༦༽ ནཱ་ལེནྡྲའི་ཉེ་འཁོར་གྱི་གནས་རྟེན་བྱིན་ཅན།

༦༽ ནཱ་ལེནྡྲའི་ཉེ་འཁོར་གྱི་གནས་རྟེན་བྱིན་ཅན།

 

དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཉེ་འཁོར་དུ་ཆགས་པའི་གནས་རྟེན་བྱིན་ཅན་བརྒྱ་ཕྲག་བཞུགས་པ་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[1]། ནལནྡཱ་ཉེ་འཁོར་དུ་གནས་རྟེན་གཙོ་བོ་བརྒྱ་ཙམ་ཡོད། ༡ དེ་དག་ནི་སངས་རྒྱས་ཀྱི་དབུ་སྐྲ་བཞུགས་པའི་མཆོད་རྟེན་དང་།

༢ འཁོར་སྒྱུར་དུ་སྨོན་པ་གྲུབ་པའི་རྟེན་དང་། ༣ མགོ་ནད་དྲག་པའི་རྟེན་དང་། ༤ མུ་སྟེགས་ཤིག་གིས་བྱིའུ་ཆུང་འཆང་བར་བཟུང་ནས་འདི་གསོན་ནམ་ཤི་ཞེས་སངས་རྒྱས་ལ་རྒོལ་བ་བྱས་པའི་གནས་སུ་མཆོད་རྟེན་དང་། ༥ སྟོན་པའི་ཚེམས་ཤིང་དུ་གྲགས་པའི་སྡོང་པོ་སོགས་དང་། ༦ སྟོབས་ཀྱི་ཉི་མས་གཙུག་ལག་ཁང་གི་བྱང་ཤར་དུ་འདས་པའི་སངས་རྒྱས་བཞིའི་ཁྲི་དང་། ༧ རྒྱལ་པོ་གང་བའི་གོ་ཆས་བཞེངས་པའི་སྟོན་པའི་ཟངས་སྐུ་ཐོག་ཚད་དྲུག་པ་དང་། ༨ ལྷོ་སྒོའི་ནང་དུ་སངས་རྒྱས་ཀྱི་དུས་ནས་ཡིན་ཟེར་བའི་ཁྲོན་པ་ཡ་མཚན་ཅན་སོགས་ཡོད། ཅེས་གཙོ་བོ་རྟེན་བྱིན་ཅན་བརྒྱད་གྲངས་འདྲེན་གནང་ཡོད། ཡང་དེ་ཉིད་ལས[2]། དགོན་པའི་ལྷོ་ནུབ་ཏུ་མཚེའུ་ཡོད་པར་ཉིན་གུང་བརྡ་བཏང་བ་ན་དགེ་སློང་བརྒྱ་སྟོང་ཙམ་རེ་བྱོན་ཏེ་ཁྲུས་བྱེད་སོགས་གསུངས་ཏེ་མཚེའུ་ད་ལྟ་ཡང་ཡོད། རུང་ཁང་དང་ཉེ་བར་འཕྲོག་མའི་སྐུ་བརྙན་སྣུམ་མང་པོ་སྟེང་དུ་བླུགས་ཏེ་ནག་ཁོལ་ལེ་འདུག་སོགས་གསུངས་པས་འུ་ཅག་འབྲས་སྤུངས་འདྲ་ཡང་འདྲ། ཞེས་གསུངས་པ་ལྟར་དང་། གཞན་ཡང་བཅོམ་ལྡན་རིགས་པའི་རལ་གྲིས་ (1227-1305) མཛད་པའི་རྡོ་རྗེའི་གདན་རྣམ་བཤད་རྒྱན་གྱི་མེ་ཏོག་ལས་[3]ཀྱང་། ཤར་ལམ་སྐོར་ལམ་གྱི་བསྣོལ་མཚམས་ཀྱི་ནང་ན་རྡོའི་ནང་ན་རྡོའི་མཆོད་རྟེན་འདོམ་གང་པ་བུམ་པ་ལ་སངས་རྒྱས་ཀྱི་སྐུ་འབུར་དུ་བཏོད་པ་ཡོད་པའི་མདུན་ན་རྡོའི་མཎྜལ་ཁྲུ་གང་པ་གཅིག་ཡོད་དེ། དེ་ནི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་དུ་བུད་མེད་ཅིག་གིས་ཡོན་བདག་བྱས་ནས་བཞེངས་པ་ལ། དེ་འཆི་ཁར་ངའི་མཆོད་རྟེན་ལ་མཆོད་པ་མེད་སྙམ་དུ་ཡིད་མ་བདེ་བ་ལ། རྨི་ལམ་ན་ཁྱོད་སེམས་མི་བདེ་མི་དགོས། ང་རང་རྡོ་རྗེ་གདན་དུ་འགྲོ་གསུངས་ནས་དེར་བྱོན་ནོ། །དེའི་ཉེ་ལོགས་ལྷོའི་སྐོར་ལམ་ན་རྡོའི་མཆོད་རྟེན་སངས་རྒྱས་སྟོང་གིས་བཞུགས་པ་གཅིག་ཡོད་དེ། དེ་ནི་ནཱ་ལེནྡྲ་ནས་བྱོན་ཏེ་དེ་དག་ལ་མཆོད་རྟེན་མགྲོན་པོ་ཞེས་ཟེར་རོ། །ཞེས་དཔལ་ནཱ་ལེནྡྲ་ནས་བྱུང་བར་གསུངས་སོ།།

