ག༽ ནཱ་ལེནྡྲའི་གཙུག་ལག་ཁང་དང་གསང་སྔགས་ཀྱི་ཆོས་འཁོར།

ག༽ ནཱ་ལེནྡྲའི་གཙུག་ལག་ཁང་དང་གསང་སྔགས་ཀྱི་ཆོས་འཁོར།

 

དེ་ཡང་ལ་ལས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། མདོ་སྔགས་གཉིས་ལས་མདོ་ཕྱོགས་ཀྱི་འབྱུང་གནས་ལས། སྔགས་ཕྱོགས་ཀྱི་འབྱུང་གནས་མིན་པར་འདོད་པ་དང་། ལྷག་པར་གསང་སྔགས་ཀྱི་གཞུང་ལུགས་ཚད་ལྡན་མཛད་པ་པོ་སྔོན་གྱི་པཎ་གྲུབ་རྣམས་ནཱ་ལེནྡྲའི་པཎ་གྲུབ་མིན་པར་འདོད་པ། ཡང་ན་མདོ་ཕྱོགས་ལས་གསང་སྔགས་སློབ་གཉེར་དང་།

ཉམས་བཞེས་གནང་ཡུལ་མིན་པར་འདོད་པ། གསང་སྔགས་ཀྱི་ཆོས་འཁོར་དེ་ཡང་དུས་རབས་བདུན་པ་བརྒྱད་པར་མ་གཏོགས་མ་བྱུང་བ་སོགས་ཀྱི་བཤད་ཚུལ་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་ནི་དོན་དངོས་དང་མི་མཐུན་མོད། འོན་ཀྱང་རྒྱ་གར་འཕགས་ཡུལ་དུ་གསང་སྔགས་ཀྱི་ཆོས་འཁོར་དུས་ནམ་ཞིག་དར་མིན་སོགས་ཀྱི་སྐོར་འཕགས་བོད་ཀྱི་དེབ་ཐེར་ཁག་ཏུ་ཞིབ་གསལ་མི་འབྱུང་སྟེ། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ལས[1]། ནང་པའི་གསང་སྔགས་རྒྱ་གར་དུ་ག་དུས་དར་མིན་གསལ་པོ་མི་ཤེས་ཀྱང་། ལོ་ཆེན་ཧྱན་ཙང་ཕྱི་ལོ་ ༦༤༠ ཡན་མན་ལ་ནཱལཱནྡཱ་ལ་ལོ་ལྔའི་རིང་སློབ་གཉེར་གནང་བཞིན་བཞུགས་ཀྱང་། ནཱལཱནྡཱའི་གསང་སྔགས་སྐོར་ཟུར་ཙམ་ཡང་བཀའ་གནང་མེད་པས། སྐབས་དེར་ནཱལཱནྡཱ་ལ་གསང་སྔགས་ཀྱི་ཆོས་ཡོངས་གྲགས་སུ་མ་དར་བའི་རྟགས་མཚན་ཞིག་ཏུ་བགྲང་ཆོག་ཀྱང་། རྣམ་པར་སྣང་མཛད་ཆེན་པོའི་རྒྱུད་རྒྱ་ནག་སྐད་དུ་བསྒྱུར་དུས་ནི་ཕྱི་ལོ་ ༧༢༥ ལོར་ཡིན་པར་མ་ཟད། ལོ་ཙཱ་བ་འཇིགས་མེད་དགེ་བའི་གདན་ས་ནཱལཱནྡཱ་ཡིན་པས་ན། སྐབས་དེར་གདན་ས་དེར་གསང་སྔགས་ཆོས་དར་ཡོད་པ་ནི་ཤོད་ཅི་དགོས། གོང་གསལ་རྒྱུ་མཚན་དེ་དག་ལ་གཞིགས་ཚེ་དུས་རབས་བདུན་པའི་ཡན་མན་ལ་གསང་སྔགས་ཀྱི་ཆོས་གློ་བུར་དུ་དར་སྤེལ་བྱུང་བར་མངོན་ནོ། །པཱ་ལའི་རྒྱལ་རབས་སྐབས་ཀྱི་རྡོ་བརྐོས་སྐུ་ནི་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་དང་། རྡོ་རྗེ་གདན། རྩྭ་མཆོག་གྲོང་། གདན་ས་ཆེན་པོ་ན་ལནྡཱ་བཅས་ནས་ཧ་ཅང་མང་པོ་ཐོན་ནས་ད་ལྟ་རང་རེའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་འདིས་ཀྱང་སྐབས་དེར་རྒྱ་གར་དབུས་ལ་ནང་ཆོས་དར་ཁྱབ་ཆེན་པོ་ཡོད་པར་མཚོན་གྱི་ཡོད་པ་རེད་དོ། །ཞེས་ཀྱང་གསལ་ལོ།།

དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[2]། ཁ༽ རྣམ་སྣང་མངོན་བྱང་དུས་རབས།[3] སློབ་དཔོན་དགེ་མཛད་སེངྒེས་མདོ་འདི་ཕྱི་ལོ་ ༧༢༤ ལོར་རྒྱ་ནག་སྐད་དུ་བསྒྱུར། དེའི་ལེགས་སྦྱར་གྱི་ཕྱི་མོ་ནི་མུ་རྒྱོས་ (T 2154, p. 572a) རྒྱ་ནག་ཏུ་བསྣམས་ཕེབས་ཡོད། རྒི་རྗོའི་རྒྱ་གར་ལམ་ཡིག་ (T 2066, p.9a-c) ཏུ་སློབ་དཔོན་མུ་རྒྱོ་དང་། རྒི་རྗོ་གཉིས་ཕྱི་ལོ་ ༦༨༥ ལོར་ནཱ་ལེནྡྲ་ནས་སོ་སོར་གྱེས་པར་གསལ་བས་ན། ཇི་ཙམ་ཕྱི་ཡང་རྣམ་སྣང་མངོན་བྱང་མདོ་དེའི་གོང་རོལ་ཏུ་བརྩམས་ཏེ་བཞུགས་པར་དོགས་པ་མེད། གང་ལྟར་དུས་རབས་བདུན་པའི་སྟོད་ཆར་རྒྱ་གར་ལ་གནས་སྐོར་ལ་ཕེབས་མཁན་ཧྱན་ཙང་གི་རྒྱ་གར་ལམ་ཡིག་ཏུ་གསང་སྔགས་ཀྱི་སྡེ་སྣོད་ཀྱི་སྐོར་མི་གསལ་བ་དང་། དུས་རབས་བདུན་པའི་སྨད་ཆ་ལ་རྒྱ་གར་ལ་གནས་སྐོར་ལ་ཕེབས་མཁན་ནི་རྒི་རྗོའི་རྒྱ་གར་ལམ་ཡིག་ཏུ་གསང་སྔགས་སྡེ་སྣོད་སྐོར་མང་པོ་གསལ་བས་ན། དུས་རབས་བདུན་པའི་བར་དཀྱིལ་ལ་གྲུབ་པ་ཡོངས་གྲགས་ལྟར། ཕྱི་ལོ་ ༦༥༠ ཙམ་ལ་བརྩམས་པར་ཆ་བཞག་ན་འཚམ་པོ་ཡིན། བརྩམས་ཡུལ་ཡང་བཤད་སྲོལ་མང་རུང་། གདན་ས་ཆེན་པོ་ནཱ་ལནྡཱར་པཎ་ཆེན་ཆེ་གེ་མོ་ཞིག་གིས་བརྩམས་པར་སེམས་ཏེ། དུས་རབས་ལྔ་པའི་རྗེས་པཎ་ཆེན་རྣམས་ཀྱིས་སློབ་གཉེར་གནང་ས་གདན་ས་འདི་ཡིན་པ་དང་། དགེ་མཛད་སེངྒེས་གདན་ས་འདིར་རྣམ་སྣང་དབང་དང་གདམས་ངག་ཞུས་པ་དང་། ལེགས་སྦྱར་ཕྱི་མོ་ཡང་གནས་འདི་ནས་རྙེད་པ་དང་། དུས་རབས་བརྒྱད་པའི་གདན་ས་འདིའི་སློབ་དཔོན་པདྨའི་ངང་ཚུལ་གྱིས་སྒོམ་རིམ་དུ་རྣམ་སྣང་མངོན་བྱང་གི་མདོའི་ལུང་དྲངས་པ་བཅས་རྒྱུ་མཚན་མང་། །ཞེས་ཀྱང་བྱུང་ངོ་།།

གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། སྔགས་ཀྱི་ཐེག་པའི་བྱུང་ཁུངས་ལ་དཔྱད་པ། འདིར་ཡིད་གཉིས་སུ་བྱ་བ་གཞན་འགའ་ཞིག་སྒྲིན་པོར་རློམ་པའི་སྐྱེ་བོ་ཁ་ཅིག་དག་ལ་སྣང་སྟེ། སྔགས་ཀྱི་ཐེག་པ་བྱུང་ཚུལ་ལོགས་པ་ཞིག་ཡོད་དམ་མེད་ཅེས་དཔྱོད་དོ། །སྤྱིར་ནི་མདོ་སྡེ་དང༌། རྒྱུད་སྡེ་ཐམས་ཅད་ལ་གླེང་གཞི་སོ་སོར་ཡོད་པ་དེའི་ཕྱིར་མདོའི་བྱུང་ཚུལ་ལས་སྔགས་ཀྱི་བྱུང་ཚུལ་ཐ་དད་པ་ཡིན་མོད་ཀྱི། རེ་རེ་ནས་སྨོས་ཀྱིས་མ་ལང་ལ། སྤྱི་ལྡོག་ནས་མདོ་རྒྱུད་གཉིས་ལ་ཡུལ་དང་དུས་དང་སྟོན་པའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཇི་ལྟར་མི་ཡུལ་དུ་བྱུང་བའི་ཚུལ་ཡང་ཐེག་ཆེན་གྱི་མདོ་སྡེ་རྣམས་དང་ལྷན་ཅིག་རྒྱུད་སྡེ་རྣམས་ཀྱང་ཕལ་ཆེ་བ་བྱོན་པ་ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཟབ་མོ་མང་དག་ཅིག་ནི་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་ཏེ་རིམ་པ་བཞིན་བྱོན་པ་ཡིན་ནོ། །དཔེར་ན་དཔལ་ས་ར་ཧས་སངས་རྒྱས་ཐོད་པ་སྤྱན་དྲངས་པ་དང༌། ལཱུ་ཡི་པས་རྣལ་འབྱོར་མ་ཀུན་སྤྱོད་སོགས་སྤྱན་དྲངས་པ་དང༌། ལྭ་ཝ་པ་དང་མཚོ་སྐྱེས་ཀྱིས་དགྱེས་པའི་རྡོ་རྗེ་སྤྱན་དྲངས་པ་དང༌། ནག་པོ་སྤྱོད་པ་བས་ཁ་སྦྱོར་ཐིག་ལེ་སྤྱན་དྲངས་པ་དང༌། ལ་ལི་ཏ་བཛྲ་ཡིས་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་སྤྱན་དྲངས་པ་དང༌། ཟབ་པའི་རྡོ་རྗེས་རྡོ་རྗེ་བདུད་རྩི་སྤྱན་དྲངས་པ་དང༌། ཀུ་ཀུ་རཱི་པས་མཧཱ་མཱ་ཡཱ་སྤྱན་དྲངས་པ་དང༌། བི་ཊོ་པས་དུས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ཡིན་ནོ། །ཞེས་གསུངས་པ་ལྟར་པཎ་གྲུབ་དེ་དག་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་མཁན་རབས་དང་པཎ་གྲུབ་དེ་དག་གི་བླ་སློབ་ཏུ་གྱུར་པ་ཤ་སྟག་ཡིན།

