིམ་བདག་དད་ལྡན་མང་པོས་ལྷ་ཁང་ཉམས་གསོ་ཤུགས་ཆེ་བྱས། དེ་རྗེས་ནཱལཱནྡཱའི་ཁུལ་རང་གི་རྒྱལ་པོའི་བློན་པོ་ཀ་ཀུ་ཏ་སིདྡྷ་ཞེས་པས་ནཱལཱནྡཱར་ལྷ་ཁང་ཞིག་བཞེངས། དེ་རྗེས་མ་ག་དྷཱའི་རྒྱལ་པོ་བྷརྵའི་བུ་ཆུང་བ་རྒྱལ་པོ་གསལ་བས་གསེར་གྱི་བུམ་པ་མུ་ཏིག་གིས་བཀང་བ་བརྒྱ་དང་བརྒྱད་ཆོས་གཞིའི་ཐེབས་སུ་ཕུལ་བས་ནཱལཱནྡཱར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།
དེ་རྗེས་སེ་ནའི་རྒྱལ་རྒྱུད་ཀྱི་བུདྡྷ་སེ་ན་དང་། བྷཾ་ག་ལའི་རྒྱལ་པོ་ཙ་ག་ལ་རཱ་རྗ་ཞེས་པ་རྣམས་ཀྱིས་ཀྱང་ནཱལཱནྡཱར་མཆོད་པ་མང་དུ་བྱས་ཚུལ་སྔོན་གྱི་ཆོས་འབྱུང་བྱུང་རབས་རྣམས་སུ་གསལ་ཡོད་ན་ཡང་། ད་ལམ་ཕྲན་གྱིས་བསྐྱར་ཞིབ་ནན་ཏན་བྱས་པར། ད་ཡོད་དཔྱད་གཞིའི་རྒྱུ་ཆའི་ཐོག་ནས་ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་དུས་རབས་ལྔ་པའི་གོང་དུ་མེད་པ་གསལ་སྟབས་སྦྱིན་བདག་དང་པོ་ཡང་མྱ་ངན་མེད་མིན་པར། ཀུ་མཱ་ར་གུཔྟ་དང་པོའམ་ཡང་ན་ཁོང་གི་སྤུན་ལོ་ཀཱ་ཏེཇ་ཞེས་པ་ཁོང་ཡིན་པ་གསལ་ན་ཡང་། སྔོན་བྱུང་ཆོས་འབྱུང་རྣམས་གཅིག་ནས་ཤེས་རྟོགས་དང་། གཉིས་ནས་མཐོང་ཆེན་ཆེད་འདིར་འགོད་ཙམ་བྱས་པ་ཡིན།
དེས་ན་ནཱལཱནྡཱའི་སྦྱིན་བདག་དངོས་ནི། རྒྱའི་བཙུན་པ་ཐང་སན་ཙང་གིས་ནཱལཱནྡཱ་གསར་སྐྲུན་བྱེད་པོར་བཤད་པའི་རྒྱལ་པོ་འཇིག་རྟེན་ཉི་མའམ། དེང་དུས་ཡོངས་གྲགས་སུ་ནཱལཱནྡཱ་གསར་བཞེངས་བྱེད་མཁན་དུ་ངོས་འཛིན་བྱེད་པའི་ཀུ་མཱར་གུཔྟ་དང་པོ་ཁོང་གིས་ནཱལཱནྡཱར་ལྷ་ཁང་ཆེན་པོ་ཞིག་བཞེངས་རྗེས། དེའི་ཚ་བོ་སངས་རྒྱས་སྦས་པས་ཡབ་བམ་ཡང་ན་ཁུ་བོས་བཞེངས་པའི་ལྷ་ཁང་གི་ཤར་ཕྱོགས་སུ་ལྷ་ཁང་ཆེན་པོ་གཉིས་པ་ཞིག་བཞེངས། དེ་ནས་དེའི་ཚ་བུ་དེ་བཞིན་གཤེགས་པ་སྦས་པས་ཤར་ཕྱོགས་སུ་ལྷ་ཁང་གསུམ་པ་ཞིག་བཞེངས། དེ་རྗེས་སྟོབས་ཀྱི་ཉི་མས་བྱང་ཤར་ཕྱོགས་སུ་གཙུག་ལག་ཁང་བརྩིགས་ཤིང་། ཕྱོགས་བཞིའི་དགེ་འདུན་སྤྱན་དྲངས་ནས་མཆོད་འབུལ་ཆེན་པོ་བྱས། དེ་ནས་རྒྱལ་པོ་ཚུལ་ཁྲིམས་ཉི་མས་[3]ཀྱང་ར་གན་ལས་གྲུབ་པའི་ལྷ་ཁང་ངོ་མཚར་བ་ཞིག་ནཱལཱནྡཱར་བཞེངས་ཤིང་། བཙུན་པ་ཐང་སན་ཙང་ནཱལཱནྡཱར་སླེབས་སྐབས་ལྷ་ཁང་དེ་ད་དུང་བཞེངས་གྲུབ་མེད་པར་གསུངས་འདུག །ཁོང་གིས་ནཱལཱནྡཱའི་དགེ་འདུན་པར་ཟས་གོས་མལ་སྟན་དང་སྨན་བཅས་ཀྱི་སྦྱིན་བདག་ཤུགས་ཆེ་བྱས་པར་མ་ཟད། ནཱལཱནྡཱའི་གཙུག་ལག་ཁང་ཡོངས་རྫོགས་ལྕགས་རི་མཐོན་པོ་ཞིག་གིས་བསྐོར་བའི་སྦྱིན་བདག་ཀྱང་བྱས། དེ་ལྟར་ཁ་ཅིག་གི་འདོད་ཚུལ་ལྟར་ན་ཆོས་རྒྱལ་མྱ་ངན་མེད་དང་། ཙན་དན་སྐྱོང་སོགས་ཆེས་ཐོག་མའི་སྦྱིན་བདག་དང་། དེ་ནས་ཙནྡྲའི་རྒྱལ་རྒྱུད་ཀྱི་སྦྱིན་བདག་དང་། དེ་ནས་གུཔྟའི་རྒྱལ་རྒྱུད་ཀྱི་སྦྱིན་བདག །དེ་རྗེས་ཧར་ཤ་དང་། དེ་རྗེས་པཱ་ལ་དང་། སེ་ནའི་རྒྱལ་རྒྱུད་ཀྱི་སྦྱིན་བདག་རིམ་བྱོན་གྱིས་ཁ་ཆེའི་བཙན་འཛུལ་བས་དྲག་གནོན་གྱིས་རྨེག་མེད་དུ་མ་བཏང་བར་བསྟན་པའི་སྲི་ཞུར་གྱུར་པའི་སྦྱིན་བདག་རྒྱུན་མི་ཆད་དུ་གནང་སྟབས། སངས་རྒྱས་ཆོས་ལུགས་ལ་ཕྲག་དོག་བྱེད་མཁན་འགའ་རེས་གུཔྟའི་རྒྱལ་རྒྱུད་ཉམས་དམས་སུ་འགྲོ་རྐྱེན་དེ་སངས་རྒྱས་ཆོས་ལུགས་ལ་སྦྱིན་བདག་དང་བཀུར་བསྟི་བྱས་པས་ཡིན་ཚུལ་ཡང་བཤད་ཡོད་པ་རེད།[4]
གཞན་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་རྡོ་རྗེ་མཚོན་ཆའི་སྐུ་དུས་སུ་འཇམ་དབྱངས་ཀྱི་ལྷ་ཁང་གསར་བཞེངས་དང་། མཁན་པོ་རྒྱལ་སྲས་ནཱ་ལེནྡྲ་པའི་སྐུ་དུས་སུ་དུས་འཁོར་གྱི་ལྷ་ཁང་བཅས་ཀྱང་གསར་བཞེངས་གནང་བ་སོགས་ཞིབ་པ་གོང་དུ་བཀོད་ཟིན་ལ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ལས། དེ་ནས་འཁོར་བཅས་འོད་མའི་ཚལ་དུ་བྱོན། །གཙུག་ལག་ཁང་རྣམས་ཕུན་སུམ་ཚོགས་པར་མཛད། །དེ་ནས་ཀཽ་ཤམྦྷི་ཡི་གནས་སུ་བྱོན། །ཟླ་བ་གཉིས་སུ་ཞིག་རལ་ཆེན་པོ་གསོས། །རྟེན་གསུམ་ཐམས་ཅད་ཕུན་སུམ་ཚོགས་པར་མཛད། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི། །ཀུན་དགའ་ར་བ་ཤིན་ཏུ་མཛེས་པར་མཛད། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ་བྱོན། །བདེ་གཤེགས་མཆོད་རྟེན་ཐམས་ཅད་མཛེས་པར་མཛད། །དེ་ནས་མཉན་ཡོད་རྒྱལ་བྱེད་ཚལ་དུ་བྱོན། །ཉམས་པ་གསོས་ཤིང་གཙུག་ལག་རྒྱས་པར་མཛད། །དེ་ནས་གྲོང་ཁྱེར་རྩྭ་མཆོག་གནས་སུ་བྱོན། །ཉན་ཐོས་མཆོད་རྟེན་ཐམས་ཅད་རྒྱས་པར་མཛད། །དེ་ནས་སྒྲོལ་མ་འབར་བའི་ཚལ་དུ་བྱོན། །ཀུན་དགའ་ར་བ་བཅུ་གསུམ་རྒྱས་པར་མཛད། །མདོར་ན་རྡོ་རྗེ་གདན་དང་ནཱ་ལེནྡྲ། །ཀྲ་མ་ལ་དང་མཻ་ཏྲིའི་གཙུག་ལག་ཁང་། །ལི་ཡི་རྒྱལ་པོའི་ཕོ་བྲང་ལ་སོགས་པའི། །གཙུག་ལག་ཁང་ཆེན་བརྒྱ་དང་བརྒྱད་དག་དང་། །མཆོད་རྟེན་ཉི་ཁྲི་ཆོས་ཁྲི་སུམ་བརྒྱ་དག །འགྲན་གྱིས་དོ་མེད་བླ་མ་འདི་ཡིས་གསོས། །ཞེས་ཇོ་བོ་རྗེས་རྒྱ་གར་གྱི་གནས་ཆེན་ཁག་དང་། གཙུག་ལག་ཁང་། ལྷག་པར་ནཱ་ལེནྡྲའི་གཙུག་ལག་ཁང་སོགས་གཙུག་ལག་ཁང་བརྒྱད་རྩ་བརྒྱད་ལ་ཞིག་གསོ་རྨད་དུ་བྱུང་བ་མཛད་པར་གསལ་ལོ།།
གཞན་ཡང་སྦྱིན་བདག་གཙོ་བོ་གཅིག་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[5]། དེར་གནས་ཚད་ཀུན་ལ་མཁོ་བ་རྣམས་ནལནྡཱའི་ལྷ་འབངས་གྲོང་བརྒྱ་ཙམ་ཡོད་པ་ནས་སྦྱོར་ཞིང་། འབྲས་བཟང་ངན་སྣ་ཚོགས་པ་དང་། མར་དང་འོ་མ་སོགས་ཉིན་རེ་བཞིན་འབུལ་བས་འཚོ་ཆས་ཀྱིས་བྲེལ་བ་སུ་ཡང་མེད། ཅེས་གསུངས་པ་ལྟར་རོ།།
དེ་ལྟར་ཆོས་རྒྱལ་མྱ་ངན་མེད་ཀྱིས་གཙུག་ལག་ཁང་འདི་ཐོག་མར་བརྩིགས་ནས་ཕྱོགས་དང་རིས་སུ་མ་ཆད་པའི་བསླབ་པར་བརྩོན་པའི་དགེ་འདུན་པ་རྣམས་ལ་འཚོ་བའི་ཡོ་བྱད་ཕུལ་ཏེ་བསྙེན་བཀུར་སྟབས། དགེ་འདུན་གྱི་འདུ་ལོང་རྒྱས་ཤིང་། བསླབ་སྦྱང་ལ་བརྩོན་པའི་དགེ་འདུན་ཤིན་ཏུ་རྒྱས་པས་རྒྱ་གར་གྱི་ཕྱོགས་བཞི་དང་དབུས་བཅས་དགེ་འདུན་ལ་དད་པའི་རྒྱལ་པོ་རྣམས་ཀྱིས་ཀྱང་གཙུག་ལག་ཁང་རེ་བཞེངས་ཏེ་ཆོས་གཞིས་མང་པོ་བཙུགས། དེའི་རྗེས་སུ་མྱ་ངན་མེད་ཀྱི་ཚ་བོ་མྱ་ངན་བྲལ་གྱི་རིང་ལ་ཕྱོགས་ཐམས་ཅད་ཀྱི་དགེ་འདུན་རྣམས་བསྡུས་ཏེ་དགེ་འདུན་བརྒྱད་ཁྲི་ཙམ་ལ་ལོ་གསུམ་ཙམ་རིང་འཚོ་བ་སྦྱར། སློང་མོ་བའི་ཚོགས་