དེ་མིན་དཔལ་ནཱ་ལེནྡྲའི་ཕྱོགས་མཚམས་ཀྱི་གནས་གཞན་ནི། སྡེ་སྣོད་འཛིན་པ་ཡཱི་ཅིན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[4]། དཔལ་ནཱ་ལེནྡྲའི་ལྷོ་ངོས་ཀྱི་ལེ་དབར་སུམ་ཅུ་ལྷག་ཙམ་གྱི་སར་རྒྱལ་པོའི་ཁབ་ཡོད་པ་དང་། འོད་མའི་ཚལ་དང་བྱ་རྒོད་ཕུང་པོའི་རི་སོགས་ཀྱང་རྒྱལ་པོའི་ཁབ་ཀྱི་ཉེ་འཁོར་དུ་ཡོད། དཔལ་ནཱ་ལེནྡྲའི་ལྷོ་ནུབ་ཀྱི་ཕྱོགས་སུ་མཧཱ་བོ་དྷིའི་གཙུག་ལག་ཁང་དང་། དེ་ནས་ལྷོ་ངོས་སུ་རྟ་ཚིགས་བདུན་ལྷག་ཙམ་གྱི་སར་རི་བོ་བྱ་རྐང་ཅན། དཔལ་ནཱ་ལེནྡྲ་ནས་བྱང་ཕྱོགས་སུ་རྟ་ཚིགས་ཉེར་ལྔའི་མཚམས་སུ་ཡུལ་ཡངས་པ་ཅན་ཡོད་པ་དང་། ནུབ་ཕྱོགས་སུ་རྟ་ཚིགས་ཉི་ཤུ་ལྷག་ཙམ་གྱི་སར་ཡུལ་ཝཱ་རཱ་ཎ་སཱི། ཤར་ཕྱོགས་སུ་རྟ་ཚིགས་བདུན་ཅུ་ལྷག་ཙམ་གྱི་སར་ཀྲིན་མོ་ལོ་འོ་ལི་ཏི་རྒྱལ་ཁབ་ཡོད་ལ། རྒྱལ་ཁབ་འདི་ནི་མཚོ་ལམ་བརྒྱུད་ཕྱིར་རྒྱ་ནག་ཏུ་ལོག་སའི་གྲུ་ཁ་གཙོ་ཆེ་ཤོས་དེ་རེད། ཅེས་གསལ་བ་ལྟར་རོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༢

[2] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༣

[3] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་ཐེངས་གཉིས་པ། པོད། ༼༢༣༽ བྲིས་མ། ཤོག་གྲངས་ ༡༠ན༥

[4] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༥༢ ནས་ ༣༥༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *