ག༽ ནཱ་ལེནྡྲའི་ལྷ་ཁང་ཁག་གི་བཟོ་བཀོད།
༡༽ ལྷ་ཁང་ཨང་དང་པོའི་བཟོ་བཀོད།
ནཱ་ལེནྡྲའི་ལྷ་ཁང་ཨང་དང་པོ་འདི་ནི། དགོན་པ་མང་པོ་ཡོད་པའི་ནང་ནས་ཆེས་གལ་ཆེ་ཤོས་ཤིག་ཏུ་བརྩི་འཇོག་བྱེད་ཀྱི་ཡོད་པ་དང་། དགོན་པ་འོག་མ་དེ་བཞིན་སཱུ་མ་ཏཱ་རའི་རྒྱལ་པོ་དེ་ཝ་པཱ་ལའི་སྐབས་ (810-850) དགེ་འདུན་པའི་གྲྭ་ཤག་ཏུ་བརྒྱབ་པ་ཞིག་རེད་འདུག །ལྷ་ཁང་འདིའི་དཀྱིལ་ལ་གྲུ་བཞི་ནར་མོ་བའི་ཁྱམས་ར་དང་།
གྲྭ་ཤག་གི་མདུན་དུ་ཀ་བ་ཅན་གྱི་ཀ་ཕིབས། ཤར་ངོས་སུ་མཆོད་གཤོམ་དང་། ཁྲོན་པ། དགེ་རྒན་གྱི་བཞུགས་ཁྲི། ནུབ་ངོས་སུ་སྒོ་བཅས་ཡོད་ལ། ལྷོ་ནུབ་ཟུར་གྱི་སྐས་འཛེག་ལས་འདིར་མ་མཐར་ཡང་ཁང་པ་ཐོག་བརྩེགས་གཉིས་ཡོད་པ་ཤེས་རྟོགས་ཐུབ་ཅིང་། སྟེང་གི་དགོན་པར་གྲྭ་ཤག་སུམ་ཅུ་སོ་བཞི་ཡོད་པ་དང་། གྲྭ་ཤག་སོ་སོར་དགེ་འདུན་པའི་ཉལ་ཁྲི་དང་། གྲྭ་ཤག་ཁ་ཤས་ལ་དེབ་དང་རྩ་ཆེའི་དངོས་པོ་འཇོག་སའི་བང་ཁྲི། གྲྭ་ཤག་གི་མདུན་དུ་ཀ་ཕིབས་དང་། ནུབ་ངོས་ནས་འགྲོ་འོང་གི་སྐས་འཛེག་ཆེན་པོ་ཞིག་བཅས་ཡོད་པར་མ་ཟད། ཁྱམས་རའི་ནང་དུ་ཡོད་པའི་ལྷ་ཁང་ནར་མོ་དེ་བཞིན་ཕྱིས་སུ་བརྒྱབ་པ་ཞིག་དང་། དེའི་ཉེ་འཁྲིས་སུ་ཡོད་པའི་ལྷ་ཁང་ཆུང་ཆུང་དེ་ནི་གུཔྟའི་དུས་རབས་ཀྱི་ཡིན། ཁྱམས་རའི་བྱང་ཕྱོགས་ཀྱི་ལྕགས་རི་མཐོ་པོ་དེ་དང་། གཞུ་དབྱིབས་ཅན་གྱི་ཁང་ཐོག་བཅས་ཕྱིས་སུ་ཁ་སྣོན་ཞུས་པ་ཞིག་ཡིན། ནཱ་ལེནྡྲར་མེའི་གནོད་སྐྱོན་བྱུང་བའི་དཔང་རྟགས་ནི་གྲྭ་ཤག་ཁག་དང་། སྒོ་མཆོར་གྱི་མདའ་གཡབ་ལ་བཞག་པའི་འཇམ་ཞལ་གྱི་སྐུ་བརྙན་ལས་ཤེས་ཐུབ་ཞིག་ཡིན་ནོ།།
༢༽ ལྷ་ཁང་ཨང་གཉིས་པའི་བཟོ་བཀོད།