ཐམས་ཅད་ཀྱང་ཚིམ་པར་བྱས་ཏེ་དགོན་འདི་རྒྱ་ཆེར་བསྐྱེད། འདིའི་སྐབས་ཙམ་ན་རྒྱལ་པོ་ཀནིཥས་ཀྱང་ནཱལནྡཱར་ཆོས་གཞིས་མང་དུ་བཙུགས་ཤིང་། དགེ་འདུན་ལ་འཚོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་སྦྱར། རྒྱུན་ལྡན་བསླབ་སྦྱོང་ལ་བརྩོན་པའི་དགེ་འདུན་ལྔ་སྟོང་ཙམ་བཞུགས་པར་བཤད། དེ་དུས་སྤྱིར་ཐེག་པ་ཆེ་ཆུང་གི་སྡེ་སྣོད་རྣམས་ལ་འཆད་ཉན་སྒོམ་སྒྲུབ་བྱེད་པ་ཙམ་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས། རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་སོགས་སྡེ་ཚན་སོ་སོར་དབྱེ་སྟེ་སྦྱང་བའི་སྲོལ་ཆེར་མེད་པར་མ་ཟད། བསླབ་སྦྱང་མཐར་སོན་པ་རྣམས་ལའང་དམིགས་བསལ་ཐོབ་ཐང་གི་རིམ་པ་སོགས་གནང་སྲོལ་ཡང་མེད། འོན་ཀྱང་དེ་ནས་སློབ་སྦྱོང་གནང་བའི་མཁས་པ་རྣམས་ལ་ཡུལ་གྱི་རྒྱལ་པོ་དང་མཐའ་དབུས་ཀྱི་རྒྱལ་ཕྲན་སོགས་ནས་དམིགས་བསལ་བརྩི་མཐོང་དང་གདེང་འཇོག་ཤིན་ཏུ་ཆེ་བར་གྲགས།
འཕགས་པ་སྒྲ་གཅན་འཛིན་བཟང་པོ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱི་སྐུ་རིང་ལ་ཐེག་པ་ཆེན་པོའི་སྡེ་སྣོད་འཆད་ཉན་དང་སྒོམ་སྒྲུབ་ཤིན་ཏུ་དར་རྒྱས་སུ་ཕྱིན། ཁྱད་པར་དུ་གསང་བ་སྔགས་ཀྱི་རྒྱུད་སྡེ་ལ་འཆད་ཉན་གྱི་རྒྱུན་དབྱར་མཚོ་བཞིན་འཕེལ་ཞིང་རྒྱས་པ་བྱུང༌། དེ་ལྟར་དཔལ་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱིས་བརྩིགས། ཐེག་པ་ཆེན་པོའི་སློབ་དཔོན་ལྔ་བརྒྱ། གཞན་ཡང་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་སྐུ་མཆེད་སོགས་ཀྱིས་རྒྱས་པར་མཛད། སྒྲ་གཅན་འཛིན་བཟང་པོ་དང་དཔལ་མགོན་འཕགས་པ་ཀླུ་སྒྲུབ། དེའི་སློབ་མ་ཨརྱ་དེ་ཝ། དེའི་སློབ་མ་འཕགས་པ་མ་ཁོལ། སྒྲ་གཅན་འཛིན་བཟང་པོ་ཆུང་བ་སོགས་ཀྱིས་ཤིན་ཏུ་རྒྱས་པར་བྱས། དུས་སྐབས་འདི་ཙམ་ནས་སློབ་གཉེར་བའི་འཛིན་རིམ་ཁག་བགོས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ཀྱི་སྦྱངས་འབྲས་ལ་གཞིགས་ཏེ་གཟིགས་གསོལ་གནང་བ་སོགས་ཚད་ལྡན་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་གི་རྣམ་པར་བསྒྱུར་ཅིང༌། པཎྜི་ཏ་རྣམས་ལ་ཡང་མཁས་ཁྱད་ལ་གཞིགས་ཏེ་གོ་སའི་ཆོ་ལོ་ཡུལ་གྱི་རྒྱལ་པོའམ་གཞུང་ཕྱོགས་ནས་གནང་བའི་འགོ་ཚུགས།