དེ་ཡང་དཔལ་ནཱ་ལེནྡྲའི་ཐོག་མའི་སློབ་དཔོན་གྱི་གྲས་ནས། སློབ་དཔོན་མཐོ་བཙུན་གྲུབ་རྗེར་མཁན་པོས་ནཱ་ལེནྡྲར་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་དེ་ཉིད་དུ་དབང་བསྐུར་རྒྱུད་བཤད་མན་ངག་གདམས་ཤིང་། གཞན་ཡང་གསང་སྔགས་དུ་མ་གསུངས་པ་དང་། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོས་དམངས་དང་། བཙུན་མོ། རྒྱལ་པོ་རྣམས་ལ་རིམ་པ་བཞིན་དོ་ཧ་སྐོར་གསུམ་གླུར་བླངས་པ་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཡིན་པར་གྲགས། ལྷག་པར་སློབ་དཔོན་སྒྲ་གཅན་འཛིན་འོད་བྱ་བ་སོགས་སློབ་དཔོན་མཁས་པ་མང་པོ་བསྟེན་ནས་ཐེག་པ་ཆེ་ཆུང་གི་ཆོས་དང༌། གཙོ་བོར་གསང་སྔགས་ཀྱི་ཆོས་གསན། དེ་ནས་གསང་སྔགས་ཀྱི་ལམ་ལ་བསྟེན་ནས་རྟོགས་པ་མཐོན་པོར་སོང་སྟེ་མདའ་མཁན་གྱི་བུ་མོ་ཕྱག་རྒྱར་བསྟེན་ཏེ་སྤྱོད་པ་ལ་གཤེགས་པར་ཡང་གསུངས་སོ།།

གཞན་ཡང་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ་ལས[5]། སློབ་དཔོན་ཀླུ་སྒྲུབ་ཀྱིས་དབང་བསྐུར་ཞིང་རྒྱུད་བྱིན་གྱིས་བརླབས་པ་ནི་སློབ་དཔོན་ཤ་བ་རི་པ་སྟེ། འདིའི་ལོ་རྒྱུས་ནི་སློབ་དཔོན་འདི་བྲམ་ཟེའི་རིགས་ལྡོང་དར་ཞེས་བྱ་བ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་ནས་སློབ་དཔོན་འཕགས་པའི་དྲུང་དུ་ཕྱིན། དབང་དང་དམ་ཚིག་ཐོབ་ནས་རྒྱུད་དང་གདམས་ངག་མ་ལུས་པ་ཐོབ་སྟེ། སྒྲུབ་པ་སྙིང་པོར་བྱས་པས་དངོས་གྲུབ་ཀྱི་མཆོག་ཐོབ་ནས་སྤྱོད་པ་མཛད་པའི་ཚེ་དུག་སྦྲུལ་གྱི་རིག་སྔགས་འཛིན་པའི་ས་ར་ཧ་ཞེས་པ་གཅིག་གིས་ན་ལེནྟྲའི་ཕྱི་སྒོ་ལ་ཤིང་བུ་གཅིག་བཏགས་ནས་འདི་སུས་ལེན་ནུས་པ་དང་། ནུས་པ་འགྲན་ནོ་ཞེས་ཟེར་ནས་སོང་སྐད་དོ། །དེ་ནས་སློབ་དཔོན་གྱིས་ཆང་གིས་བཟི་བའི་གཟུགས་སུ་བརྫུས་ཏེ་མི་རྣམས་འགྲོ་འདུག་བྱེད་པ་ལ་གནོད་པར་གཟིགས་ནས་ཐག་པ་བཅད་དེ་ཆུ་ལ་བསྐྱུར་རོ། །ནངས་པར་ས་ར་ཧ་འོངས་ནས་ངའི་ཤིང་བུ་སུས་བསྐྱུར་གཞན་གྱིས་བརྗོད་པ་ཆང་གིས་བཟི་བ་ཞིག་གིས་བསྐྱུར་རོ་དེ་ལྟར་ན་དེ་ཁྲིད་ཤོག །མེད་ན་ཁྱོད་དང་ནུས་པ་འགྲན་ནོ་ཟེར་རོ། །དེར་དགེ་འདུན་གྱིས་བཙལ་བས་སྔར་བས་ཀྱང་བཟི་བ་ཞིག་གི་རྣམ་པ་རྙེད་ནས་ཁྲིད་དེ་འོངས་སོ། །ས་ར་ཧས་སྨྲས་པ་ཁྱོད་ཀྱིས་ཤིང་བུ་བསྐྱུར་རམ། སློབ་དཔོན་གྱིས་གསུངས་པ་བསྐྱུར་རོ། །དེ་ལྟར་ན་ནུས་པ་འགྲན་ནོ། །སློབ་དཔོན་གྱིས་ནུས་པ་མེད་ཀྱི་ཁྱོད་བཟོད་པར་མཛོད་ཅིག་ཅེས་གསུངས་ནས་བཞུད་དོ། །ཡང་ཁོས་ཤིང་བུ་བཏགས། སློབ་དཔོན་གྱིས་བསྐྱུར་ནས་སྔར་བཞིན་དུ་སྨྲས་པ་ཞག་གསུམ་གྱི་བར་དུ་བྱས་སོ། །དེ་ནས་ཁོ་ཤིན་ཏུ་ཁྲོས་ཏེ། ད་ནི་དུག་སྦྲུལ་བཏང་བས་བསྲུང་བ་གྱིས་ཤིག །དེ་ནས་སློབ་དཔོན་གྱིས་སའི་རི་མོ་བདུན་བྲིས་པའི་ནང་དུ་བཞུགས་ནས་ད་ཐོངས་ཤིག །དེ་ནས་དུག་སྦྲུལ་བཏང་བ་དང་། རི་མོ་གཅིག་སོགས་བྲལ་ཏེ་སོང་ངོ་། །དེ་ནས་ཁོ་ན་རེ། ད་ནི་འཇིགས་པའི་དུག་འཛིན་པའི་སྦྲུལ་དམར་པོ་ཞིག་ཡོད་དེ་སྔར་གྱི་ཀླུ་བདུན་ཀའི་དུག་བས་ཀྱང་འཇིགས་པ་ཞིག་ཡོད་པས་དེས་ཁྱོད་ཀྱང་ཟ། ང་ཡང་ཟ། གཞན་སེམས་ཅན་དུ་མའང་ཟ་བས་དེ་གཏོང་ངོ་། །སློབ་དཔོན་གྱིས་ཁྱེད་རང་ཟ་བའི་དུག་འདིས་ཅི་བྱེད་དམ་གཏོང་ཅིག །ཁོས་སྨྲས་པ་ཅིས་ཀྱང་གཏང་ངོ་། །དེ་ལྟ་ན་ཐོངས་ཤིག །དེར་ཁོས་རིག་སྔགས་བཟླས་ནས་བཏང་ངོ་། །དེ་ནས་སློབ་དཔོན་གྱིས་ཕག་པའི་ཞལ་སྤྲུལ་ནས་དེ་གསོལ་ལོ། །དེ་ནས་ས་ར་ཧ་ལ་སོགས་པ་སེམས་ཅན་དུ་མ་རྡོ་རྗེ་ཐེག་པ་ལ་བཅུག་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད་དེ་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུད་དོ། །དེར་རྔོན་པའི་ཆ་ལུགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ཤ་ཝ་རི་པ་ཞེས་གྲགས་ཏེ། ཤ་ཝ་རི་ནི་བོད་སྐད་དུ་རི་ཁྲོད་པ་སྟེ་རྔོན་པའི་མིང་ངོ་། །དེ་ལ་བྲམ་ཟེ་ས་ར་ཧ་ཆུང་ངུ་ཞེས་ཀྱང་བྱ། དཔལ་ཤ་ཝ་རི་དབང་ཕྱུག་ཅེས་ཀྱང་བྱ། རི་ཁྲོད་མགོན་པོ་ཞེས་ཀྱང་བྱའོ། །ཞེས་བྱུང་བ་ལྟར། གྲུབ་ཆེན་ཤ་ཝ་རི་པ་ཡང་དཔལ་ནཱ་ལེནྡྲ་དང་འབྲེལ་ཡོད་ཀྱི་པཎ་གྲུབ་སྙན་གྲགས་ཅན་ཞིག་ཡིན་ནོ།།

