ཁ༽ ནཱ་ལེནྡྲའི་གཙུག་ལག་སློབ་ཁང་གི་སྒྲིག་གཞི།
དེ་ཡང་དཔལ་ནཱ་ལེནྡྲའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་གསར་ཞུགས་སློབ་གཉེར་བ་འཛུལ་ཞུགས་ཀྱི་ཆ་རྐྱེན་ནམ། ནཱལཱནྡཱའི་གཙུག་ལག་སློབ་གཉེར་ཁང་གི་སྒྲིག་འཛུགས་ནི། དང་ཐོག་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་སྐབས་ཐོག་མར་པིཊཀཾཿསྟེ་སྡེ་སྣོད་གསུམ་གྱི་སྐོར་ནས་དྲི་བ་བྱས་ཏེ་དྲི་ལན་ཡག་པོ་ཐེབས་ཚེ་ནང་དུ་ལེན་པར་མ་ཟད།
ཚང་མས་མཐོང་དང་གུས་བརྩི་བྱེད་པ་དང་། དྲི་ལན་ཡག་པོ་མ་ཐེབས་ཚེ་ནང་དུ་བླངས་པ་ཙམ་ལས། མཐོང་དང་བརྩི་འཇོག་དེ་ཙམ་མེད་པར་མ་ཟད། ཁོ་རང་ཡང་ཅུང་ངོ་ཚ་པོའི་ངང་གནས་དགོས། ཡང་རྩ་བ་ནས་དྲི་ལན་མ་ཐེབས་ཚེ་ནང་དུ་མི་ལེན་པ་སོགས་ཆེས་མཐོའི་གཙུག་ལག་སློབ་གྲྭའི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད།
དེ་མཚུངས་ཉིན་རྟག་པར་ཆོས་ཁྲིད་བྱེད་སྐབས་སྡེ་ཚན་མི་འདྲ་བ་བརྒྱ་ཙམ་ཕྱེས་ནས་དཔེ་ཁྲིད་གནང་གི་ཡོད་ཚུལ་རྒྱའི་བཙུན་པ་ཨི་ཅིང་གིས་བྲིས་པའི་རྒྱ་གར་དུ་སླེབས་པའི་རྒྱ་ནག་ཧཱ་ཤང་ཞེས་པའི་དེབ་ཀྱི་གླེང་བརྗོད་ནང་བཤད་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་གསར་ཞུགས་བྱ་རྒྱུ་ལས་སླ་པོ་ཞིག་མིན། ཐོག་མར་སྒོ་ཆེན་སོ་སོར་བཞུགས་པའི་པཎྜི་ཏ་རྣམས་དང་རྩོད་པ་བྱེད་དགོས། རྩོད་པ་བྱས་ནས་རྒྱུགས་མ་འཕྲོད་བར་དུ་ནཱ་ལེནྡྲའི་ནང་དུ་འཛུལ་ཞུགས་བྱེད་མི་ཆོག་པའི་ལམ་སྲོལ་ཡོད་འདུག །དེ་ཡང་མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[1]། གཙུག་ལག་ཁང་དེར་ཚུད་པ་ལ་དཀའ་ངལ་ཆེ་ཞིང་། ཤེས་ཡོན་གླ་མེད་དང་། གནས་ཁང་དང་ཟ་ཆས་སོགས་རིན་མེད་དུ་སྤྲོད་པ་རེད། གཙུག་ལག་ཁང་དེར་ཆོས་དང་། སྒྲ་རིག་པ་དང་། ཚད་མ་རིག་པ་དང་། གསོ་བ་རིག་པ་དང་། རྩིས་སོགས་སློབ་ཚན་མང་པོ་སློབ་ཀྱི་ཡོད་པ་རེད། ཧུཝེན་སཱངྒ་ཡང་གཙུག་ལག་ཁང་དེའི་སློབ་ཕྲུག་ཡིན་པ་རེད། ཅེས་གསལ་བ་ལྟར་རོ།།
དེ་མཚུངས་མཁས་དབང་དགེ་ཆོས་ (1903-1951) ཀྱི་གསེར་ཐང་ལས[2]། ནཱལཱནྡཱར་སློབ་སྦྱོང་བྱེད་མཁན་དགེ་འདུན་པ་གཅིག་པུ་མིན་པར་རབ་ཏུ་མ་བྱུང་བའི་སློབ་བུ་མང་བར་བཤད་ལ། དེ་འདྲའི་ནཱལཱནྡཱའི་སློབ་མ་ཚོས་ཞོགས་པ་སྔ་པོ་ནས་དགོང་དྲོ་འཕྱི་པོའི་བར་སློབ་སྦྱོང་གནང་དགོས་ཤིང་། ཀུན་སྤྱོད་མི་གཙང་བ་དང་ལེ་ལོ་ཅན་ཚོ་སློབ་སྦྱོང་ལ་ཞུགས་ཆེད་སྐུལ་མའི་ཚུལ་དུ་ཉེས་ཆད་ཅུང་ཙམ་རེ་བཅད་ནས་ངོ་ཚ་བཟོ་བ་ལས། དངོས་སུ་མཐོང་ཆུང་དང་དམའ་འབེབས་ཤུགས་ཆེན་དེ་འདྲ་མི་བྱེད་པ་ཡིན།[3]
དེ་ལྟར་དཔལ་ནཱལཱནྡཱར་སློབ་སྦྱོང་གི་སྒྲིག་གཞི་དམ་པོ་ཡོད་པར་མ་ཟད། སྤྱོད་ལམ་གྱི་ཐོག་ནས་ཀྱང་སྒྲིག་གཞི་དམ་པོ་ཡོད་སྟབས། སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་བསྟན་པ་དགུང་དུ་བཏེགས་པའི་མཚན་སྙན་རྒྱས་ཏེ། རྒྱ་གར་ཡུལ་ཀུན་གྱིས་སྤྱོད་ལམ་གྱི་མིག་ལྟོས་དང་། ཚད་གཞིར་འཛིན་ས་ཞིག་ཏུ་གྱུར་པ་ཡིན། སྤྱིར་རྒྱ་གར་གྱི་ནང་པ་ཚང་མས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་གཅེས་སྲུང་དམ་དོན་བྱས་ནས་བསྟན་པའི་སྲི་ཞུ་ཆེན་པོ་བསྒྲུབས་པར་མ་ཟད། ཕྱིས་སུ་སློབ་དཔོན་ཡོན་ཏན་འོད་ཀྱིས་ཀྱང་ནཱལཱནྡཱས་གཙོས་པའི་འདུལ་བའི་བསྟན་པར་ནན་ཏན་ཆེན་པོས་གཟིགས་སྐྱོང་གནང་བར་བརྟེན་དཔལ་ནཱལཱནྡཱ་ནི་མཁས་བཙུན་བཟང་གསུམ་གྱི་ཁྱད་ཆོས་མངོན་པར་འཕགས་པའི་གཙུག་ལག་སློབ་གྲྭ་ཞིག་ཏུ་གྱུར་པ་རེད།
གཙུག་ལག་སློབ་གྲྭ་འདིས་དམ་པའི་ཆོས་འདུལ་བའི་བཅས་མཚམས་དེ་ཉིད་ཇི་ཙམ་གྱིས་གལ་ཆེན་ཞིག་ཏུ་བརྩི་མིན་ནི། ཐེངས་ཤིག་ནཱལཱནྡཱའི་གནས་བརྟན་ཚུལ་ཁྲིམས་དག་པ་ཞིག་གིས་རང་གི་སྦྱིན་བདག་གི་ཆུང་མར་གསོལ་རས་ཤིག་གནང་བར་གཞན་གྱིས་ཁ་ཟེར་བྱས་པ་ཐོས་སྐབས་དགོན་པའི་མཚན་སྙན་ལ་བསམས་ནས་གནས་སྤངས་ཏེ་ཡུལ་གཞན་དུ་གཤེགས་ཚུལ་གསལ་[4]བ་དང་། དེ་མཚུངས་རྗེ་མར་པའི་རྣམ་ཐར་ལྟར་ན། མངའ་བདག་མཻ་ཏྲི་པ་ནཱལཱནྡཱར་[5]བཞུགས་སྐབས་མཁའ་འགྲོ་མས་གནང་བའི་དམ་རྫས་ཀྱི་ཆང་ཞིག་ཉར་ཡོད་པ་དེར་དགེ་འདུན་པ་འགའ་རེས་མཻ་ཏྲི་པས་ཆང་འཐུང་གི་ཡོད་སྟབས་ཁོང་དགོན་པར་ཉར་མི་རུང་བའི་དགོངས་ཚུལ་སྟོན་པར་སྐབས་དེར་ཇོ་བོ་རྗེས་ནཱལཱནྡཱའི་སྒྲིག་ལམ་ལ་གཟིགས་རྟོགས་གནང་གི་ཡོད་པས་ཇོ་བོས་མཻ་ཏྲི་པ་གནས་ནས་བསྐྲད་[6]པའི་ལོ་རྒྱུས་ཡོད་པ་ལྟ་བུས་མཚོན་སྒྲིག་ཁྲིམས་ནན་ཏན་ཡོད་སྟབས། དཔལ་ནཱལཱནྡཱའི་དགེ་འདུན་པའི་སྤྱོད་ལམ་དེ་ཉིད་གཙུག་ཏུ་བཀུར་འོས་པ་ལ་ནི་ཚད་མེད་པ་ཞིག་ཡིན་ནོ།།[7]
དེ་ཡང་བི་ཀྲ་མ་ཤཱི་ལར་མངའ་བདག་མཱཻ་ཏྲི་པ་[8]ཞེས་བྱང་ཆུབ་སེམས་དཔའ་གྲུབ་པ་མཆོག་གི་དངོས་གྲུབ་བརྙེས་པ། ཡི་དམ་ལྷ་ཡི་ཞལ་མངོན་སུམ་དུ་གཟིགས་པ། ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ལ་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། འདུལ་བ་འཛིན་པ་ཀུན་གྱི་མཆོག་ཏུ་གྱུར་པ་དེས། རྣལ་འབྱོར་མ་ལ་ཐུགས་དམ་མཛད་པའི་དམ་རྫས་ཀྱི་རྟེན་དུ་ཆང་ཕྲན་བུ་ཞིག་སྒྲུབ་རྟེན་གྱི་སྟེགས་བུར་བཞག་ཡོད་པ་དགེ་སློང་ཞིག་གིས་གཟིགས་ཏེ་དགེ་འདུན་ལ་གསོལ། དགེ་འདུན་འདུས་ནས་ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པ་དང༌། གྲུབ་བརྙེས་འདི་ལ་མི་གནོད་དུ་ཆུག་ཀྱང༌། འདིར་འདུས་ཀྱི་དགེ་འདུན་གཞན་རྣམས་ལ་གནོད་ཅིང་། སྡེ་པ་ཕལ་ཆེན་པས་ཆང་ཡང་རྩ་བར་འདོད་པས་དོག་མཐའ་བཟུང་སྟེ་མཱཻ་ཏྲི་པ་གནས་ནས་ཕྱུང༌། དེས་ཀྱང་གལ་ཏེ་ཉམས་པ་ཡིན་ན་དགེ་འདུན་གྱི་སྒོ་ནས་འགྲོ་མི་རུང་གསུངས་ནས་རྩིག་པ་ལ་ཟང་ཐལ་གྱིས་ཕྱིན་པ། བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་[9]དང་། ཇོ་བོ་རྗེའི་སྐྱེས་རབས་ལས་གསུངས་པ་ལྟར་རོ།།
སྤྱིར་དཔལ་ནཱ་ལེནྡྲའི་གླིང་ཧྲིལ་པོ་འཛིན་སྐྱོང་གཅིག་གི་འོག་ན་གནས་ཤིང་། གླིང་ལྔ་གའི་གླིང་གཙོ་ལྟ་བུ་ནི་དབུས་ཀྱི་ཀ་ཆེན་ནམ་ཁྲི་པ་ཡིན། སློབ་གཉེར་ཁང་འདིའི་སྒྲིག་འཛུགས་ཐམས་ཅད་དམ་ཆོས་འདུལ་བའི་ཕྱག་ལེན་གཞིར་བཟུང་གིས་སྐྱོང་ཞིང་། དགེ་འདུན་ལས་ཀྱི་སྣེ་མོ་བ་ཐམས་ཅད་ཀྱང་མང་མོས་ཐོག་བསྐོ་བཞག་བྱེད་དགོས་པ་ལས། མཁན་པོ་དང་ཁྲི་པ་སོགས་སྒེར་གྱིས་ཐག་གཅོད་བྱེད་པ་དང་སྒེར་གྱིས་འཛིན་སྐྱོང་གི་རྣམ་པ་གཅིག་ཀྱང་མེད། དགེ་འདུན་གཉེར་གྱི་ཕྱག་ལས་པས་འཚོ་བའི་ཞལ་ཏ་ཕུལ་བའི་ཚེ་ཡང་དགེ་འདུན་ལ་གནང་བ་ཞུས་ཏེ་འཚོ་བའི་འབྱུང་ཁུངས་གཞན་གནོད་ཀྱི་གཞི་དང་འབྲེལ་བ་ཡོད་མེད་དང་། ཡུལ་དུས་ཀྱི་གནས་ཚད་ལས་བརྒལ་ཡོད་མེད་ལེགས་པར་བརྟགས་ནས་དགེ་འདུན་གྱི་གནང་བ་ཐོབ་དགོས།
དེ་ལྟར་མ་ཐོབ་པར་དགེ་འདུན་ལོག་འཚོར་སྦྱོར་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ། ལས་གྱི་སྣེ་མོ་བ་དེ་གནས་ནས་དབྱུང་བའི་ཆད་ལས་ཀྱང་གཅོད་སྲིད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ནཱལནྡཱའི་ཞལ་ཏ་བ་[10]གནང་བའི་ཚེ་དགེ་འདུན་དབྱར་གནས་ལ་བཞུགས་པའི་འོག་ཏུ་ཡུལ་ཁམས་སུ་མུ་གེ་ཆེན་པོ་བྱུང་སྟེ་འཚོ་བས་ཉེན་པའི་སྐབས་སུ་གསེར་འགྱུར་རྩི་བསྒྲུབས་ཏེ་དགེ་འདུན་ལ་གདུགས་ཚོད་[11]བཟང་པོ་ཕུལ། ཕྱིས་དབྱར་ནས་ཐོན་པ་དང་མི་རྣམས་རིད་པ་དང་ཤི་བ་མཐོང་སྟེ་དྲིས་པ་ན་མུ་གེ་ཆེན་པོ་བྱུང་བ་ཐོས། དེ་ལྟ་བུའི་མུ་གེ་བྱུང་ཡང་དགེ་འདུན་ལ་འཚོ་བ་བཟང་པོ་སྦྱར་བ་གང་ནས་བྱུང་ཚུལ་དྲིས་པས་སློབ་དཔོན་གྱིས་སྔར་གྱི་ཚུལ་ཞུས། དགེ་འདུན་ལ་མ་ཞུས་པར་དགེ་འདུན་ལོག་འཚོར་སྦྱོར་འདུག་པས་རེ་ཞིག་ཆད་པའི་ལས་སུ་གཙུག་ལག་ཁང་དང་། མཆོད་རྟེན་མང་པོ་རྩིགས་ཤིག་ཅེས་གནས་ནས་ཕྱུང་བར་གསུངས་པ་ལྟར་ཡིན་ལ། དེ་བཞིན་དུ་ལྟ་སྤྱོད་རྩིང་བ་དང་བསླབ་སྦྱོང་ལ་མི་བརྩོན་པར་ལེ་ལོ་ཆེ་བ་སོགས་བྱུང་ཚེ་དེ་དག་གི་གྲིབ་མ་ལ་ཆད་པའི་ལས་བྱས་ཏེ་ངོ་ཚ་བར་བྱེད་ཅིང༌། གལ་ཏེ་དེས་ཀྱང་མ་བཟློག་ན་དངོས་སུ་བསྒོ་བ་དང་བཞམས་བསྒོ་སོགས་རིམ་བཞིན་བྱས་ཏེ་མ་ཉན་ཚེ་གནས་ནས་དབྱུང་བ་སོགས་འདུལ་བའི་གཞུང་ནས་བཤད་པ་ལྟར་ཕྱག་བཞེས་ཕྱག་བསྟར་གནང་གི་ཡོད་པར་གསུངས།
ཁྱད་པར་དུ་བསླབ་ཁྲིམས་ལ་དམ་ཆོས་འདུལ་བ་ནས་གསུངས་པའི་གནས་ཕྲ་མོ་ཚུན་ཆད་ཀྱང་དོག་མཐར་བཟུང་སྟེ་སྲུང་སྡོམ་ནན་ཆེར་བྱེད་དེ། རྡོ་རྗེ་རྣལ་འབྱོར་མས་བརྩེ་བས་རྗེས་སུ་བཟུང་སྟེ་གཏུམ་མོའི་གདམས་པ་དངོས་སུ་གནང་ཞིང་། ཕན་ཚུན་མི་དང་མི་ལབ་པ་བཞིན་བྱུང་བའི་གཏུམ་མོའི་བཀའ་བབས་ནཱལནྡཱའི་གྲུབ་ཆེན་བིར་ཝ་པ་ལྟ་བུའི་ཉམས་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་ཉིད་ཀྱང་རྡོ་རྗེ་རྣལ་འབྱོར་མ་མིའི་གཟུགས་སུ་སྤྲུལ་ནས་སློབ་དཔོན་གྱི་གཟིམ་སྤྱིལ་དུ་འགྲོ་འོང་བྱེད་པ་དགེ་ཚུལ་ཞིག་གིས་མཐོང་སྟེ་དགེ་འདུན་ལ་གསོལ་བས་དགེ་འདུན་གྱི་གནས་ནས་ཕྱུང་བའི་ཚུལ་ནི། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ (1561-1637) མཆོག་གིས་མཛད་པའི་འཇིགས་བྱེད་ཆོས་འབྱུང་ལས[12]། ནཱ་ལེནྡྲའི་མཁན་པོ་རྒྱལ་བའི་ལྷའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་གིས་གྲུབ་པ་ཐོབ་པས་གཤེད་དམར་རྣམས་དར་བས། དེའི་ལོ་རྒྱུས་ནི། རྒྱལ་སྲིད་སྤངས་ནས་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་། ཤྲཱི་ཝན་དྷརྨཱ་པཱ་ལ་ཞེས་མཚན་གསོལ། མཁན་པོ་ཉིད་སློབ་དཔོན་དབྱིག་གཉེན་ལ་སོགས་པ་ཡུན་རིང་དུ་བསྟེན། ཕྱི་ནང་གི་རིག་གནས་ཐམས་ཅད་ཐུགས་སུ་ཆུད། སེམས་ཙམ་གྱི་གྲུབ་མཐའ་སྨྲ་བའི་ཁྱུ་མཆོག་ཏུ་གྲགས། མཁན་པོ་ལ་འཁོར་ལོ་བདེ་མཆོག་གི་དབང་དང་གདམས་པ་ཐོབ། དབྱིག་གཉེན་གྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དགེ་འདུན་དང་བཅས་པ་གཏད་ནས་དེར་བསྟན་པ་ཡུན་རིང་དུ་བསྐྱངས། དེ་ནས་འཁོར་ལོ་སྡོམ་པའི་སྒྲུབ་པ་མཛད། ཡུན་རིང་སོང་ཡང་རྟགས་མ་བྱུང་བས་མི་འཚམ་པ་དུ་མ་བྱུང་བས་ཐུགས་མུག་སྟེ་ད་ཕན་ཆད་བསྟན་བཅོས་རྩོམ་པ་དང་། འཆད་པ་དང་། དགེ་འདུན་གྱི་བྱ་བ་ལས་ཡི་དམ་གྱི་སྒྲུབ་པ་མི་བྱེད་དོ། །ཞེས་དམ་བཅས་ནས་དཔྱིད་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་ཀྱི་ནུབ་མོ་ཕྲེང་བ་ཆབ་ཁང་དུ་བསྐྱུར་ནས་ཅི་བདེར་བཞུགས་སོ།།
དེའི་ནུབ་མོ་རྨི་ལམ་དུ་བདག་མེད་མ་ཐ་མལ་གྱི་བུད་མེད་སྔོན་པོའི་གཟུགས་སུ་བྱོན་ནས། རིགས་ཀྱི་བུ་ཚུལ་བཞིན་མ་ཡིན་པའི་སྤྱོད་པ་དེ་ལྟ་བུ་བྱེད་པ་མ་ལེགས་པས་ཕྲེང་བ་ལོངས་ལ་དྲི་ཞིམ་པའི་ཆུས་ཁྲུས། བཤགས་སྡོམ་ལེགས་པར་གྱིས་ལ་ཚུལ་བཞིན་དུ་སྒྲུབས་ཤིག །ཁྱོད་ཀྱི་ལས་བསགས་པའི་ལྷ་ང་ཡིན་པས་ངས་བྱིན་གྱིས་བརླབས་ཀྱི་ཁྱོད་ཀྱིས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ་ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་མནལ་སད་དེ་འགྱོད་པ་སྐྱེས་ནས་ཉི་ཤུ་གསུམ་གྱི་ཉིན་མོ་ཕྲེང་བ་བླངས་ལུང་བསྟན་པ་བཞིན་བྱས་པས། དེའི་ནུབ་མོ་སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་སྣང་བ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་རྣམ་པར་བྱོན་ནས་དབང་བཞི་རྫོགས་པར་བསྐུར་བས། ས་དང་པོ་མཐོང་ལམ་གྱི་ཡེ་ཤེས་སྐྱེས། ཉི་ཤུ་དགུའི་ནུབ་མོ་དེ་ས་དྲུག་པའི་རྟོགས་པ་ཤར་རོ། །སྔར་མི་འཚམ་པ་བྱུང་ནས་ཐུགས་མུག་པ་དེ་ཏིང་ངེ་འཛིན་གྱི་དྲོད་རྟགས་ཡིན་པར་མཁྱེན། དེ་ལྟ་བུའི་རྟོགས་པ་སྐྱོང་ཞིང་རང་གི་བྲང་ཁང་ན་བཞུགས་པ་ལ། གྲྭ་པས་དུས་ཁྱད་པར་ཅན་གྱི་ཚེ་མཆོད་པའི་ཡོ་བྱད་ལ་ཤ་ཆང་ཁྱེར་ཏེ་འགྲོ་བ་མཐོང་ནས་སྒོ་སེང་ལ་བལྟས་ནས་བུད་མེད་བཅོ་ལྔ་དང་ལྷན་ཅིག་འདུག་གོ །དགེ་འདུན་བགྲོས་ནས་གནས་ནས་ཕྱུང་། དེར་བདག་ཉིད་ཀྱིས་ཀྱང་ངན་པ་ཞལ་གྱིས་བཞེས་པས་མཚན་བིར་ཝ་པ་ཞེས་ཐོགས། དེ་ནས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་མུ་སྟེགས་ལ་དད་པས་དེ་འདུལ་བར་ཤེས་ནས་གངྒཱའི་འགྲམ་དུ་ཕེབས་པ་དང་། ང་ངན་པ་ཡིན་པ་ཆུ་ལ་རེག་ཏུ་མི་བཏུབ་པས་ཆུ་ཁྱོད་ཀྱིས་ལམ་ཕྱེ་ཞིག །ཅེས་བརྗོད་པས་ཆུ་བོ་གྱེན་ལ་ལོག་སྟེ་གྲམ་པ་སྐམ་ཤར་གྱིས་བྱུང་བ་ལ་གཤེགས་པས་དགེ་འདུན་གྱིས་གྲུབ་ཐོབ་ཏུ་ཤེས་ནས་བཟོད་པར་གསོལ། །ཞེས་བྱུང་བ་ལྟར་རོ།།
དེ་བཞིན་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་འདུལ་བའི་ལས་ཆོག་རྣམ་རྒྱལ་གསེར་མདོག་ལས[13]། གཞན་ཡང་མང་པོའི་གསེབ་ཏུ་ཆོས་གཏམ་ལ་བསྙད་བཏགས་ནས་ནང་སྨྲས་མང་དུ་བྱས་པ་ན། དེར་རྭ་ཆེན་ཐུགས་ཅུང་ཟད་ཁྲོས་པའི་རྣམ་པས་འདི་སྐད་གསུངས་ཏེ།
ཤ་ཆང་བཟའ་བ་ཚོགས་ཀྱི་འཁོར་ལོ་ཡིན། །
དམ་ཉམས་གསོད་པ་སྔགས་ཀྱི་དམ་ཚིག་ཡིན། །
བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །
ང་ཡིས་དེ་ལྟར་ཤེས་པའི་གནས་སྐབས་ན། །
འདུལ་འཛིན་དགེ་སློང་དག་དང་འགལ་བ་མེད། །
དེ་བས་དམ་ཉམས་ལོག་ལྟ་ཅན་ཁྱོད་ཀྱང་། །
ཞག་བདུན་ཐོ་རངས་གཤེགས་སུ་གསོལ་བར་བྱ། །
གསུངས་པས། མཁན་པོ་དེ་ཞག་བདུན་ན་ལུས་ངག་ཡིད་གསུམ་རེངས་ནས་འདས་པས། རྭ་ཆེན་རིག་པ་འཛིན་པ་ཆེན་པོ་ལ་ལས་རྒྱ་བསྟེན་པ་སོགས་གྲོགས་སུ་འགྱུར་ནའང་། དེ་རྒྱུ་མཚན་དུ་བྱས་ནས་མཁན་པོ་མཛད་མི་རིགས་པར་མངོན་ཏེ། ཤྲཱི་ནཱ་ལནྡའི་མཁན་པོ་གནས་བརྟན་ཆེན་པོ་དཔལ་ལྡན་ཆོས་སྐྱོང་ལྟ་བུའང་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་བིར་ཝ་པར་གྲགས་པའི་ཚེ་མཁན་པོ་མ་མཛད་ཅིང་། དེས་མཚོན་ནཱ་རོ་ཏ་པ་སོགས་གྲུབ་ཆེན་མང་པོའང་སྐུ་ཚེའི་སྟོད་སྨད་ཀྱི་མཛད་འཕྲིན་མི་གཅིག་པ་སོ་སོར་ཡོད་ཅིང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་གདུལ་བྱའི་རང་སྣང་དུ་ཡོན་ཏན་གསུམ་གྱིས་སངས་རྒྱས་གཞན་ལས་ཁྱད་ཞུགས་པ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་དེས་ཀྱང་བོད་དུ་གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་རབ་བྱུང་གི་མཁན་སློབ་མ་མཛད། ཅེས་ཀྱང་གསལ་ལོ།།
མདོར་ན། འཛིན་སྐྱོང་ཐམས་ཅད་མང་མོས་ཀྱིས་གནང་བ་ལས། མང་མོས་མ་བྱུང་ཕྱིན་གང་ཟག་རེ་ཟུང་གིས་དབང་ཤུགས་དང་ཐག་གཅོད་གང་ཡང་བྱེད་མི་ཆོག་པ་སོགས་མི་ལོ་ཉིས་སྟོང་སྔོན་ནས་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གྱིས་གནང་བའི་མང་གཙོའི་ངོ་བོ་རྒྱུན་འཛིན་གནང་སའི་སྒྲིག་འཛུགས་ཚོགས་པ་ཐོག་མ་དེ་ཡིན་པ་དང༌། འཛམ་གླིང་སྔོན་ཐོན་གྱི་མང་གཙོ་རིང་ལུགས་པ་རྣམས་ཀྱི་མིག་དཔེར་གཟི་བརྗིད་དང་ལྡན་པའི་སྒོ་ནས་ཀྲོང་ངེར་འགྱིངས་པའི་རྡོ་རིང་ལྟ་བུའང་ཡིན། དེའི་ཕྱིར་མཁས་དབང་ལ་ལས་ནང་ཆོས་ནི་མང་གཙོའི་ཨ་མ་ཡིན་པ་དང༌། དེ་བསྐྱེད་བསྲིང་བྱ་སའི་ཐོག་མའི་སྒྲིག་འཛུགས་ཚོགས་པ་ནི་ནང་པའི་དགོན་སྡེ་ཁག་ཡིན་པར་བཤད་པ་དོན་ལ་གནས་སོ།།[14]
མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[15]། དགེ་འདུན་གྱི་སྒྲིག་ལམ་སྤྱོད་ཚུལ་རྣམས་ཨི་ཅིང་གིས་ཆེས་ཞིབ་དྲགས་པར་གསུངས་ཏེ་བྲིར་མ་ལངས། ཞེས་གསལ་བ་ལྟར་རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[16]། དགེ་འདུན་པར་དོན་རྐྱེན་བྱུང་ཚེ། ཐོག་མར་དགོན་པའི་མཁན་པོ་ཚུད་པའི་ལས་སྣེ་བ་རྣམས་དང་ལྷན་དུ་འཛོམས་ཏེ་གྲོས་སྡུར་བྱེད་པ་དང་། དེའི་རྗེས་སུ་དགོན་སྲུང་མཁན་པོས་འདུས་སྤྱི་ལ་གནས་ཚུལ་ཁྱབ་བསྒྲགས་གནང་། ཐག་གཅོད་བྱས་པའི་དོན་དེར་མང་མོས་ཀྱིས་མོས་མཐུན་ཡོད་མེད་བལྟ་ཕྱིར་དགེ་འདུན་པ་རེ་རེའི་འཁྲིས་སུ་བཅར་ཏེ་ལག་གཉིས་ཐལ་མོ་སྦྱར་ཏེ་མོས་མཐུན་སློང་བར་བྱས། གལ་ཏེ་དགེ་འདུན་པ་གཅིག་གིས་ཕྱིར་ལག་ཟུང་ཐལ་སྦྱར་མ་གནང་ཚེ་གོང་གི་ཐག་གཅོད་རྣམས་རྩིས་མེད་དུ་འགྲོ་ངེས། འདུས་ཚོགས་ཀྱི་མདུན་སར་རྒྱུག་རྡུང་མནར་གཅོད་སོགས་ཀྱིས་ཉེས་ཆད་བཅད་དེ་ཉེས་པ་དག་སེལ་དུ་གཏོང་སྲོལ་མེད་པ་དང་། ནོར་འཁྲུལ་བཟོ་བ་པོས་གནས་ལུགས་སྨྲ་བར་རུང་ལ་དྲག་རྩུབ་ཀྱི་ལས་ནམ་ཡང་བྱེད་པར་མི་འགྱུར།
འདུས་ཚོགས་ཀྱི་མོས་མཐུན་མེད་པར་ལས་ཀ་བྱེད་མཁན་གྱི་རིགས་དགོན་པ་ནས་གནས་དབྱུང་གཏོང་བར་བྱེད། གྲྭ་ཚང་གི་དཀོར་ནོར་ལ་དོ་དམ་བྱེད་མཁན་གྱི་ཕྱག་མཛོད་གཉིས་ནས་གསུམ་ཙམ་ཡོད་པ་དང་། རྒྱུ་ནོར་བེད་སྤྱོད་བྱེད་སྐབས་འདུས་ཚོགས་ལས་ཆོག་མཆན་ཞུ་དགོས། དགེ་འདུན་པ་ཀུན་གྱིས་མོས་མཐུན་གྱི་ཕྱག་ཟུང་ཐལ་སྦྱར་གནང་ཚེ་བཀོལ་དུ་རུང་ལ། འདུས་ཚོགས་ཀྱི་བཀའ་འཁྲོལ་དང་ཆོག་མཆན་མེད་པར་གང་བྱུང་དུ་འབྲས་རྡོག་གཅིག་སྤྱད་ཀྱང་སྤྱི་རྫས་སྒེར་སྤྱོད་ཀྱི་ཉེས་ཆད་འོག་དགོན་པ་ནས་ཕྱིར་འབུད་གཏོང་བར་ངེས། གཞན་དངོས་སུ་བརྐུ་འཁྱེར་དང་དགེ་འདུན་འདུས་ཚོགས་ཀྱི་མ་མཐོང་སར་སྤྱི་དངོས་བེད་སྤྱོད་གཏོང་མཁན་རིགས་ལ་ཀུལ་པ་ཏི་ (Kulpati) ཞེས་འབོད། རྒྱ་ནག་གི་སྐད་དུ་ཁྱིམ་བདག་ཅེས་བྱ། མི་དགེ་བའི་ལས་འདི་རིགས་བྱེད་མཁན་ནི། སངས་རྒྱས་བསྟན་པའི་གེགས་རྐྱེན་དང་འཇིག་རྟེན་ལྷ་མི་ཀུན་གྱིས་དམོད་པའི་ཡུལ་དུ་འགྱུར། དགེ་འདུན་གྱི་སྡེ་ཐུན་མོང་གིས་མོས་མཐུན་མེད་པར་གྲྭ་ཚང་གི་ཆེད་དུ་ཡིན་ཀྱང་རང་ཐག་རང་གཅོད་ཀྱིས་སྤྱི་རྫས་བཀོལ་དུ་མི་རུང་ལ། དེ་ལྟར་བྱུང་ཚེ་དགོན་པའི་ཚོགས་གྲལ་ནས་ཕྱིར་འབུད་གཏོང་བར་ངེས། རྣམ་དཔྱོད་བླང་དོར་གྱི་བློ་མིག་དང་ལྡན་པ་དག་གིས་དེ་ལྟར་བྱེད་པར་ག་ལ་འགྱུར་ཏེ་ནམ་ཡང་མི་འགྱུར་རོ། །ཞེས་གསུངས་སོ།།
ཡང་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[17]། གྲྭ་ཚང་གི་སྒྲིག་སྲོལ་ཤིན་ཏུ་དམ། ཟླ་ཕྱེད་རེའི་ནང་དུ་སྒྲིག་ཁྲིམས་ལས་བྱ་དང་། ཁོང་གི་ཕྱག་རོགས་གཉིས་གྲྭ་ཤག་རེ་རེར་འཛུལ་ཏེ་དགེ་འདུན་པར་ཚང་བཤེར་དང་། དགོན་པའི་སྒྲིག་ཁྲིམས་སྐོར་ཡིག་ཚད་གཏོང་བར་བྱེད། དགེ་འདུན་གྱི་མིང་ཐོ་རྣམས་རྒྱལ་པོའི་ཐོ་དེབ་ཏུ་འཁོད་པར་མི་འགྱུར། དགེ་འདུན་པ་སུ་རུང་ཞིག་གིས་དགོན་པའི་སྒྲིག་སྲོལ་དང་མི་འཚམ་པའི་ལས་བྱས་ཚེ། དགེ་འདུན་པ་གཞན་རྣམས་ཀྱིས་དགེ་འདུན་པ་དེར་ཉེས་ཆད་གཏོང་སྲོལ་ཡོད་པས། དགེ་འདུན་པའི་གནས་མལ་དེ་ཙམ་གྱིས་ཆེ་རྒྱུ་མེད་ནའང་རང་གཞན་གྱི་དོན་གཉིས་རྒྱ་ཆེར་འགྲུབ་པའི་རྒྱུ་རུ་འགྱུར། ཞེས་གསུངས་པ་ལྟར་རོ།།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༤
[2] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༣
[3] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༩
[4] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༢
[5] ལ་ལར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་ཡིན་པར་གསལ་བས་དཔྱད་དགོས།
[6] ཁྲག་འཐུང་རྒྱལ་པོས་མཛད་པའི་མར་པའི་རྣམ་ཐར། དཔེ་རིང་། ཤོག་ ༣༦བ༢ ནས་ ༣༧ན༡ བར།
[7] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༧༢
[8] མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་གསོལ་བ་འདེབས་པ་བྱམས་པའི་སྒྲ་དབྱངས་ལས། ནལེནྡ་རུ་བསྟན་ལ་རབ་ཏུ་བྱུང་། །རྩོད་དུས་ཀུན་མཁྱེན་རིན་འབྱུང་ཞི་བ་སོགས། །མཁས་གྲུབ་མང་བསྟེན་རྩོད་བྲལ་པཎ་ཆེན་དུ། །གྲགས་པའི་བ་དན་བསྒྲེངས་ལ་གསོལ་བ་འདེབས། །ཞེས་ (གདམས་ངག་མཛོད། ༼༡༢༽ ༼ན༽ བླ་བརྒྱུད་གསོལ་འདེབས། ཆོས་སྤྱོད། དཔེ་རིང་། ཤོག་ ༥ན༤ གསལ།)
[9] བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༩
[10] ཞལ་ཏ་བ་ཞེས་པ་ནི། དགེ་འདུན་གྱི་ལས་བྱེད་པ་སྟེ། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་ལས། ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་ལས་བྱེད་པའོ། །ཞེས་གསུངས་པ་ལྟར་འདུལ་བའི་ཆོས་སྐད་དོ།།
[11] གདུགས་ཚོད་ནི། ཉིན་གུང་གི་ཁ་ལག་ལ་གོ་བའོ།།
[12] འཇིགས་བྱེད་ཆོས་འབྱུང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༦ ལོ། ཤོག་ ༢༠༣
[13] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༣
[14] ཏྲེ་ཧོར་བརྩོན་འགྲུས་སངས་རྒྱས། ཟ་མ་ཏོག །ལྡི་ལི་བོད་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༠
[15] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༣
[16] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༠༨
[17] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༠
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༧༣ ནས་ ༣༨༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།