ལྷ་ཁང་འདི་ནི་ནཱ་ལེནྡྲར་ཡོད་པའི་ལྷ་ཁང་གཞན་རྣམས་ལས་སྤྱིའི་ཁྱད་ཆོས་དང་། བཟོ་བཀོད་སོགས་ཅུང་ཟད་མི་འདྲ་བ་ཡོད་ཅིང་། འདི་ནི་ཕལ་ཆེར་གྲུ་བཞི་གྲུབ་ཀྱང་ཞིག་ལ་ཕྱོགས་སོ་སོར་རྒྱ་ཁྱོན་མི་ཊར་སུམ་ཅུ་སོ་གཉིས་རེ་དང་། བཟོ་སྐྲུན་གྱི་འཕེལ་རིམ་གཉིས་ཡོད་པ་ཞིག་ཡིན། མཚམས་ཁང་གྲུ་བཞི་མར་རྒྱ་ཁྱོན་མི་ཊར་ལྔ་དང་། ཤར་ངོས་ནས་སྐས་འཛེག་རྒྱུད་ཡོང་སའི་སྐོར་ལམ་ཞེང་ཚད་མི་ཊར་ལྔ་ཅན་ཞིག །གཞན་ཡང་ལྷ་ཁང་འདིར་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ནི། འཆར་བཀོད་ལེགས་པའི་རྡོ་རྐོས་ཀྱི་སྒོ་པང་ཉིས་བརྒྱ་བཅུ་གཅིག་གྲལ་བསྟར་གོ་རིམ་བསྒྲིགས་ཡོད་པ་དེ་ཡིན། དེ་ཡང་སྒོའི་གཡས་གཡོན་གཉིས་ཀར་སྒོ་པང་ཉི་ཤུ་རེ་དང་། ཕྱོགས་ལྷག་མ་གསུམ་ལ་སྒོ་པང་ལྔ་བཅུ་ང་བདུན་རེ་ཡོད་ལ། དེ་དག་གི་སྟེང་དུ་ལྷ་དང་ལྷ་མོའི་སྐུ་བརྙན། སྟོན་པའི་སྐྱེས་རབས། མིའི་བཟོ་དབྱིབས། སེམས་ཅན་སྣ་ཚོགས། བྱ་བྱིའུ་ལ་སོགས་པ་ཡིད་དུ་འོང་བ་མང་པོ་གསལ་པོར་མངོན་ཡོད། དེ་ལྟར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། ཁང་པའི་བཟོ་བཀོད་ལས་དུས་རབས་བདུན་པའི་སྐབས་ཀྱི་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད་པ་བཅས་སོ།།
༣༽ ལྷ་ཁང་ཨང་གསུམ་པའི་བཟོ་བཀོད།

ལྷ་ཁང་འདི་ནི་གཞན་དང་བསྡུར་ན་བཟོ་བཀོད་ཁྱད་དུ་འཕགས་པས་བརྗིད་ཉམས་ཆེ་ཤོས་ཡིན་པ་དང་། ཨར་ལས་བཟོ་སྐྲུན་གྱི་འཕེལ་རིམ་མི་འདྲ་བ་བདུན་ཙམ་བྱུང་ཡོད། ཐོག་མའི་བཟོ་སྐྲུན་གྱི་འཕེལ་རིམ་དང་པོ་གསུམ་ནི། གཞི་རྒྱ་ཆུང་ཞིང་དངོས་གསལ་དེ་ཙམ་མེད་ཅིང་། ཕྱི་ངོས་སུ་གསལ་བའི་ཕྱི་ལྤགས་ལས་རྒྱུད་རིམ་ཕྱི་མ་བཞི་ནི། ཕྱིའི་རྣམ་པ་ལས་བཟོ་བཀོད་རྒྱ་ཆེན་པོ་ཡིན་པ་མཐོང་ཐུབ། བྱང་ངོས་སུ་མངོན་བཞིན་པའི་སྐས་འཛེག་མི་འདྲ་བ་གསུམ་ཡོད་པ་ནི། བཟོ་སྐྲུན་གྱི་རྒྱུད་རིམ་ལྔ་པ་དང་། དྲུག་པ། བདུན་པ་སོ་སོའི་སྐབས་ཀྱི་ཡིན་པར་སྣང་། བཟོ་སྐྲུན་རིམ་པ་ལྔ་པ་དེ་ནི་ཆེས་བརྗིད་ཉམས་ལྡན་པ་དང་། ཉར་ཚགས་ཡག་ཤོས་བྱས་ཡོད། རི་མོ་དང་ཁང་བཀོད་བཟོ་རིག་ལས་བཟོ་སྐྲུན་རིམ་པ་ལྔ་པ་ནི་དུས་རབས་དྲུག་པའི་སྐབས་ཀྱི་ཡིན་པ་དང་། ལྷ་ཁང་གི་ཕྱིའི་གྱང་ངོས་ཀྱི་འཇམ་ཞལ་གྱི་ལྡེབས་རིས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་བརྙན་མང་པོ་བཞེངས་ཡོད། ཕྱོགས་བཞིར་མཛེས་རྒྱན་གྱིས་བཀླུབས་པའི་ལྕོག་མཁར་རེ་བཞེངས་ཡོད་ཀྱང་ད་ཆ་གཉིས་ལས་མཐོང་ཡུལ་དུ་མེད། བཟོ་སྐྲུན་གྱི་རིམ་པ་དྲུག་པ་དང་བདུན་པ་གཉིས་ནི། སྔར་ལས་རྒྱ་སྐྱེད་ཞུས་ཐོག་སྔོན་གྱི་བཟོ་བཀོད་གཞན་རྣམས་བཀབ་པ་ལྟ་བུར་གྱུར་ཡོད། ལྷ་ཁང་གཞན་རྣམས་ལས་འདི་ནི་ལྡོག་ཕྱོགས་ཀྱི་ཞལ་བྱང་ངོས་སུ་བསྟན་ཡོད་ཅིང་། ལྷ་ཁང་སྟེང་མར་སྐུའི་ཞབས་རའི་གནས་སྟངས་ལས་ཕལ་ཆེར་གཟི་མདངས་ཆེ་བའི་ཐུབ་དབང་གི་སྐུ་བརྙན་ཞིག་ཡོད་པར་སྣང་། ལྷ་ཁང་འདིའི་མཐའ་སྐོར་དུ་དད་ལྡན་རྣམས་ཀྱིས་དུས་རབས་སོ་སོར་མཆོད་རྟེན་དང་། སྐུ་བརྙན་ཆུང་ཆུང་མང་པོ་ཕུལ་ཡོད། ཤར་ལྷོའི་ཉེ་འགྲམ་དུ་ཤིང་རྟ་འཁོར་ལོའི་དབྱིབས་ཅན་གྱི་ལྷ་ཁང་དང་། དེའི་ཉེ་འགྲམ་གྱི་པཎ་ཇ་ཡཱ་ཏཱན་གྱི་ལྷ་ཁང་ནི་ཉེ་དུས་སྔོག་འདོན་ཞུས་པ་ཞིག་ཡིན་པ་བཅས་སོ།།
༤༽ ལྷ་ཁང་ཨང་བཅུ་གཉིས་པའི་བཟོ་བཀོད།
ལྷ་ཁང་འདི་ནི་རྒྱུ་རྩལ་དང་ཁང་བཟོའི་འཆར་འགོད་ཀྱི་ཐོག་ནས་མཚར་སྡུག་ལྡན་ལ་གཟི་བརྗེད་ཆེ་ཞིང་། བཟོ་སྐྲུན་ཐེངས་གཉིས་ཙམ་གནང་བ་ཞིག་དང་། ཕྱིས་ཀྱི་ཨར་ལས་བཟོ་སྐྲུན་ནི། སྔར་གྱི་ཞིག་རོའི་ས་ཆ་འདི་རང་དུ་གནང་བ་ཞིག་རེད་འདུག་ལ། ལྷ་ཁང་འདིའི་བཟོ་སྐྲུན་སྔ་མར་ལྷ་ཁང་གི་ཕྱིར་འབུར་གཟུགས་སོགས་ཀྱི་མཛེས་རྒྱན་གྱི་བཀོད་པས་བརྒྱན་པ་དང་། ཕྱིས་ཀྱི་བཟོ་སྐྲུན་སྐབས་འདི་ལྟར་རྒྱན་སྤྲོས་གང་ཡང་མེད། ཁ་ཤར་བལྟའི་ལྷ་ཁང་ནི་ས་གཞི་གྲུ་བཞི་མ་ཆ་ཚད་མི་ཊར་ 52-50 ཅན་སྐས་འཛེགས་བརྒྱུད་ནས་འགྲོ་འོང་བྱེད་ས་ཡོད་པ་ཞིག་དང་། ལྷ་ཁང་གཙོ་བོ་དེ་ནི་དབུས་སུ་ཆགས་ཤིང་། མཐའ་འཁོར་གྱི་ཟུར་བཞིར་ལྷ་ཁང་ཆུང་བ་རེ་ཡོད་པ་དེ་དག་གི་ཀ་བ་སོགས་ལ་འཇམ་ཞལ་གྱི་སྐུ་བརྙན་ད་དུང་ཡང་མཇལ་རྒྱུ་ཡོད། ལྷ་ཁང་དེའི་བཟོ་སྐྲུན་སྔ་མ་ནི་ལྷ་ཁང་ཨང་གསུམ་པའི་དུས་རབས་དང་མཚུངས་ལ། ཁང་བཟོའི་འཆར་འགོད་ཀྱི་ཐོག་ནས་དུས་རབས་དྲུག་པའི་སྐབས་ཡིན་པར་གསལ་ལོ།།
༥༽ ལྷ་ཁང་ཨང་བཅུ་གསུམ་པའི་བཟོ་བཀོད།
ལྷ་ཁང་འདི་ཉིད་ནི་ལྷ་ཁང་ཨང་ ༡༢ པ་བཞིན་དུ་ཁ་ཤར་ལ་ཕྱོགས་ཤིང་། བཟོ་སྐྲུན་ནི་ས་འདེགས་སྟེང་བྱས་ཡོད་ཅིང་། དབུས་སུ་ལྷ་ཁང་གཙོ་བོ་དང་མཐར་སྐོར་དུ་འགྲོ་ལམ་ཡང་བཟོས་ཡོད། ཤར་ངོས་ཀྱི་སྐས་འཛེགས་བརྒྱུད་ནས་འགྲོ་འོང་བྱེད་ས་ཡོད། ལྷ་ཁང་འདི་ཉིད་བཟོ་སྐྲུན་སྔ་མའི་སྐབས་ཕྱིར་འབུར་གཟུགས་སོགས་ཀྱི་བཀོད་པས་བརྒྱན་ཡོད་ཀྱང་། ཕྱི་མའི་སྐབས་ཕལ་ཆེར་སྟོང་པ་ཡིན། ལྷ་ཁང་གཙོ་བོའི་ནང་སངས་རྒྱས་ཀྱི་སྐུ་བརྙན་ཧ་ཅང་ཆེན་པོ་ཞིག་གི་རྗེས་ཤུལ་ད་དུང་ཡང་རྩིག་ངོས་སུ་མཇལ་རྒྱུ་ཡོད་པ་བཅས་སོ།།
རྩོམ་པ་པོ་ཚེ་རིང་དཔལ་འབྱོར་གྱིས་བརྩམས་པའི་གནས་བཤད་འདོད་འཇོའི་བུམ་བཟང་ལས[1]། ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་ལ་དགོན་སྡེ་ ༡༡ དང་། ལྷ་ཁང་ ༥ ཡོད་པ་དེ་དག་གི་རྒྱ་ཁྱོན་ཨེ་ཀར་ ༣༠༥ ནང་ཁྱབ་ཡོད་ཅིང་། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཤཱ་རིའི་བུའི་གདུང་རྟེན་ཉམས་གསོ་རྒྱ་སྐྱེད་མཛད་པ་དང་། ཕྱི་ལོའི་སྔོན་གྱི་དུས་རབས་ ༢ པའི་ནང་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དུས་སྐབས་སུ་བྲམ་ཟེ་སུ་བིཥྞུ་ཞུ་བས་ལྷ་ཁང་ ༡༠༨ བཞེངས་ནས་ཕུལ་ཞིང་། དེ་ནས་དུས་རབས་ ༤ དང་ ༥ པའི་ནང་ཀུ་མར་གུཔྟས་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་པ་སོགས་ལས་གུཔྟའི་རྒྱལ་བརྒྱུད་ཀྱིས་འཛིན་སྐྱོང་གཟིགས་རྟོགས་གནང་སྟེ་དུས་རབས་ ༨ བར་གནས་ཤིང་། དུས་རབས་ ༨ པ་ནས་ ༡༢ བར་པཱ་ལའི་རྒྱལ་བརྒྱུད་ཀྱིས་འཛིན་སྐྱོང་གཟིགས་རྟོགས་གནང་། དེ་རྗེས་ཕྱི་ལོའི་དུས་རབས་ ༡༣ པའི་ནང་ཁ་ཆེའི་དམག་གིས་གཏོར་བཤིག་བཏང་བར་གསལ་ལོ།།
༦༽ ནཱ་ལེནྡྲའི་འགྲེམས་སྟོན་ཁང་ངོ་སྤྲོད།
ངོ་སྤྲོད། ནཱ་ལེནྡྲའི་གནའ་ཤུལ་དངོས་རྫས་འགྲེམས་སྟོན་ཁང་འདི་ནི་ཕྱི་ལོ་ ༡༩༡༧ ལོར་འཛུགས་སྐྲུན་ཞུས་པ་དང་། དེའི་ནང་མང་ཆེ་བ་ནཱ་ལེནྡྲའི་གཙུག་ལག་ཁང་གི་གནའ་ཤུལ་སྔོག་འདོན་ཞུས་པའི་གནའ་རྫས་དང་། གཞན་ཡང་རྒྱལ་པོའི་ཁབ་ (ཀི་ལོ་མི་ཊར་༡༥) དང་། ནཱ་ལེནྡྲའི་ཉེ་འགྲམ་གྱི་གྲོང་གསེབ་ཁག་ལས་སྔོག་འདོན་ཞུས་པའི་གནའ་རྫས་ཁག་ཉར་ཚགས་ཞུས་ཡོད། འགྲེམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་དངོས་རྫས་ཀྱི་ཁྲོད་དུ་རྡོ་སྐུ་དང་། ཕྱག་དཔེ། ལི་དང་རྫ་ཡི་དངོས་རིགས། འདམ་ཞལ་དང་ལྕག་རིགས། བ་སོ་དང་དུང་དཀར་གྱི་དངོས་པོ། ཡིག་རྐོས་རྡོ་ལེབ། འདམ་གྱི་རྫ་ཆས། ཆེས་རིན་ཐང་ཅན་གྱི་རྡོའི་ཕྲེང་རྡོག་སོགས་དེ་དག་མང་ཆེ་བ་ནི་དུས་རབས་ ༥ ནས་ ༡༢ བར་གྱི་དངོས་རིགས་ཡིན་ལ། སྐུ་བརྙན་ཕལ་ཆེ་བ་ནི་ནང་པའི་ལྷ་ཚོགས་ཡིན། འོན་ཀྱང་གཅེར་བུ་བ་དང་ཧིན་དྷུའི་ཆོས་ལུགས་ཀྱི་སྐུ་བརྙན་ཡང་མི་ཉུང་བ་ཞིག་ཡོད། འགྲེམས་སྟོན་ཁང་ནང་ཚོགས་ཁང་གཙོ་བོ་དེ་ལས་གཞན་པའི་བར་ཁྱམས་བཞིའི་ནང་གནའ་ཤུལ་དངོས་རྫས་རྣམས་སྒྲིག་བཀོད་ཞུས་ཡོད་པ་བཅས་སོ།།[2]

(དཔལ་ནཱ་ལེནྡྲའི་གཙུག་ལག་གི་དགོན་པ་ཁག་གི་འདྲ་བཟོས་བཀོད་པ།[3])

(དཔལ་ནཱ་ལེནྡྲའི་གཙུག་ལག་གི་དགོན་པ་ཁག་གི་འདྲ་བཟོས་བཀོད་པ།[4])

༼ནཱ་ལེནྡྲའི་གཙུག་ལག་ཁང་གི་ལྷ་ཁང་གཏོར་ཤུལ་ནས་ཐོན་པའི་སྟོན་པའི་སྐུ་བརྙན།
ལྕགས་རིས་བསྐོར་བའི་ནཱ་ལེནྡྲའི་གནའ་ཤུལ་གྱི་ཕྱི་རོལ་བྱང་ཕྱོགས་ན། སངས་རྒྱས་ཀྱི་རྡོ་སྐུ་ནག་པོ་ཞིག་ཡོད་པ་དེ་
བྱིན་རླབས་ཤིན་ཏུ་ཆེ་སྐད། སངས་རྒྱས་ཀྱི་སྐུ་བརྙན་འདི་རྡོ་ནག་ལས་བཞེངས་སྟབས་ཐུབ་པ་ནག་པོ་ཞེས་བྱ་
ཞིང་། སྐུ་བརྙན་འདིའི་བདག་དབང་སྐོར་ནཱ་ལེནྡྲའི་གནའ་ཤུལ་བདག་གཉེར་ཁང་དང་། ཉེ་འཁྲིས་ཀྱི་གྲོང་
གསེབ་བར་རྩོད་པ་བྱུང་བས། མཐར་གྲོང་གསེབ་པར་བདག་དབང་ཐོབ་སྟབས། ད་ཆ་ལྕགས་རིའི་
ཕྱི་ལོགས་སུ་བཞུགས་ཡོད། གནས་མཇལ་དུ་ཕེབས་སྐབས་ཐུགས་སྣང་མ་གནང་ཚེ་མཇལ་
རྒྱུར་ལུས་འགྲོ་བ་ཞིག་ཡིན། རྒྱ་གར་བར་སྐད་ཆ་དྲིས་ཚེ་ཀ་ལིའི་བུདྡྷ་ཞེས་བརྗོད་དགོས།
ལྕགས་རིའི་ཕྱི་རོལ་ཏུ་ཡོད་པ་ཙམ་ལས་ཧ་ཅང་ཐག་ཉེར་གནས་ཡོད།[5]༽
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] གནས་བཤད་འདོད་འཇོའི་བུམ་བཟང་། འབྲུག་ཡུལ། ༢༠༡༣ ལོ། ཤོག་གྲངས་ ༡༡༣
[2] ནཱ་ལེནྡྲའི་གཙུག་ལག་ཁང་གི་ངོ་སྤྲོད་སྒོ་བྱང་ཁག་ ༡༤ ཧིན་ཨིན་གཉིས་སུ་བཀོད་པ་རྣམས་རྣམ་གྲྭ་སྐུ་ཞབས་ཀུན་དགའ་རྒྱ་མཚོ་ལགས་ནས་བོད་འགྱུར་གནང་བའོ།།
[3] https://www.turbosquid.com/es/3d-models/asian-buddhist-architecture
[4] https://www.turbosquid.com/es/3d-models/asian-buddhist-architecture
[5] རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག །སྐྱེས་སར་ཀླུ་སྒྲུབ། འགྲོ་ཕན་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༦༦
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༡༩ ནས་ ༣༢༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།