དེ་བཞིན་ཕུར་པའི་ཆོས་སྐོར་ལ་མཚོན་ན། སོག་བཟློག་པ་བློ་གྲོས་རྒྱལ་མཚན་ (1552-1624) མཛད་པའི་དཔལ་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ལས[6]། དེ་ནས་སློབ་དཔོན་གྱི་དགོངས་པ་ལ། སྐྱེ་ཤི་འཁོར་བའི་ཆོས་དང་ནི་བྲལ། མི་བརྗེད་པའི་གཟུངས་ནི་ཐོབ། ཚེ་ལ་དབང་བ་དང་། རྣམ་པར་སྨིན་པའི་རིག་འཛིན་ནི་བརྙེས། ད་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཅིག་སྒྲུབ་དགོས་པར་དགོངས་ནས། བལ་ཡུལ་དུ་བྱོན་ཏེ། ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པས། ཡུལ་དེའི་ཀླུ་གྱོང་པོ་ཞེས་བྱ་བ་དང་། ལྷ་འདྲེ་ཡོངས་ཀྱིས་བར་ཆད་བྱས་ཏེ། ལོ་གསུམ་དུ་གནམ་ལས་ཆར་མ་བབས། ས་ལ་རྩི་ཤིང་ནགས་ཚལ་དང་ལོ་ཏོག་ཐམས་ཅད་བསྐམས། ཆུ་བོ་དང་ཆུ་ཕྲན་ཀུན་ཀྱང་རྒྱུན་ཆད་དེ་དུས་ངན་བྱུང་བའི་ཚེ་སློབ་དཔོན་གྱི་དགོངས་པ་ལ། འདི་ནི་ཅིས་ཀྱང་མ་ལན་ཏེ། བདག་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པ་ཞིག་གོ་སྙམ་ནས། མཆོད་པ་བཤམས་ཏེ། ལྷ་ལ་གསོལ་བ་བཏབ་པས། ནམ་མཁའ་ལས་སྒྲ་བྱུང་སྟེ་བར་ཆད་འདི་གཞན་གྱིས་འདུལ་བའི་ཐབས་མེད་ཀྱི། རྒྱ་གར་ཤྲཱི་ན་ལེནྟྲའི་གཙུག་ལག་ཁང་ནས་རྡོ་རྗེ་ཕུར་པའི་རྒྱུད་སྡེ་སྤྱན་དྲོངས་ཤིག །ཅེས་སྒྲ་བྱུང་ངོ་། །དེ་ནས་བལ་པོའི་མི་གཉིས་ལ་གསེར་བྲེ་གང་བསྐུར་ནས། པཎྜི་ཏ་ལྔ་བརྒྱ་ལ་ཕུལ། ལོ་རྒྱུས་གསོལ་བས་རྡོ་རྗེ་ཕུར་པའི་ཆོས་སྐོར་འབུམ་སྡེ་ཙམ་ཞིག་བཞུགས་པའི་ནང་ནས། པོ་ཏི་མི་ཁུར་གཉིས་པཎྜི་ཏ་རྣམས་ཀྱིས་བརྫངས་སོ། །དེ་ཡང་ལེ་ཤོད་དུ་སླེབས་པ་ཙམ་གྱིས་ལྷ་འདྲེའི་བར་ཆད་རང་སར་ཞི་སྟེ་དུས་ཀྱི་འབྲུག་གྲགས། གློག་འགྱུས། ཆར་བབས་ཏེ་རྩི་ཤིང་ནགས་ཚལ་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཏོ། །ཞེས་ཕུར་པའི་ཆོས་སྐོར་ནཱ་ལེནྡྲ་ནས་གདན་དྲངས་པར་གསུངས་ཤིང་། ནཱ་ལེནྡྲར་ཕུར་པའི་ཆོས་སྐོར་ཇི་ལྟར་བྱུང་བ་དང་། སུས་གདན་དྲངས་པ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་དམ་པའི་ཆོས་ཀྱི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས[7]། ཕུར་པ་གསང་སྒྲུབ་ཀྱི་བརྒྱུད་ལུགས་ནི། རྒྱལ་པོ་ཛས་ཤྲཱི་ནཱ་ལནྡའི་གཙུག་ལག་ཁང་དུ་སྦས། པཎྜི་ཏ་མི་མཇེད་བཟང་པོས་བཏོན། ཞེས་གསུངས་སོ།།

གཞན་ཡང་སོག་བཟློག་པ་བློ་གྲོས་རྒྱལ་མཚན་ (1552-1624) མཛད་པའི་དཔལ་རྡོ་ཇེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་ལས[8]། དེ་ལྟར་སྔ་འགྱུར་གྱི་ཕུར་སྨད་ཉི་ཤུ་རྩ་གཅིག་བསྣམས་ཏེ། ཤྲཱི་ན་ལེནྟྲའི་གཙུག་ལག་ཁང་དུ་བྱོན་ནས་པཎྜི་ཏ་ལྔ་བརྒྱའི་སྤྱན་སྔར་བཀྲམས་པས། ཆོས་ཤིན་ཏུ་ལེགས་པས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས། པཎྜི་ཏ་རྣམས་ཀྱིས་ཀྱང་སློབ་དཔོན་ལ་ཕྱག་འཚལ་ལོ། །དེ་ནས་མཁས་པ་རྣམ་པ་གསུམ་གྱིས་བཀའ་བགྲོས་ཏེ། བྱི་ཏོ་ཏ་མ་ལ་འབུམ་སྡེ་ཐམས་ཅད་གཟིགས་ཏེ། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་སུམ་ཅུ་རྩ་གཉིས་ལ་འགྲེལ་པ་སྒྲུབ་ཐབས་ཊཱིཀྐ་ལ་སོགས་པ་ཕྱེ་ནས་རྒྱས་པར་མཛད་དོ། །དེའི་དུས་སུ་སྲོད་ལ་ཤྭ་ན་མ་མཆེད་བཞིས་སྲོག་སྙིང་ཕུལ་ལོ། །ནམ་གོང་ལ་བདག་ཉིད་མ་མཆེད་བཞིས་སྲོག་སྙིང་ཕུལ་ལོ། །དེ་ནས་ཇི་ལྟར་དར་བ་ནི་བི་མ་ལས། གཟུངས་མ་དམ་པ་ལ་བཤད། གཉིས་ཀས་རྒྱ་གར་གྱི་རྒྱལ་པོ་ཨིནྟྲ་བྷུ་ཏི་ལ་བཤད། དེ་ནས་རྒྱ་གར་གྱི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །སློབ་དཔོན་པདྨས། བལ་པོ་ཤཱཀྱ་དེ་བ་ལ་བཤད། དེ་གཉིས་ཀས་ཨོ་རྒྱན་རྒྱལ་པོ་དྷརྨ་ཀོ་ཥ་ལ་བཤད། དེ་ནས་ཨོ་རྒྱན་གྱི་ཡུལ་ན་དར་ཞིང་རྒྱས་པར་སྤྱོད་དོ། །ཞེས་བྱུང་བ་ལྟར། ནཱ་ལེནྡྲ་ནི་བོད་བརྒྱུད་ནང་བསྟན་གྱི་མདོ་ཕྱོགས་ཁོ་ནའི་འབྱུང་ཁུངས་ཙམ་མིན་པར་སྔར་ནས་སྔགས་ཕྱོགས་ཀྱི་འབྱུང་ཁུངས་ཀྱང་ཡིན་པ་མཚོན་པར་ནུས་སོ།།

གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་ལ་མཚོན་ནའང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་རྒྱུད་སྡེ་རྒྱ་མཚོའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས་ལས[9]། མཁས་པ་སྟག་ཚང་པ་ནི།

ཆོས་འདི་ཁ་ཆེ་ཟླ་མགོན་དང་། །ཙ་མི་སོགས་ཀྱི་བོད་ཡུལ་དུ། །

སྟོན་ཕྱིར་ཆོས་འདི་རྒྱ་གར་དུ། །བྱོན་ནས་ལོ་བརྒྱ་མ་འགྱངས་པར། །

གངས་རིའི་ལྗོངས་འདིར་བྱོན་པར་ངེས། །འོན་ཀྱང་ལོ་ཡིས་ངེས་པ་དཀའ། །

ཞེས་གསུངས་པའི་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཀ་ལཱ་པ་རིགས་ལྡན་གྱི་གྲོང་ཁྱེར་ན་ཤིན་ཏུ་དར་རྒྱས་ཆེ་ཡང་། ཡུལ་དུས་ཀྱི་བསྐལ་པས་ཡུལ་དབུས་འགྱུར་འཆང་དུ་རིང་ཞིང་མ་བྱོན་པ་དུས་ནམ་ཞིག་ནས་སྲོལ་འབྱེད་པ་པོ་ནི། རྭ་པའི་ལུགས་ལ་ཆོས་འདི་རྒྱལ་པོ་པཱ་ལ་རྣམ་གསུམ་གྱི་རིང་ལ་བྱུང་བའི་རྒྱ་གར་ཤར་ཕྱོགས་ཨོ་བི་སར་འཁྲུངས་པའི་སློབ་དཔོན་ཙི་ལུ་པཎྜི་ཏས་ནཱ་ལནྡ་ལ་སོགས་པའི་གཙུག་ལག་མང་པོ་དང་། ཁྱད་པར་ཏུ་རུཀྵའི་གནོད་པ་མེད་པ་རིན་ཆེན་རི་བོའི་གཙུག་ལག་ཁང་[10]དུ་གླེགས་བམ་རྣམས་ལ་གཟིགས་པས། ཚེ་གཅིག་ལ་འཚང་རྒྱ་བར་ཐེག་པ་ཆེན་པོའི་གསང་སྔགས་དགོས། ཞེས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་གོང་དུ་སྤྲོ་བར་འོས་པའི་ཆོས་འབྱུང་གི་གླེང་བ་ཀོ་ཀི་ལའི་དབྱངས་སྙན་ལས[11]། འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་ཤིང་དར་བའི་ཚུལ་ནི། སླད་ཀྱི་རྒྱལ་པོ་དྷརྨ་པཱ་ལའི་སྐབས་སུ་སློབ་དཔོན་ཙི་ལུས་པས་བི་ཀྲ་མ་ཤི་ལ་དང༌། ནཱ་ལནྡྲ་དང༌། རིན་ཆེན་རི་བོའི་གཙུག་ལག་ཁང་གི་སྡེ་སྣོད་ཀྱི་གླེགས་བམ་མཐའ་དག་གཟིགས་པས། སྤྱིར་ཚེ་གཅིག་གིས་སངས་རྒྱས་འགྲུབ་པ་ལ་སྔགས་ཀྱི་ཐེག་པ་དགོས་ཤིང༌། དེའི་སྦས་དོན་རྣམས་གསལ་བར་བྱེད་པ་ལ་བྱང་ཆུབ་སེམས་དཔའི་འགྲེལ་པ་དགོས་ཏེ། དེ་ནི་ཤམྦྷ་ལར་སྤྲུལ་པའི་རྒྱལ་པོས་སྟོན་པ་ཡོད་ཅེས་འདུག་པ་དང༌། ཡི་དམ་གྱི་ལྷས་ཀྱང་ལུང་བསྟན་པ་ལ་བརྟེན་ནས་ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ཏེ། རྒྱ་མཚོ་ལ་གཟིངས་བཏང་ནས་ཕྱིན་པས་གླིང་ཕྲན་ཞིག་ཏུ་སླེབས་པ་དང་ཚོང་པ་རྣམས་གླིང་གཞན་དུ་སོང༌། སློབ་དཔོན་གྱིས་ཤམྦྷ་ལའི་ལམ་ཡིག་བཟུང་ནས་རི་ཆེན་པོ་ཞིག་ལ་འཛེགས་ཏེ་བྱོན་པས། རི་དེའི་རྩེར་དགེ་སློང་ཤིན་ཏུ་གཟུགས་བཟང་བ་ཞིག་དང་ཕྲད་དེ། དེ་ན་རེ་ཁྱོད་གར་འགྲོ་ཟེར། ཤམྦྷ་ལར་བྱང་ཆུབ་སེམས་དཔའི་ཆོས་སྐོར་ཚོལ་དུ་འགྲོ་བྱས་པས། དེར་ཤིན་ཏུ་བགྲོད་པར་དཀའ་བས་ཤེས་པ་བྱུང་ན་འདིར་ཡང་ཉན་པས་ཆོག་མོད་ཟེར་བ་དང༌། རྭ་བ་རྣམས་ཀྱིས་དེ་འཇམ་དཔལ་གྱི་སྤྲུལ་པ་དང༌། ཁ་ཅིག་རིགས་ལྡན་པདྨ་དཀར་པོའི་སྤྲུལ་པར་འཛིན་ཟེར། དེ་ལ་ཕྱག་དང་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། དབང་རྒྱུད་འགྲེལ་མན་ངག་མཐའ་དག་གནང་ཞིང༌། ཞག་རེ་ལ་ཤླཽ་ཀ་སྟོང་ཐུགས་ལ་ཟིན་པར་མཛད་དེ། སྤྲུལ་པ་དེས་མེ་ཏོག་སྤྱི་བོར་བཞག་ནས་བྱང་ཆུབ་སེམས་དཔའི་སྐོར་མ་ལུས་པ་ཁོང་དུ་ཆུད་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་པས། ཆུ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟར་ཐུགས་སུ་ཆུད་པ་དང་སྤྲུལ་པ་དེ་མི་སྣང་བར་གྱུར་ཏོ། །ཞེས་བྱུང་བ་ལྟར། ཙི་ལུ་པཎྜི་ཏས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གསང་སྔགས་ཀྱི་གླེགས་བམ་ལ་གསན་གཟིགས་མཛད་པར་གསལ་ལོ།།

དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[12]། ལམ་འབྲས་ཀྱི་མན་ངག་གསུང་བ་པོ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བེ་རཱུ་པ་ནི་རྒྱལ་རིགས་ལས་རབ་ཏུ་བྱུང་། གནས་བརྟན་དཔལ་ལྡན་ཆོས་སྐྱོང་ཞེས་མཁས་པ་ཟླ་མེད་པར་གྱུར། ནཱ་ལེནྡའི་དགེ་འདུན་གྱི་གནས་བརྟན་མཛད་དེ་ཉིན་པར་དགེ་འདུན་གྱི་བྱ་བ་དང་མཚན་མོ་བདེ་མཆོག་གི་རྣལ་འབྱོར་རྩེ་གཅིག་ཏུ་མཛད་པ་ལས། དངོས་གྲུབ་ཀྱི་ལྟས་གང་ཡང་མེད་པར་སླར་ཤ་ཟ་དང་སྲིན་པོས་འཚེ་བ་སོགས་ཁོ་ན་བྱུང་བས་ཐུགས་ཆད་དེ། ད་ནི་ཡི་དམ་མི་སྒྲུབ་བོ་ཞེས་ཕྲེང་བ་ཆབ་ཁང་དུ་བསྐྱུར་ཏེ་གནས་པ་ལས། མནལ་ལམ་དུ་བུད་མེད་སྔོན་མོ་ཞིག་གིས་དེ་ལྟ་བུ་མ་བྱེད་པར་སྔར་བཞིན་སྒྲུབ་པ་བྱོས་ཤིག །ཁྱོད་ཀྱིས་ལས་བསགས་པའི་ལྷ་ནི་ང་ཡིན་ནོ། །ཞེས་གསུངས་པས་ཕྱི་ནུབ་ཕྲེང་བ་བླངས་ཏེ་དྲི་ཞིམ་པོས་བསྒོས་ནས་བཟླས་པ་བྱས་པ་དང་། བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བྱོན་ཏེ་དབང་བསྐུར་བས་ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་སྐྱེས། དེ་ལྟར་ནུབ་རེ་ཞིང་བསྐུར་བས་ས་རེ་ཐོབ་སྟེ་ས་དྲུག་པ་མངོན་དུ་གྱུར་པ་ལ་རེ་ཞིག་ངལ་གསོ་བར་གྱུར་ཏོ། །ཞེས་བྱུང་བ་ལྟར། པཎྜི་ཏ་དཔལ་ལྡན་ཆོས་སྐྱོང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བདེ་མཆོག་གི་རྣལ་འབྱོར་དང་། བདག་མེད་ལྷ་མོ་བཅོ་ལྔ་སོགས་ཀྱི་གསང་སྔགས་ཀྱི་ཉམས་བཞེས་མཛད་དེ་ས་མཐོན་པོར་ཕེབས་པར་གསལ་ལོ།།

གཞན་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་འདུས་པ་ཞབས་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་ལས[13]། དམན་པ་ནི་དམན་ཞབས་པ་སྟེ། གཞན་རྣམས་ཀྱི་གཞུང་བོད་དུ་མི་སྣང་ངོ༌། །དམན་ཞབས་པའི་མཚན་གྱི་སྒྲ་བཤད་དང་། དེས་མཛད་པའི་གཞུང་རྣམས་ཡིད་ཆེས་པའི་རྒྱུ་མཚན་ནི། ཁོང་རང་གིས་མཛད་པའི་རྩ་རྒྱུད་ཀྱི་བསྡུས་དོན་རིག་བྱེད་སྒྲོན་མའི་བཤད་པར་དམ་བཅའི་སྐབས་སུ། མཐའ་ཡི་ཡུལ་ན་རབ་གནས་པ། །བྲམ་ཟེའི་རིགས་སུ་སྐྱེས་པ་ཡི། །ག་ར་ཛི་ཧྭ་ཞེས་བྱ་བ། །དང་པོ་ལོག་པའི་ལམ་ཞུགས་པ། །གྲོགས་པོ་དག་གིས་དད་པ་སྐྱེད། །ནཱ་ལེནྡྲ་རུ་ཕྱིན་ནས་ནི། །ཀློག་མཁན་ཞབས་[14]ཀྱི་ཞལ་སྔ་རུ། །རྒྱུད་ཆེན་མང་དུ་ཐོས་བྱས་ནས། །གནང་བ་ནོས་ཤིང་ལུང་ཐོབ་སྟེ། །ཀོང་ཀའི་དུར་ཁྲོད་ནགས་ཚལ་དུ། །སྨེ་ཤའི་བུ་མོ་སྒྲུབ་ཟླར་འཁྲིད། །ཟླ་བ་དྲུག་ཏུ་སྒྲུབ་པ་བྱས། །དཀར་པོ་བརྒྱད་ཀྱི་མཚན་དུས་སུ། །ཧཱུྃ་གི་སྒྲ་ཆེན་མཁའ་ལ་གྲགས། །དམན་པའི་ཞབས་ཁྱོད་བཟང་པོར་གྱིས། །མི་ཤེས་མུན་པས་བསྒྲིབས་པ་ཡི། །སེམས་ཅན་རྗེས་སུ་དྲང་བའི་ཕྱིར། །དཔལ་ལྡན་གསང་འདུས་ལ་སོགས་པའི། །དོན་གསལ་སྒྲོན་མ་བརྩམ་པར་གྱིས། །དེ་ལྟར་དམ་པས་གསོལ་ཕྱིར་ཤིན་ཏུ་སྤྲོ། །འགྲོ་བ་བདག་པས་བློ་དམན་མི་རྣམས་ལ། །སངས་རྒྱས་ཡེ་ཤེས་ཞལ་སྔའི་རིམ་འོངས་པའི། །གཞུང་གིས་གསང་བའི་རྒྱུད་འདི་ཅི་ནུས་བསྡུད། །ཅེས་གསལ་བར་བཤད་པས། དང་པོ་ལོག་ལམ་དམན་པ་ལ་འཇུག་མྱོང་བའི་སྒོ་ནས་ལས་སམ་བྱ་བ་ལ་མཚན་དུ་བཏགས་པ། བི་རཱུ་པ་སྟེ་རང་བཞིན་ངན་པ་ཞེས་རྣལ་འབྱོར་དབང་ཕྱུག་ལ་གྲགས་པ་བཞིན་ནོ། །སློབ་དཔོན་འདིས་མཛད་པའི་གཞུང་གི་གྲངས་ཀྱང༌། ཁོང་རང་ཉིད་ཀྱིས་བསྡུས་དོན་དེའི་མཇུག་ཏུ་གསུངས་པ་ནི། ཁོ་བོས་ཀྱང་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་དང༌། ཚོགས་ཀྱི་འཁོར་ལོ་དང༌། སྦྱིན་བསྲེག་དང་། གཏོར་མ་དང༌། རྣལ་འབྱོར་པའི་བྱ་བའི་རིམ་པ་དང་། དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་གཞན་དུ་རྒྱས་པར་བཤད་པས་ན་ཆོ་ག་རྣམས་ནི་ཕལ་ཆེར་དེར་བལྟ་བར་བྱའོ། །ཞེས་གསུངས་ཀྱང་བོད་དུ་འགྱུར་བ་ནི་གོང་དུ་བརྗོད་པ་ཙམ་མོ། །ཞེས་གསལ་བ་ལྟར་སློབ་དཔོན་དམན་པའི་ཞབས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཕེབས་ནས་ཀློག་མཁན་ཞབས་ཀྱི་ཞལ་སྔ་ནས་རྒྱུད་ཆེན་མང་དུ་གསན་པར་གསུངས་སོ།།

གཞན་ཡང་ཚར་ཆེན་བློ་གསལ་རྒྱ་མཚོས་ (1502-1566/1567) མཛད་པའི་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ལ་ཝ་བྷུ་ཏི་པའི་རྣམ་ཐར་བསྟོད་པ་ལས[15]།

ནཱ་ལནྡྲ་རུ་རྗེས་གནང་མཛད་པའི་དུས། །

མདུན་གྱི་ནམ་མཁར་སྤྲིན་ནག་འཁྲིགས་པའི་ཀློང་། །

མཁའ་འགྲོ་ལྷ་བརྒྱད་སྐུ་ཡི་སྣང་བརྙན་ནི། །

མེ་དཔུང་འབར་བར་གཟིགས་ལ་གསོལ་བ་འདེབས། །

ཞེས་ལ་ཝ་བྷུ་ཏི་པས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྗེས་གནང་མཛད་ཅིང་། སྐབས་དེར་ངོ་མཚར་བའི་རྟགས་མཚན་མང་དུ་བྱུང་བར་ཡང་གསུངས་སོ།།