དུས་རབས་གཉིས་པའི་ནང་ཙམ་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སློབ་གཉེར་བ་མང་དུ་འདུས། རྒྱལ་ཁབ་ཕན་ཚུན་གཞུང་འབྲེལ་སློབ་མ་གཏོང་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་གྱུར། སྙན་པའི་གྲགས་པས་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་སྟེ་ལེ་དབར་ཁྲི་ཕྲག་མང་པོའི་ས་ནས་ཕེབས་པའི་དོན་གཉེར་ཅན་གྱི་སློབ་མ་ཉིན་བཞིན་ཇེ་མང་དུ་སོང༌། ལོ་རྒྱུས་ཐོག་རྒྱལ་ཁབ་ཕན་ཚུན་གཞུང་འབྲེལ་སློབ་མ་བསྡུ་ལེན་བྱེད་སའི་སློབ་གྲྭ་ཆེས་ཐོག་མ་དེ་ཡིན་པར་ཡང་བཤད། དུས་རབས་བདུན་པ་ཙམ་ན་ལི་ཡུལ་དང༌། རྒྱ་ནག །བོད། སིངྒ་ལ། ཐའེ་ལན། བལ་པོ། འབར་མ། འཇའ་པན། ཝི་ཏི་ནམ། ཀོ་རི་ཡ་སོགས་རྒྱལ་ཁབ་དང་ཡུལ་གྲུ་འདྲ་མིན་དྲུག་ཅུ་ཙམ་གྱི་སློབ་གཉེར་བ་ཡོད་པར་གྲགས། དེ་ནས་དུས་རབས་བཅུ་གསུམ་པའི་འགོ་སྟོད་ཙམ་གྱི་བར་དུ་དངོས་ཞུགས་སློབ་གཉེར་བ་དགེ་འདུན་ཆིག་ཁྲི་ནས་ཉིས་ཁྲིའི་བར་རྒྱུན་དུ་བཞུགས་ཤིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཐམས་ཅད་ལ་མཁས་པའི་དགེ་རྒན་པཎྜི་ཏའི་པ་ཏྲ་ཅན་གཅིག་སྟོང་ལྔ་བརྒྱ་ཙམ་ཡོད་ལ། ལོ་རེ་རེར་ཡང་མདོ་སྔགས་གཞུང་ལུགས་རབ་འབྱམས་ལ་སྦྱངས་ཟིན་པའི་སློབ་མ་ལྔ་བརྒྱ་ནས་གཅིག་སྟོང་གི་བར་ཐོན་གྱི་ཡོད། དེ་ལྟ་བུའི་ནང་པའི་གཙུག་ལག་སློབ་གཉེར་ཁང་འདིའི་འཕྲིན་ལས་ཀྱིས་རྒྱ་གར་གཙོ་བོར་གྱུར་པའི་ནང་ཆོས་དར་བའི་རྒྱལ་ཁབ་དང་ཡུལ་གྲུ་ཐམས་ཅད་ལ་མ་ཁྱབ་པ་མེད་ཅིང་། འཛམ་གླིང་གི་ཡུལ་གྲུ་གང་སར་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་བ་ནི་ཡུལ་གྲུ་སོ་སོའི་ཆོས་འབྱུང་ན་གསལ་བ་ལྟར་རོ། །དེས་ན་སློབ་གཉེར་ཁང་འདི་ཉིད་ནང་པ་སངས་རྒྱས་པའི་གསུང་རབ་ཉམས་ཞིབ་ཁང་ཆེ་ཤོས་དང་ལྟེ་བ་དེ་ཡིན་ཅིང་། ཕྱིས་ཀྱི་ཡུལ་གྲུ་སོ་སོར་དམ་པའི་ཆོས་དར་བའི་འགོ་ཁུངས་ལྟ་བུའང་ཡིན།[6]
དེ་ལྟར་ཉུང་མཐར་ལོ་ངོ་ ༦༠༠ ཙམ་གྱི་དུས་ཡུན་རིང་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་དེ་ནས་འཛམ་གླིང་གང་སར་ནང་ཆོས་ཁྱབ་སྤེལ་ཐུབ་པ་བྱུང་འདུག །ཕྱི་ལོ་བརྒྱ་ཕྲག་ ༡༡ ཙམ་ལ་གསང་སྔགས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བར་བརྟེན་ནཱ་ལེནྡྲའི་སློབ་གཉེར་ཁང་ལ་ཉམས་ཆག་ཆེན་པོ་བྱུང་འདུག །སྐབས་དེར་བོད་དང་། བལ་ཡུལ། བྷི་ཧར། བྷང་ག་ལའི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་བྱུང་བར་བཤད། པཱ་ལའི་རྒྱལ་བརྒྱུད་རྣམས་ཀྱིས་ཧིན་དྷུའི་ཆོས་ལུགས་ལ་དོ་སྣང་ཆེ་བ་དང་། ནཱ་ལེནྡྲའི་སློབ་གཉེར་ཁང་ལ་རོགས་འདེགས་ཇེ་ཆུང་དུ་ཕྱིན་ཚུལ་བརྗོད་བཞིན་ཡོད་ལ། གོང་བཀོད་དེ་དག་གི་ཐོག་ནས་དཔལ་ནཱ་ལེནྡྲའི་གདན་ས་ཆེན་པོ་འདི་ཉིད་ཀྱི་འཕེལ་རིམ་དང་ཁྱབ་ཚད་སོགས་ཀྱང་མཁྱེན་རྟོགས་ཐུབ་པ་ཡིན་ནོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀུན་དགའ་བློ་གྲོས་ཀྱི་གསུང་འབུམ། ༼ང༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་། ༦ན༢
[2] ཆོས་གཞི་ཞེས་པ་ནི། གཙུག་ལག་ཁང་དང་། དགོན་སྡེ། ཆོས་སྡེ། ལྷ་ཁང་བཅས་ཀྱི་དོན་ཡིན།
[3] གསེར་ཐང་། སྟོད་ཆ། ཤོག་ ༣༤༣ པར་རྒྱལ་པོ་འདིའི་མཚན་གཞན་ཤི་ལཱའི་ཀྱ་སྟེ་ཚུལ་ཁྲིམས་ཉི་མ་བྱ་བར་གྲགས་ཞེས་གསལ།
[4] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༨༡
[5] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༣
[6] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༩
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༩༩ ནས་ ༤༠༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།