དེ་བཞིན་དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པའི་པྲཛྙ་རཀྵི་ཏ་ནི། ནཱ་རོ་པ་ལོ་བཅུ་གཉིས་སུ་བསྟེན་ཏེ་ཕ་རྒྱུད་དང་མ་རྒྱུད་ལ་མཁས་པར་སྦྱངས། ལྷག་པར་འཁོར་ལོ་སྡོམ་པ་ལ་ཆེས་མཁས་པར་གྱུར། ཨོ་ཏནྟ་པུ་རིའི་ཉེ་འདབས་སུ་ལོ་ལྔ་ལ་སྒྲུབ་པ་མཛད་ཅིང་། འཁོར་ལོ་སྡོམ་པའི་རིགས་ཀྱི་དབང་བསྐུར་ཡང་བདུན་ཅུ་ཙམ་མངའ་བར་གྲགས། ལྷག་པར་ནུས་པ་ཤིན་ཏུ་ཆེ་བས་བི་ཀྲ་མ་ཤཱི་ལར་ལན་ཅིག་ཏུ་རུཀྵའི་དམག་བྱུང་བ་ཡང་འཁོར་ལོ་སྡོམ་པའི་སྒོ་ནས་བཟློག་པར་མཛད། མཐར་ནཱ་ལནྡྲ་དང་ཉེ་བའི་ནགས་ཁྲོད་ཅིག་ཏུ་སྐུ་འདས། ཞག་བདུན་དུ་སྐུ་གདུང་ལ་གཡོ་བ་མེད་པར་ཞོག་ཅེས་གསུངས་པ་ལྟར་སློབ་མ་རྣམས་ཀྱིས་བཞག་པས། ཞག་བདུན་ནས་གདུང་རང་ཡལ་དུ་སོང༌བ་སོགས་མདོ་སྔགས་ཀྱི་སློབ་དཔོན་གྲགས་ཅན་ཕལ་མོ་ཆེ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་འབྲེལ་བ་མེད་པ་ཤིན་ཏུ་དཀོན་པའི་ཚད་དུ་སྣང་ལ། པཎ་གྲུབ་བཅུ་བདུན་དང་། ནཱ་ལེནྡྲའི་མཁན་རབས་ ༥༩ དེ་མིན་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་གསང་སྔགས་ཀྱི་གཞུང་ལ་གསན་བསམ་ཉམས་ལེན་དང་། རྒྱུད་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་པ། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་སོགས་ཀྱི་སྐོར་སློབ་དཔོན་སོ་སོའི་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པས། དེ་དག་ལས་མཁྱེན་པར་མཛོད་ཅིག

མདོར་ན། པཱ་ལའི་རྒྱལ་བརྒྱུད་ཀྱིས་དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་ཟ་ཧོར་གྱི་སྲིད་དབང་བཟུང་། རྒྱལ་བརྒྱུད་དེ་ནི་གཙོ་བོ་ཐེག་པ་ཆེན་པོའི་རོགས་མགོན་གནང་མཁན་ཞིག་ཡིན་པར་མ་ཟད། ནང་ཆོས་ནང་སྔགས་ཀྱི་ཉམས་ལེན་འབུར་དུ་ཐོན་པར་ཐུགས་འགན་གཙོ་བོ་བཞེས་མཁན་ཞིག་ཀྱང་ཆགས་ཡོད་པར་མ་ཟད། ནཱ་ལེནྡྲའི་གནའ་ཤུལ་སྔོག་བྲུས་བྱས་པ་ལས་གནའ་དུས་པཱ་ལའི་རྒྱལ་རབས་ཀྱི་གནའ་རྫས་དང་གསང་སྔགས་སྐུ་འདྲའང་མང་པོ་ཐོན་ཡོད་ཅིང་། དཔལ་ལྡན་ཟླ་བ་གྲགས་པ་དང་སློབ་དཔོན་ཙནྡྲ་གོ་མི་རྣམ་གཉིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྩོད་པ་མཛད་སྐབས་སྤྱན་རས་གཟིགས་ཁར་ས་པ་ཎིས། གསང་བ་འདུས་པ་སྒོམས་གསུངས་པ་ལྟར་ཞག་བདུན་བསྒོམས་པས། སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་ཀྱང་བྱུང་བར་གྲགས་པ་སོགས་ལས་རྟོགས་ཐུབ་པ་ཞིག་གོ།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་ ༣༨༦

[2] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༢༥

[3] (Matsunaga 1980, op. cit, pp. 172-173)

[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༣༤

[5] གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ། པོད། ༼༡༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༦ན༡

[6] ཕུར་པའི་ཆོས་འབྱུང་དང་རྒྱུད་འགྲེལ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༥

[7] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༣༥

[8] བློ་གྲོས་རྒྱལ་མཚན་གྱི་གསུང་འབུམ། ༼༡༽ བྲིས་མ་དཔེ་རིང་། ཤོག་གྲངས་ ༧ན༦

[9] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༥༢༦

[10] ཧྱན་ཙང་གིས་གསུངས་པའི་པུཥྤ་པ་གི་རི་ཞེས་པ་དེ་ཨོ་རི་སའི་ཁོངས་གཏོགས་ཀད་ཏག་གི་ཉེ་འགྲམ་གྱི་ཨུ་ད་ཡ་གི་རིའི་དགོན་ཤུལ་ཆེན་པོ་རཏྣ་གི་རི་སྟེ་རིན་ཆེན་རི་བོ་ཞེས་པའི་དགོན་པ་འདི་རེད་གསུང་མཁན་མཁས་པ་ (S. Dutt: Buddhist Monks and Momasteries of India, London, 1962, p.327, footnote 4.) ཡོད། ཡང་སི་ཁྲོན་ལྕགས་པར་མའི་དེབ་སྔོན་སྨད་ཆ་ (Vol.2,p.886.18) ལས། ཙི་ལུ་པས་དུས་འཁོར་བཙལ་བའི་ལོ་རྒྱུས་འཆད་པ་ན། སློབ་དཔོན་དེས་ཏུ་རུཥྐའི་ (Turaska) གནོད་པ་མེད་པ་རིན་ཆེན་རི་བོའི་གཙུག་ལག་ཁང་དུ་གཟིགས། ཞེས་གསལ་ཡང་ད་ལྟའི་རིན་ཆེན་རི་བོ་ནས་གནའ་རྫས་མང་པོ་ཐོན་ཁོངས་ནང་དུས་འཁོར་སྣང་བརྙན་མ་ཐོན། ཞེས་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༤༦ ཐོག་གསལ་ལོ།།

[11] ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ག༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་  ༡༡བ༣

[12] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༣༦༢

[13] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༩

[14] སློབ་དཔོན་ཀློག་མཁན་ཞབས་ཞེས་པའི་རྣམ་ཐར་སོགས་གང་ཡང་ལག་སོན་མ་བྱུང་བས་འགོད་ཐབས་བྲལ།

[15] ཚར་ཆེན་བློ་གསལ་རྒྱ་མཚོའི་གསུང་ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥ན༥

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༨༥ ནས་ ༣༩༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *