༥༽ ཀླུ་སྒྲུབ་ཀྱིས་ནཱ་ལེནྡྲ་ཤིན་ཏུ་རྒྱས་པར་མཛད་ཚུལ།

༥༽ ཀླུ་སྒྲུབ་ཀྱིས་ཤིན་ཏུ་རྒྱས་པར་མཛད་ཚུལ།

 

དཔལ་ནཱ་ལེནྡྲ་ཤིན་ཏུ་རྒྱས་པར་མཛད་པ་པོ་མགོན་པོ་ཀླུ་སྒྲུབ་ (150-250) ཞབས་ནི། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[1]། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན།

ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་ཤིན་ཏུ་ཆེ་བར་འཁྲུངས། ནཱ་ལེནྡྲར་བྲམ་ཟེ་སྒྲ་གཅན་རབ་ཏུ་བཟང་པོ་ལས་རབ་ཏུ་བྱུང་། རྨ་བྱ་ཆེན་མོ་ཞུས་ཏེ་ཉམས་སུ་བླངས་པས་དངོས་གྲུབ་ཐོབ། མཁན་པོ་དེར་བསྙེན་པར་རྫོགས། འཕགས་པ་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་ཐམས་ཅད་ཐུགས་སུ་ཆུད། མཁན་པོ་ལོ་བཅུ་གཉིས་སུ་མཚམས་བཅད། དེའི་རིང་ལ་དགེ་འདུན་བསྐྱངས། མཁན་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པའི་ཚེ་ས་ར་ཧ་ཞེས་གྲགས། ཀླུ་སྒྲུབ་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད། ཅེས་མགོན་པོ་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་ཐུགས་འགན་ལོ་ངོ་བཅུ་གཉིས་རིང་བཞེས་པར་གསུངས་སོ།།

དེ་བཞིན་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་རྒྱུན་གྱི་རྣལ་འབྱོར་དང་དུས་ཀྱི་མཆོད་པར་དགོས་པའི་བཟོ་རྒྱན་ཚད་དང་དགོས་ཆ་གཏན་འབེབས་སུ་བྱས་པའི་དེབ་ཐེར་དངོས་གྲུབ་རྒྱ་མཚོ་ལས[2]། ཤིང་རྟ་ཆེན་པོ་གཉིས་ཀྱི་ཀླུ་སྒྲུབ་ནི། ལངྐར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་དེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་པ་ལྟར་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། མཚན་མཁན་ཞིག་གིས་ཞག་བདུན་གྱི་ཚེ་ལས་མེད་ཟེར་བར་ཐབས་དྲིས་པས་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་དྲངས་ན་ལོ་བདུན་ཐུབ་ཟེར་བ་ཐོས་པས། ལོ་བདུན་དུ་ཉེ་བ་ན་གྲོགས་དང་བཅས་བཞིན་དུ་འཁྱམས་བཅུག་པས། ནཱ་ལནྡར་སླེབས་པའི་ཚེ་མཁན་པོ་མདའ་བསྣུན་ཞབས་ཀྱི་དྲུང་དུ་རབ་ཏུ་བྱུང་། ཞེས་གསུངས་པ་ལྟར་རྣམ་ཐར་ཞིབ་རྒྱས་ཟུར་དུ་ཡོད་པ་ལས་མཁྱེན་པར་འགྱུར་ལ། ཀླུ་སྒྲུབ་བྲམ་ཟེ་སྒྲ་གཅན་འཛིན་གྱི་དྲུང་ནས་ནཱ་ལེནྡྲར་རབ་ཏུ་བྱུང་བར་མ་ཟད། ཡང་ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[3]། རྒྱལ་བུ་བསོད་ནམས་ཟླ་བ་བྲན་ཕོ་བཅས། །ཨ་མྲའི་ཚལ་སོགས་ཕྱོགས་གཞན་ངེས་མེད་དུ། །འཁྱམས་ནས་རེ་ཞིག་ཚེ་ན་ཕུག་ཅིག་ཏུ། །དཔལ་ལྡན་ས་ར་ཧཱ་བཞུགས་དྲུང་དེར་ཕྱིན། །དྲི་བ་དྲིས་ལན་གྱི་སྒོས་ལོ་རྒྱུས་བསྙད། །ས་ར་ཧཱ་ཡིས་རྒྱལ་བུ་ལ་གསུངས་པ། །ད་ཁྱོད་ཞག་བདུན་བར་དུ་གཉིད་སྤངས་ཏེ། །ཚེ་ཡི་སྒྲུབ་པ་མཛོད་དང་འཚོ་ཐབས་ཡོད། །ཅེས་གསུངས་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་ཚེ་སྒྲུབ་དེ་བཞིན་མཛད་ནས་སུ། །ཚེ་ལོ་དྲུག་བརྒྱར་བསྲིངས་པའི་ལེགས་མཚན་ཐོབ། །དེ་ནས་ས་ར་ཧཱ་ཡི་བཀའ་ལུང་བཞིན། །རང་ཁྱིམ་དུ་ལོག་རྒྱལ་པོ་ཡབ་ཡུམ་ལ། །རབ་ཏུ་བྱུང་བར་གནང་བ་ལེགས་ཞུས་ཏེ། །ནཱ་ལེནྡྲར་སོང་སྒྲ་གཅན་འཛིན་བཟང་པོར། །དུང་དཀར་གསེར་གྱི་མཎྜལ་མུ་ཏིག་ཕྲེང་། །ལེགས་ཕུལ་སྒྲ་གཅན་འཛིན་གྱིས་མཁན་པོ་དང་། །ཞི་བའི་བློ་གྲོས་ཀྱིས་ནི་ལས་སློབ་མཛད། །ཚུལ་དེས་རྒྱལ་བུ་ཟླ་བ་རབ་ཏུ་བྱུང་། །དེ་ནས་རིག་པའི་གནས་ལྔ་ལ་སྦྱངས་པས། །མཐའ་དག་ཁོང་ཆུད་འཛམ་གླིང་མཛེས་རྒྱན་གྱུར། །དེ་མཚམས་ནཱ་ལེནྡྲར་བཞུགས་དགེ་འདུན་པ། །མང་པོའི་ཞལ་ཏ་བར་མཛད་མུ་གེའི་དུས། །གསེར་འགྱུར་གྱིས་ནི་དགེ་འདུན་འཚོ་བ་སྦྱོར། །རིག་གནས་ལ་མཁས་མཐུ་ནུས་ཕུལ་བྱུང་གིས། །བསྙེམས་པ་བསལ་ཕྱིར་ས་ར་ཧཱ་བྱོན་ཏེ། །ནམ་མཁར་བཞུགས་ནས་ཞལ་གསུང་བུ་ཁྱོད་ཀྱིས། །གསེར་འགྱུར་བཟོ་གནས་ཙམ་གྱིས་ཁེངས་མ་བྱེད། །ཅེས་བཀའ་བྱུང་ཞིང་རྩིག་ལྡེབས་ངོས་ཤིག་ལ། །མ་ཧེའི་གཟུགས་ཤིག་མཛུབ་རིས་སུ་བྲིས་ནས། །དེ་ནས་འོ་བཞོས་དགེ་འདུན་མང་ཚིམས་མཛད། །རྐྱེན་དེས་བཟོ་ལ་མཁས་སྙམ་ང་རྒྱལ་ཞི། །ནོངས་བཤགས་ཚུལ་དུ་གསེར་འགྱུར་ལྷག་མ་ཡིས། །མཆོད་རྟེན་བྱེ་བ་གཙུག་ལག་ཁང་མང་བཞེངས། །རྒྱལ་སྲས་གཞོན་ནུ་གང་ཉིད་དོན་ལ་ནི། །སངས་རྒྱས་ལགས་ཀྱང་སློབ་འཕགས་ངང་ཚུལ་བཟུང་། །མཛད་པ་བསམ་མི་ཁྱབ་ཕྱིར་ས་ར་ཧཱའི། །ཞལ་མཇལ་གསུང་ཐོས་ཙམ་གྱིས་གྲོལ་བ་ཐོབ། །གནས་བརྟན་སྒྲ་གཅན་འཛིན་ལས་རབ་བྱུང་མནོས། །བསྙེན་རྫོགས་སློབ་དཔོན་རྣམས་ལས་རིག་གནས་ཀུན། །ཚེགས་མེད་སྐད་ཅིག་མཁྱེན་སོགས་མཛད་ཆེན་གནང་། །ཞེས་དང་། དོལ་པོ་བ་ཤེས་རབ་རྒྱལ་མཚན་ (1292-1361) གྱིས་མཛད་པའི་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[4]།

ཕ་མས་གནང་བ་སྩོལ་ལམ་མི་སྩོལ་བའི། །དྲིས་ནས་སྩོལ་བ་གནང་སྟེ་བཏང་གྱུར་ན། །

ནཱ་ལེནྡྲ་རུ་སྒྲ་གཅན་བཟང་པོ་ཞེས། །དེ་ལ་རབ་བྱུང་གྱིས་དང་དོན་མཆོག་འགྲུབ། །

ཅེས་སོགས་གསུངས་པ་ལྟར། ནཱ་ལེནྡྲར་སློབ་དཔོན་ས་ར་ཧཱའི་དྲུང་ནས་རབ་ཏུ་བྱུང་བར་གསུངས་སོ།།

སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར་བའི་[5]ཚུལ་ནི། འབྲི་གུང་ཀུན་དགའ་རིན་ཆེན་ (1475-1527) མཆོག་གིས་མཛད་པའི་བཀའ་བརྒྱུད་གསེར་ཕྲེང་གདན་རབས་བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ལས་[6]ཀྱང་། དེ་ཡང་རྗེ་བཙུན་འདི། ལྷོ་ཕྱོགས་བྷེ་ཏ་ཞེས་བྱ་བའི་ཡུལ་དུ་བྲམ་ཟེའི་རིགས་ཤིང་སཱ་ལ་ལྟ་བུ་འབྱོར་པ་དང་ལྡན་པ་ཞིག་ཡོད་པ་ལས། བུ་མེད་པའི་སྡུག་བསྔལ་གྱིས་གཙེས་པར་གྱུར་ཏེ། དེའི་ཚེ་རྨི་ལམ་དུ། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་པར་འགྱུར། ཞེས་ལྷས་ལུང་བསྟན་པ་ལྟར་བསྒྲུབས་པས། ཟླ་བ་བདུན་ན་ཁྱེའུ་གཟུགས་བཟང་ཞིང༌། ལྟ་ན་སྡུག་པ་ཞིག་བཙས་པར་གྱུར་ཏེ། མཚན་མཁན་ལ་བསྟན་པས། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་མོད། འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད། བྲམ་ཟེ་བརྒྱ་ལ་བསྙེན་བཀུར་ན་ཟླ་བ་བདུན་དང༌། དགེ་སློང་བརྒྱ་ལ་བསྙེན་བཀུར་ན་ལོ་བདུན་འཚོ་བར་འགྱུར་ཞིང་། དེ་ལས་གཞན་པའི་ཐབས་མེད་དོ་ཟེར་ནས་དེ་ལྟར་བྱས་ཤིང་། ལོ་བདུན་དུ་ཉེ་བ་ན་ཡབ་ཡུམ་གྱིས་སྲས་གྲོངས་པར་མ་བཟོད་པས། གཡོག་དང་བཅས་པ་འཁྱམ་དུ་བཏང་བས། རིམ་གྱིས་འཁྱམས་པ་ལས་ནཱ་ལེནྡྲའི་སྒོ་དྲུང་དུ་སྙན་ངག་གི་རིག་བྱེད་སྦྲེངས་པས་རྗེ་བཙུན་ས་ར་ཧས་གསན་ཏེ་དྲུང་དུ་ཉེ་བར་སླེབས་པ་ན། སྔར་གྱི་རྒྱུ་མཚན་ཞིབ་པར་ཕུལ་བས། རབ་ཏུ་འབྱུང་བར་ནུས་ན་འཆི་བདག་གི་བདུད་ལས་རྒྱལ་བའི་ཐབས་ཡོད་གསུངས་པ་ལ། དེ་ལྟར་བྱ་ཞུས་པས། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། ལོ་བདུན་ལོན་གྱི་བར་དུ་དེའི་གཟུངས་འདོན་དུ་བཅུག་པས། འཆི་བདག་གི་བདུད་ལས་ངེས་པར་རྒྱལ་ཏེ། མཁན་པོ་དེའི་རྗེས་སུ་རབ་ཏུ་བྱུང་ནས་རིག་པའི་གནས་ཐམས་ཅད་ལ་སྦྱངས་པས་པཎྜི་ཏར་གྱུར་ཏེ། མཁན་པོ་དེ་ཉིད་དགེ་འདུན་དང་བཅས་པའི་དབུས་སུ། བསྟན་པ་ལ་ཡོངས་སུ་རྫོགས་པར་མཛད་དེ། མཚན་ཡང་དགེ་སློང་དཔལ་ལྡན་ཞེས་བྱ་བར་ཡོངས་སུ་གྲགས་པའོ། །ཞེས་ཕྱི་ལོའི་དུས་རབས་གསུམ་པའི་ནང་བྱོན་པའི་མགོན་པོ་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡཱར་ཆོས་སྨྲ་བ་ལྔ་བརྒྱར་ལོ་བཅུ་གཉིས་ལ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ནས་འཚོ་བ་སྦྱར་བ་སོགས་ཀྱི་མཛད་པ་རྨད་དུ་བྱུང་བ་བསྐྱངས་ཏེ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཤིན་ཏུ་རྒྱས་པར་མཛད་དོ།།

སྒྲ་སྒྱུར་གྱི་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (1002/1012-1097/1100) མཆོག་གིས་མཛད་པའི་བཀའ་བབས་བྱིན་བརྒྱུད་ལས[7]། ཡང་རིམ་གྱིས་སོང་བ་ལས་ནཱ་ལེནྡྲའི་སྒོ་དྲུང་དུ་སྙན་དངགས་ཀྱི་རིག་བྱེད་དག་སྦྲེངས་པ་ན། དེ་ན་བྲམ་ཟེ་ས་ར་ཧ་བཞུགས་པས་གསན་ནས། ནང་དུ་ཁྲིད། ཅེས་དང་། ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོས་ (དུས་རབས་14པ།) ཤིང་འབྲུག་ལོར་སྦྱར་བའི་བཀའ་གདམས་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་ལས[8]། རིམ་གྱིས་ན་ལེནྟྲའི་སྒོ་དྲུང་དུ་ཡོང་སྟེ། སྙན་ངག་གི་རིག་བྱེད་བསྒྲགས། ཞེས་ནཱ་ལེནྡྲར་བྱོན་ནས་རབ་ཏུ་བྱུང་བར་གསུངས་ལ། མཁས་མཆོག་གཞན་ཕན་སྣང་བས་ (1871-1927) མཛད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས་ལས[9]། སློབ་དཔོན་དག་ཉིད་ཆེན་པོ་དཔལ་མགོན་ཀླུ་སྒྲུབ་ནི། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་བུ་སྟེ་སྐུ་བཙས་པ་ན། ལྟས་མཁན་གྱི་དགེ་སློང་བརྒྱ། བྲམ་ཟེ་བརྒྱ། ཕལ་པ་བརྒྱ་ལ་སྟོན་མོ་དྲངས་ན་ལོ་བདུན། ཟླ་བ་བདུན། ཞག་བདུན་དུ་འཚོ། དེ་ལས་ཐབས་གཞན་མེད་བྱས་པས་ལོ་བདུན་དུ་ཉེ་བ་ན་ཕ་མས་མ་བཟོད་དེ་ཡུལ་འཁྱམས་སུ་བཏང་བས། རིམ་གྱིས་དཔལ་ལྡན་རྒྱུན་སྟེར་གྱི་གཙུག་ལག་ཁང་དུ་ཕྱིན་ཏེ། བྲམ་ཟེ་སྒྲ་གཅན་འཛིན་ལས་རབ་ཏུ་བྱུང་། ཚེ་དཔག་མེད་ཀྱི་སྒྲུབ་ཐབས་བསྟན་ཏེ། བསྒྲུབས་པས་ཚེའི་དངོས་གྲུབ་ཐོབ། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པས་མཁྱེན་རབ་སངས་རྒྱས་དང་མཉམ། ཆོས་ཉིད་བདེན་པ་གཟིགས། ཤྲཱི་ནཱ་ལེནྟྲའི་མཁན་པོ་མཛད་པས་སྡེ་སྣོད་མཁྱེན་པ་སྟོང་ཕྲག་བརྒྱ་ཙམ་བྱུང་ཞེས་གྲགས། ཞེས་ཞལ་གསལ་དུ་བྱུང་བ་ལྟར་རོ།།

རབ་ཏུ་བྱུང་ནས་ནཱ་ལེནྡྲར་མཛད་པ་ཇི་ལྟར་བསྐྱངས་པ་ནི། ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[10]།

དེ་ནས་ནཱ་ལེནྡྲར་བྱོན་སྒྲོལ་མ་ཡི། །གཙུག་ལག་ཁང་སོགས་རྟེན་མཆོག་ཆེས་མང་བཞེངས། །

སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་སུ་གྲགས། །

ཞེས་ནཱ་ལེནྡྲར་རྗེ་བཙུན་སྒྲོལ་མའི་ལྷ་ཁང་སོགས་རྟེན་མཆོག་མང་དུ་བཞེངས་པར་གསལ་ལ། ཡང་དེ་ཉིད་ལས།

མཁའ་འགྲོ་གཙོ་འཁོར་དྲུང་དུ་གསང་ཆེན་གྱི། །ཆོས་མཛོད་ལེགས་མཇལ་གུར་དང་སཾ་བྷུ་ཊ། །

རྡོ་རྗེ་སྙིང་འགྲེལ་མཁའ་འགྲོ་ཀུན་སྤྱོད་སོགས། །གསང་ཆེན་སྔགས་རྒྱུད་མང་པོ་གདན་དྲངས་ནས། །

ནཱ་ལེནྡྲ་རུ་འཛིན་སྐྱོང་ཆེས་སྤེལ་མཛད། །

ཅེས་གསུངས་པ་ལྟར། རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས་[11]ཀྱང་། དེའི་རྗེས་སུ་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། དཔལ་ས་ར་ཧའམ་བྲམ་ཟེ་སྒྲ་གཅན་འཛིན་དཔལ་བཟང་པོ་ལས་མདོ་སྔགས་ཀྱི་ཆོས་གསན་ནས་དབུ་མའི་ཚུལ་དར་བར་མཛད། ཉན་ཐོས་པ་རྣམས་ལའང་ཕན་ཆེར་བཏགས། ཚུལ་ཁྲིམས་འཆལ་བ་དགེ་འདུན་གྱི་ནང་ན་དབང་ཆེན་པོར་འདུག་པ་མང་པོ་གནས་ནས་བསྐྲད། ནཱ་ལནྡྲའི་མཁན་པོ་དང་སྡེ་པ་ཀུན་གྱི་བདག་པོ་མཛད་ཅིང༌། ནཱ་ལནྡར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་པོ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ནས་འཚོ་བ་སྦྱར། ལྷ་མོ་ཙནྚི་ཀ་བསྒྲུབས་ནས་དགེ་འདུན་ལ་འཚོ་བ་སྦྱོར་བར་མཛད་པ་ན། དགེ་ཚུལ་ངན་པ་ཞིག་གིས་ལྷ་མོ་དེ་ལ་འདོད་པའི་དུས་བཏབ་པའི་རྐྱེན་གྱིས་ལྷ་མོ་དེ་མི་སྣང་བར་སོང་བས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ནས་ཆོས་གཞི་གཙུགས། དེར་ནག་པོ་ཆེན་པོའི་སྐུ་རེ་རེ་བཞེངས་ནས་བསྟན་པ་སྲུང་བའི་གཉེར་གཏད་བྱས། རྡོ་རྗེའི་གདན་གྱི་བྱང་ཆུབ་ཀྱི་ཤིང་ལ་གླང་ཆེན་གྱི་གནོད་པ་སྲུང་བའི་ཐབས་སུ་ནག་པོ་ཆེན་པོ་སྐུ་དང་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང༌། ནང་དུ་མཆོད་ཁང་མང་པོ་བཞེངས། ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སྤྱན་དྲངས། རིགས་ཚོགས་དྲུག་ལ་སོགས་པ་དབུ་མ་སྟོན་པའི་བསྟན་བཅོས་དང༌། གསང་འདུས་ཀྱི་སྐོར་འགའ་ཞིག་མཛད། སྒྲོལ་མ་དང་འཕགས་པ་འཇམ་དཔལ་གྱི་ངོ་བོ་རྒྱལ་སྲས་བློ་གྲོས་རིན་ཆེན་གྱིས་ཞལ་གཟིགས་ཏེ་རྗེས་སུ་བཟུང༌། རྒྱལ་པོ་བདེ་སྤྱོད་བཏུལ་ནས་དེས་གཙུག་ལག་ཁང་མང་དུ་བཞེངས། བྲག་རི་འགའ་ཞིག་གསེར་དུ་བསྒྱུར་བར་བཞེད་པ་ན་སྒྲོལ་མས་མ་འོངས་པ་ན་རྩོད་པའི་གཞིར་འགྱུར་གསུངས་ནས་བཀག །བྲམ་ཟེ་མ་དྷུ་དང༌། པྲ་མ་དྷུ་གཉིས་བཏུལ་ནས་དེ་གཉིས་ཀྱིས་ཐེག་ཆེན་གྱི་ཆོས་སྨྲ་བ་པོ་ཉིས་བརྒྱ་ལྔ་བཅུ་རེ་མཆོད་ཅིང༌། ཐེག་ཆེན་གྱི་གསུང་རབ་རྣམས་བྲིས། མུ་སྟེགས་ཀྱི་རྒོལ་བ་བརྒྱ་ཕྲག་མང་པོ་ཡང་རྩོད་པས་ཚར་བཅད་ནས་བསྟན་པ་ལ་བཅུག་སྟེ་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། དཔལ་གྱི་རི་ལ་སྒྲུབ་པ་མཛད་པས་སྐུ་ཚེ་དེ་ལ་གྲུབ་པ་མཆོག་བརྙེས་ཏེ། སྐུ་གསེར་གྱི་མདོག་ཅན་ལ་མཚན་དཔེས་བརྒྱན་པར་གྱུར། སྟོན་པ་འདས་ནས་ལོ་བཞི་བརྒྱའི་དུས་སུ་འབྱོན་པ་དང༌། ལོ་དྲུག་བརྒྱར་བཞུགས་པར་ལུང་བསྟན་ཀྱང་བར་དུ་བདེ་བ་ཅན་དུ་བྱོན། ཁྱད་པར་དུ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ཅིང་ཐ་སྙད་དུ་ཡོད་པའི་དབུ་མའི་སྲོལ་ལེགས་པར་ཕྱེའོ། །ཞེས་གསུངས་པ་ལྟར་ནཱ་ལེནྡྲར་མགོན་པོ་ཀླུ་སྒྲུབ་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ནས་ཆོས་གཞི་བཙུགས་པར་མ་ཟད། དེ་དག་ཏུ་ནག་པོ་ཆེན་པོའི་སྐུ་རེ་རེ་བཞེངས་ནས་བསྟན་པ་སྲུང་བའི་གཉེར་གཏད་བྱས་ཤིང་། ནག་པོ་ཆེན་པོའི་སྐོར་གཤམ་དུ་ནཱ་ལེནྡྲའི་བསྟན་སྲུང་གི་སྐབས་སུ་ཞིབ་ཏུ་འགོད་པར་འགྱུར་བ་ལས་ཤེས་པར་བྱའོ།།

གཞན་ཡང་། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་བདེ་མཆོག་ཆོས་འབྱུང་བརྒྱུད་པའི་རྣམ་ཐར་དང་བཅས་པ་ལས[12]། དེ་ལ་སློབ་དཔོན་གྱིས་རབ་ཏུ་བྱུང་ན་ཚེ་རིང་བའི་ཐབས་ཡོད་གསུངས་ནས་རབ་ཏུ་བྱུང་སྟེ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཏེ། ལོ་དྲུག་བརྒྱ་འཚོ་བར་བྱིན་གྱིས་བརླབས་སོ། །དེ་ནས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་མཁས་པར་མཛད་ཅིང་། ས་དང་པོ་མཐོང་བའི་ལམ་མངོན་སུམ་དུ་བྱས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ། ནཱ་ལེནྟྲའི་དགེ་བསྐོས་ཀྱི་དུས་སུ་གསེར་འགྱུར་གྱི་རྩིས་དགེ་འདུན་གྱི་འཚོ་བ་ལོ་བཅུ་གཉིས་ཀྱི་བར་དུ་སྦྱར་བ་དང་། འོག་ཀླུའི་ཡུལ་ནས་ཤེར་ཕྱིན་འབུམ་པ་གདན་དྲངས་པ་དང་། འཆད་པའི་སྒོ་ནས་འཕགས་པ་ལྷ་ལ་སོགས་པའི་གྲུབ་པའི་སློབ་མ་མང་དུ་བསྐྲུན་པ་དང་། རྩོད་པའི་སྒོ་ནས་དགེ་སློང་བདེ་བྱེད་ཅེས་བྱ་བས་རིགས་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་འབུམ་ཕྲག་བཅུ་གཉིས་བརྩམས་ནས་རྒྱལ་བའི་བསྟན་པ་བསྣུབས་པར་བྱས་པ་དེ་ཡང་འདི་ཉིད་ཀྱིས་དངོས་སྟོབས་ཀྱི་རིགས་པས་སུན་ཕྱུང་བར་མཛད་པ་དང་། རྩོམ་པའི་སྒོ་ནས་རིགས་ཚོགས་ལྔ། བསྟོད་ཚོགས་བཅོ་བརྒྱད། གཏམ་ཚོགས་ལྔ་ལ་སོགས་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་ལུགས་གསལ་བར་བྱས། གསང་བ་འདུས་པའི་བསྐྱེད་རྫོགས་ལ་སོགས་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་ཡང་གསལ་བར་མཛད་པ་དང་། གཞན་ཡང་ངོ་མཚར་བའི་སྤྱོད་པ་བསམ་ལས་འདས་པའི་སྒོ་ནས་སེམས་ཅན་གྱི་དོན་ལོ་དྲུག་བརྒྱའི་བར་དུ་མཛད་དོ། །ཞེས་མགོན་པོ་ཀླུ་སྒྲུབ་དཔལ་ནཱ་ལེནྡྲའི་དགེ་བསྐོས་མཛད་པར་གསུངས་ཤིང་། ཡོངས་གྲགས་ཞལ་ཏ་བ་སྟེ་གཉེར་པ་དང་། མཁན་པོ་མཛད་ཚུལ་གསལ་ལོ།།

དེ་བཞིན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[13]། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེའི་རིགས་སུ་འཁྲུངས། བྲམ་ཟེ་ཆེན་པོ་ས་ར་ཧས་རྗེས་སུ་བཟུང་སྟེ་རབ་ཏུ་བྱུང་། སྐུ་ཚེ་ཞག་བདུན་ལས་མེད་པ་བསྲིངས་ཏེ་གསང་སྔགས་ཀྱི་གདམས་པ་མང་དུ་སྩལ། ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལས་བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་གྲགས། ནཱ་ལེནྡྲའི་དགེ་འདུན་གྱི་ཞལ་ཏ་བ་མཛད་དེ་གསེར་འགྱུར་བྱས་ནས་དགེ་འདུན་གྱི་གདུགས་ཚོད་སྦྱར། ཞེས་ཀླུ་སྒྲུབ་རང་ཉིད་ནཱ་ལེནྡྲར་རབ་ཏུ་བྱུང་ཞིང་། ནཱ་ལེནྡྲའི་ཞལ་ཏ་བ་མཛད་པར་མ་ཟད། ཀླུ་སྒྲུབ་ཀྱི་སློབ་དཔོན་གྲུབ་ཆེན་ས་ར་ཧ་ཡང་ནཱ་ལེནྡྲའི་མཁན་པོ་ཡིན་པར་གསུངས་སོ།།

གཞན་ཡང་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས་[14]ཀྱང་། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེའི་རིགས་ཤིན་ཏུ་ཆེ་བར་འཁྲུངས། ནཱ་ལེནྡྲར་བྲམ་ཟེ་སྒྲ་གཅན་འཛིན་རབ་ཏུ་བཟང་པོ་ལ་རབ་ཏུ་བྱུང༌། རྨ་བྱ་ཆེན་མོ་ཞུས་ཏེ་ཉམས་སུ་བླངས་པས་དངོས་གྲུབ་ཐོབ། མཁན་པོ་དེར་བསྙེན་པར་རྫོགས། འཕགས་པ་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བས་རིག་པའི་གནས་ཐམས་ཅད་ཐུགས་སུ་ཆུད། མཁན་པོ་ལོ་བཅུ་གཉིས་སུ་མཚམས་བཅད། དེའི་རིང་ལ་དགེ་འདུན་བསྐྱངས། མཁན་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པའི་ཚེ་ས་ར་ཧ་ཞེས་གྲགས། ཀླུ་སྒྲུབ་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད། ཀླུས་སྦྱིན་བདག་བྱས་ནས་ཀླུ་འདམ་ལ་མཆོད་རྟེན་བྱེ་བ་ཚང་དུ་ཉེ་བ་བཞེངས། ཀླུ་ཡུལ་ནས་འབུམ་གདན་དྲངས། རྡོ་རྗེ་གདན་ལ་དྲ་མིག་གིས་བསྐོར་བ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། མདོ་ལུགས་ལ་སྐུ་ཚེ་འདིས་ས་བརྒྱད་པ་ཐོབ། ཨཱརྱ་དེ་ཝ་ལ་སོགས་པའི་སློབ་མ་མང་པོ་བསྐྱངས། ལྷོ་ཕྱོགས་དཔལ་གྱི་རིར་གཤེགས། འཆད་རྩོད་རྩོམ་པ་སོགས་ཀྱིས་བསྟན་པ་རྒྱས་པར་མཛད། མཐར་དབུ་སྦྱིན་པ་བཏང་ནས་བདེ་བ་ཅན་དུ་རེ་ཞིག་གཤེགས། མ་འོངས་པའི་དུས་སྐུ་དེ་ཉིད་ལ་ཞུགས་ནས་འགྲོ་དོན་མཛད་ཅེས་གྲགས་སོ། །ཞེས་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་སོ།།

དེ་བཞིན་པ་ཚབ་ལོ་ཙཱ་བས་ (1055-?) མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ་ལས[15]། འཕགས་པའི་བསམ་པ་ལ་རབ་ཏུ་བྱུང་ནས་གནས་སུ་བསྡད་པས་ཕན་མེད་པས་བསོད་སྙོམས་ལ་སོགས་པའི་སྦྱངས་པའི་ཡོན་ཏན་ལ་གནས་དགོས་སྙམ་སྟེ། དེ་ནས་བྱུང་ནས་ཉིན་མ་མང་པོར་ཕྱིན་པ་དང་། དཔལ་ན་ལེན་ཏྲའི་གཙུག་ལག་ཁང་དུ་ཕྱིན་ཏེ་དགེ་སློང་འབུམ་ཚོ་ལྔ་གཟར་ཁ་གཅིག་ལ་གསོལ་བས། ཆེར་པཎྜི་ཏ་འབའ་ཞིག་བཞུགས་པ། ཁག་གཅིག་བསམ་གཏན་པར་བཞུགས་པ་རྣམས་མཐོང་བས་འཕགས་པ་དད་པ་སྐྱེས་ཏེ་དགེ་འདུན་འདི་རྣམས་ཀྱི་ཞལ་ཏ་ལོ་གཅིག་བྱ་ཞེས་ཞུས་པས། ཁྱོད་དད་པས་བྱེད་པ་ལ་གནང་ཞེའོ། །ཞེས་དཔལ་ནཱ་ལེནྡྲར་དགེ་སློང་འབུམ་ཚོ་ཡོད་པར་གསུངས་ལ། སྐབས་དེར་མགོན་པོ་ཀླུ་སྒྲུབ་ཀྱིས་ཞལ་ཏ་བ་མཛད་པར་གསུངས་སོ།།

དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[16]། མགོན་པོ་ཀླུ་སྒྲུབ་ནཱལནྡྲར་ཕེབས་ཡོད་མེད་ཐད། ནང་པའི་སློབ་དཔོན་ཚོ་དང་། ལོ་རྒྱུས་སྨྲ་བ་ཚོ་མི་མཐུན་པར་མ་ཟད། ནང་པའི་སློབ་དཔོན་ནང་ཁུལ་དང་། ལོ་རྒྱུས་སྨྲ་བ་ནང་ཁུལ་དུའང་མི་མཐུན་པ་ཤིན་ཏུ་མང་། ནཱལནྡྲ་ཞེས་པའི་ས་ཆ་འདི་སྟོན་པ་ཞལ་བཞུགས་དུས་[17]ནས་སྐབས་དེའི་མི་སུ་ལའང་རྒྱུས་མངའ་ཟབ་པའི་ས་ཆ་ཞིག་ཡིན་འདུག་པར་མ་ཟད། ས་ཆ་དེ་ནི་ནང་པའི་སྤྱི་ཚོགས་ནང་མཚན་སྙན་གྲགས་འབྲུག་ལྟར་གྲགས་པའི་ཤཱ་རིའི་བུའི་འཁྲུངས་ཡུལ་དང༌། ཁོང་གི་སྤུན་ལྟ་བུའི་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་མོའུ་འགལ་གྱི་བུ་ཡང་ས་ཆ་དེ་དང་ཐག་ཅུང་ཉེ་བར་འཁྲུངས་ཡོད།

ལྷག་པར་དུ་བདག་ཅག་གི་སྟོན་པ་ཡང་ས་ཆ་དེར་ཕེབས་བཞུགས་ཀྱིས་ཤཱ་རིའི་བུ་དང་། ཁོང་གི་རྗེས་འབྲང་བ་བརྒྱ་ཕྲག་མང་པོར་ཆོས་བསྟན་ནས་ནང་པར་བཀོད་པར་མ་ཟད། མཐར་ཤཱ་རིའི་བུ་དགྲ་བཅོམ་པ་བརྒྱད་ཁྲི་དང་ལྷན་དུ་ནཱལནྡཱར་སྐུ་གཤེགས་པ་སོགས་ལ་བསམས་ན། སྐབས་དེའི་ནཱལནྡཱར་ནང་པའི་གཙུག་ལག་ཁང་དང༌། ལྷ་ཁང་། དགེ་འདུན་པ་བཞུགས་གནས་སོགས་གང་འཚམ་ཞིག་ཡོད་པ་ཚོད་དཔག་བྱེད་སླ་བར་མ་ཟད། དུས་རབས་མང་པོའི་རིང་ཡུལ་དེ་ནས་ནང་པའི་ཡུལ་གྲུ་གཞན་ལས་ཀྱང་ནང་བསྟན་མ་ཉམས་པར་གནས་ཐུབ་པ་བྱུང་སྟབས། དུས་ཕྱིས་སུ་བྱུང་བའི་སྙན་གྲགས་ཤིན་ཏུ་ཆེ་བའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ཡང་གནས་མཆོག་དེར་བཞེངས་རྒྱུར་དགེ་མཚན་ཆེ་བར་གཟིགས་པ་ཞིག་ཡིན་ངེས་ལས། མོ་པ་དང་ལུང་བསྟན་མཁན་རེ་ཟུང་གིས་གང་བཤད་ཁོ་ནར་ཉན་ནས་ས་གནས་དེར་བཞེངས་པ་ཞིག་ག་ལ་ཡིན་སྙམ།

སྔར་བདག་ཅག་གི་སྟོན་པ་ཡང་ནས་བསྐྱར་དུ་ཞབས་ཀྱིས་བཅགས་ས་དང་། ཤཱ་རིའི་བུ་[18]དང༌། ཁོང་གི་རྗེས་འབྲང་བ་བརྒྱ་ཕྲག་མང་པོ་དང༌། ལྷ་དང་མིའི་ཚོགས་མང་པོར་ཡང་ནས་བསྐྱར་དུ་ཆོས་གསུང་ས། མཐར་ཤཱ་རིའི་བུ་དགྲ་བཅོམ་པ་བརྒྱད་ཁྲི་དང་ལྷན་དུ་སྐུ་གཤེགས་ས། ཤཱ་རིའི་བུའི་གདུང་རྟེན་མཆོད་རྟེན་བཞུགས་ས། དེ་དང་ས་ཐག་ཉེ་བར་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་མོའུ་འགལ་གྱི་བུའི་འཁྲུངས་གནས་ཡོད་པ་སོགས་ཀྱིས། ཧ་ཅང་རྩ་ཆེན་དུ་བརྩི་དགོས་ངེས་ཀྱི་ནང་པའི་གནས་ཆེན་དེར་མགོན་པོ་ཀླུ་སྒྲུབ་ཀྱང་ཞབས་ཀྱིས་བཅགས་ཡོད་ངེས་རེད་སྙམ།

འོན་ཀྱང་སྐབས་དེའི་ནཱལནྡཱར་འཕགས་པ་ཐོགས་མེད་དང༌། དབྱིག་གཉེན། ཕྱོགས་གླང་། ལེགས་ལྡན་འབྱེད། ཡོན་ཏན་འོད། ཟླ་བ་གྲགས་པ། ཞི་བ་ལྷ། འཕགས་པ་གྲོལ་སྡེ། ཆོས་གྲགས། པདྨའི་ངང་ཚུལ་སོགས་སློབ་གཉེར་དུ་ཕེབས་སའི་སྙན་གྲགས་ཆེ་བའི་ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་འདི་བཞེངས་མེད་པ་ཤིན་ཏུ་གསལ་ཡང་། རྗེས་རབས་པ་ཚོས་མགོན་པོ་ཀླུ་སྒྲུབ་ནཱལནྡཱར་ཕེབས་པ་དང་། ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་པ་གཉིས་སོ་སོར་མ་ཕྱེས་པར། ནཱལནྡཱར་ཕེབས་པ་དེ། ནཱལནྡཱའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་པ་ཡིན་ཤག་བྱས་པ། དུས་ཕྱིས་སུ་མ་དག་པ་རྒྱུན་འབྱམས་སུ་སོང་བ་ཞིག་མིན་ནམ་སྙམ།

རྒྱ་བཙུན་ཧྥ་ཤཱན་གྱིས་ནཱལནྡཱ་གྲོང་བརྡལ་ཞིག་ཡིན་ཚུལ་བཤད་པ་མ་གཏོགས། གྲོང་བརྡལ་དེའི་མི་འབོར་དང་། འཚོ་བའི་གནས་སྟངས། ཆོས་ལུགས་གྲུབ་མཐའ་སོགས་ཀྱི་སྐོར་ལ་ཞིབ་འབྲི་གང་ཡང་བྱས་མེད་སྟབས། ཡུལ་དེའི་ལོ་རྒྱུས་ཀྱི་གལ་ཆེའི་རང་བཞིན་ལ་སྣང་མེད་བྱས་པའི་རྣམ་པ་ཤུགས་ཆེན་མངོན་པར་མ་ཟད། ནཱལནྡཱ་གྲོང་བརྡལ་ཞིག་ཡིན་པའི་སྡོམ་ཚིག་སྦོམ་པོ་དེ་དང༌། སྐབས་དེའི་ནཱ་ལནྡཱའི་ས་ཁྱོན་དངོས་གཉིས་བར་ཧེ་བག་ཆེ་ཙམ་མེད་དམ་སྙམ།

གཅིག་བྱས་ན་རྒྱ་བཙུན་ཧྥ་ཤཱན་གྱིས་ནཱལནྡཱ་གྲོང་ཁྱེར་ཞིག་རེད་ཟེར་དགོས་པར་སྨྱུག་ཁ་སྒྱུར་སྟངས་ལ་མ་གཟབ་པས་གྲོང་བརྡལ་དུ་འབྲིར་ཤོར་བ་ཞིག་ཀྱང་ཡིན་སྲིད། དེའི་རྒྱུ་མཚན་གཞན་ཞིག་ནི། གོང་བཤད་ལྟར་སྔར་བདག་ཅག་གི་སྟོན་པ་ཡང་ནས་བསྐྱར་དུ་ཞབས་ཀྱིས་བཅགས་ས་དང་། ཁོང་གིས་ཤཱ་རིའི་བུ་དང༌། དེའི་རྗེས་འབྲང་བ་བརྒྱ་ཕྲག་མང་པོ་དང་། ལྷ་དང་མིའི་ཚོགས་མང་པོར་ཡང་ནས་བསྐྱར་དུ་ཆོས་གསུང་ས། མཐར་ཤཱ་རིའི་བུ་དགྲ་བཅོམ་པ་བརྒྱད་ཁྲི་དང་ལྷན་དུ་དུས་གཅིག་ལ་སྐུ་གཤེགས་ས། ཤཱ་རིའི་བུའི་གདུང་རྟེན་མཆོད་རྟེན་བཞུགས་ས། དེ་དང་ས་ཐག་ཉེ་བར་མོའུ་འགལ་གྱི་བུའི་འཁྲུངས་གནས་ཡོད་པ་དག་སྤྱིར་བཏང་གི་གྲོང་བརྡལ་ཞིག་གི་ནང་འབྱུང་སྲིད་དམ། མ་ཟད་ཤཱ་རིའི་བུ་དང་མཉམ་དུ་དགྲ་བཅོམ་པ་བརྒྱད་ཁྲི་སྐུ་གཤེགས་ས་ཞིག་ལ། ད་དུང་ཡུལ་དེར་སྐུ་མ་གཤེགས་པར་བཞུགས་པའི་དགྲ་བཅོམ་པ་ག་ཚོད་ཅིག་ཡོད་པ་དང༌། དགྲ་བཅོམ་པའི་གོ་འཕང་མ་ཐོབ་པའི་ཉན་ཐོས་ཀྱི་རིགས་ཅན་དང༌། རང་སངས་རྒྱས་ཀྱི་རིགས་ཅན། བྱང་ཆུབ་སེམས་དཔའི་རིགས་ཅན། སྤྱིར་བཏང་གི་མི་མང་དཀྱུས་མ་ག་ཚོད་ཅིག་ཡོད་མེད་སུས་ཀྱང་ཚོད་དཔག་བྱེད་སླ་བ་ཞིག་མ་ཡིན་ནམ། ཞེས་གསུངས་པ་ལྟར་དཔྱད་དགོས་པའི་གནད་མང་དུ་སྣང་ངོ་།།

དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུས་ནམ་ཞིག་བཞེངས་མིན་དང་། རྒྱལ་པོ་སུས་བཞེངས་མིན་འདོད་ཚུལ་མང་དུ་ཡོད་པ་ལས། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པར་གསུངས་པ་ནི། དུས་ཀྱི་ཆ་ནས་སྔ་ཤོས་དེ་ཡིན་ལ། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[19]། ནཱ་ལེནྡྲ་ནི་ཀླུ་སྒྲུབ་ཀྱི་སྐབས་སུ་གཞི་ནས་བཞེངས་རྒྱུ་ཡིན་པ་དང་། སྒྲ་གཅན་འཛིན་བཟང་པོའང་ཀླུ་སྒྲུབ་ཀྱི་བླ་མ་མིན་ནོ། །ཞེས་གསལ་ལ། གཞན་ཡང་ལ་ལས་སྐབས་འདིར་ནཱ་ལེནྡྲ་བྱུང་བ་མི་འཐད་པའི་འདོད་ཚུལ་ནི་གཤམ་གསལ་སྡེ་ཚན་ཟུར་དུ་བཀོད་པ་ལས་མཁྱེན་པར་འགྱུར་རོ།།

གཞན་ཡང་ཞོལ་བཀའ་འགྱུར་དཀར་ཆག་[20]རྒྱས་པ་ལས[21]། ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་པར་མཛད་དེ། མཚན་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །ཞེས་བྱུང་བ་ལྟར་གྲུབ་ཆེན་ས་ར་ཧ་དང་། མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་དུས་ནས་ནཱ་ལེནྡྲར་ཆོས་སྡེ་ཆེན་པོ་ཚུགས་ཟིན་པར་མ་ཟད། སློབ་དཔོན་ཨ་བྷ་ཡཱ་ཀ་ར་དང་། ཙ་མི་ལོ་ཙཱ་བ་ཆེན་པོས་བསྒྱུར་བའི་འཕགས་པ་ཀླུ་སྒྲུབ་ཀྱིས་ (C.150-250) མཛད་པའི་དཔལ་ནཱ་ལེནྡྲའི་ཆོས་སྐྱོང་མགོན་པོ་བྱ་རོག་གདོང་ཅན་གྱི་ནང་སྒྲུབ་[22]དང་། དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ་བཅས་ཀྱི་བྱུང་བ་སོགས་ལ་གཞིགས་ཀྱང་ནཱ་ལེནྡྲའི་གཙུག་ལག་ཁང་ནི། སློབ་དཔོན་ཀླུ་སྒྲུབ་མ་བྱོན་པའི་གོང་ནས་ཆོས་སྡེ་ཆེན་པོར་གྱུར་ཟིན་པ་རྟོགས་ཐུབ། མདོར་ན་བོད་ཀྱི་མཁས་གྲུབ་རིམ་བྱོན་ཕལ་མོ་ཆེས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། ཐོག་མར་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་གསར་བཞེངས་གནང་བར་གསུངས་པ་ནི། རྒྱ་དཀར་ནག་གི་གཞུང་ལུགས་དེ་དག་དང་མཐུན་པ་ཞིག་ལས་ཁུངས་མེད་ལུང་མེད་ཅིག་མིན་པ་ཤིན་ཏུ་གསལ་ལོ།།

དེ་ཡང་མགོན་པོ་ཀླུ་སྒྲུབ་དགུང་ལོ་བདུན་ལ་ཕེབས་སྐབས་ཙམ་ནས་དཔལ་ནཱ་ལེནྡྲའི་སྒོ་དྲུང་དུ་བྱོན་ནས་སྙན་དངགས་ཀྱི་རིག་བྱེད་དག་བསྒྲགས་པ་དང་། ནཱ་ལེནྡྲའི་མཁན་པོ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་མཚན་གསོལ་ཚུལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་གནང་ཡུལ་གཉིས་ཀ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་ཡིན་པར་མ་ཟད། རྒྱུན་རིང་དཔལ་ནཱ་ལེནྡྲའི་མཁན་ཚབ་ལྟ་བུ་མཛད་པ་དང་། ནཱ་ལེནྡྲའི་དགེ་འདུན་པའི་ཞལ་ཏ་བ་མཛད་སྐབས་ནཱ་ལེནྡྲའི་དགེ་འདུན་དང་དཔལ་ནཱ་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་ཕོངས་པ་མེད་པར་སྦྱར་བ། སྐབས་དེར་དགེ་སློང་བདེ་བྱེད་ཅེས་པས་རིག་པའི་རྒྱན་ཞེས་པའི་གཞུང་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་ཕྱུང་བ་བྱུང་བས། དེ་གདུལ་བའི་དོན་དུ་ནཱ་ལེནྡྲར་ཆོས་གསུངས་ནས་ཀླུ་ཡུལ་དུ་གདན་དྲངས་པ། ནཱ་ལེནྡྲར་མུ་སྟེགས་རྟ་དབྱངས་ཚར་གཅོད་རྗེས་འཛིན་སླད་སློབ་དཔོན་འཕགས་པ་ལྷ་མགོན་པོ་ཀླུ་སྒྲུབ་ཀྱི་ཚབ་ཏུ་བྱོན་པ། འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་དག་གི་བྱུང་རབས་སོགས་ཀྱི་དངོས་ཡོད་གནས་ཚུལ་འདི་དག་ལ་བརྟེན་ནས་ཀྱང་། དཔལ་ནཱ་ལེནྡྲར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྔོན་རོལ་ནས་དགེ་འདུན་གྱི་སྡེ་ཚུགས་ཟིན་པ་ཤིན་ཏུ་གསལ་མོད། འོན་ཀྱང་དེང་སྐབས་ཀྱི་ལོ་རྒྱུས་སྨྲ་བ་ལ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་ཕྱི་ལོ་བརྒྱ་ཕྲག་ལྔ་པའི་རྗེས་སུ་མ་གཏོགས་བྱུང་མེད་སྟབས། དཔལ་མགོན་ཀླུ་སྒྲུབ་ཞབས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁས་པ་ཡིན་པ་དང་། ནཱ་ལེནྡྲའི་མཁན་པོ་ཡིན་པ་སོགས་མི་འགྲིག་ཚུལ་གསུང་མཁན་ཡོད་ཀྱང་དེ་དག་ནི་མི་འཐད་པ་ཉིད་དོ།།

དེ་ཡང་དཔལ་ནཱ་ལེནྡྲ་ནི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་ཞལ་བཞུགས་པའི་སྐུ་དུས་ནས་ཡོད་པའི་གཙུག་ལག་ཁང་ཞིག་ཡིན་པ་དང་། དེ་ཡང་ཉན་ཐོས་མཆོག་ཟུང་གཉིས་ཏེ་ཤེས་རབ་ཅན་གྱི་མཆོག་གྱུར་ཤཱ་རིའི་བུ་དང་། རྫུ་འཕྲུལ་ཅན་གྱི་མཆོག་གྱུར་མཽང་གལ་གྱི་བུ་རྣམ་གཉིས་ཀྱི་འཁྲུངས་ཡུལ་དང་བཞུགས་ཡུལ་ཡིན་པར་མ་ཟད། མཐར་སྐུ་མྱ་ངན་ལས་འདས་པའི་ཡུལ་ཡང་འདི་ཉིད་ཡིན་ཅིང་། གནས་འདིར་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་མ་འདས་པའི་གོང་རོལ་ནས་དགེ་འདུན་གྱི་སྡེའི་གནས་གཞི་ཚུགས་ཟིན་པ་ཞིག་ཡིན། དེང་སྐབས་ཕྱི་ལོ་བརྒྱ་ཕྲག་བདུན་པ་ནས་མ་གཏོགས་ནཱ་ལེནྡྲ་མེད་ཅེས་བརྗོད་མཁན་དེ་དག་ནི། ད་ལྟ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ས་འོག་ནས་གནའ་ཤུལ་སྔོག་འདོན་བྱས་ཏེ་ཁང་ཤུལ་དང་། རིག་དངོས་སོགས་རྙེད་སོན་བྱུང་བ་ཕལ་མོ་ཆེ་ཕྱི་ལོ་བརྒྱ་ཕྲག་བདུན་པའི་རྗེས་སུ་བསྐྲུན་པ་ཤ་སྟག་ལྟ་བུ་ཆགས་ཡོད། དེའི་སྔོན་དུ་གཙུག་ལག་ཁང་བཟོ་བཀོད་ལེགས་ཤིང་། མཐོ་བརྗིད་ཅན་དེ་ལྟར་མེད་ལས་ཆེ། འོན་ཀྱང་དཔལ་ནཱ་ལེནྡྲ་ནི་དགེ་འདུན་གྱི་སྡེ་ཆེན་པོ་ཞིག་ཡིན་པ་དང་། སློབ་གཉེར་གྱི་ལྟེ་གནས་ཁང་ཞིག་ཡིན་པ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ངོ་འགའ་ཞིག་གི་རྗེས་ནས་བྱུང་བ་ཞིག་ཡིན། བྱུང་རབས་དེ་དག་འདུལ་བ་ལུང་གི་ནང་དུ་གསལ་པོར་འཁོད་ཡོད་པས་དོགས་པ་གནང་དགོས་དོན་མེད།[23] ཅེས་གསལ་འདུག་མོད། སྟོན་པ་མྱ་ངན་ལས་མ་འདས་པའི་གོང་ནས་གནས་འདིར་དགེ་འདུན་གྱི་སྡེ་ཚུགས་མིན་དང་། གཙུག་ལག་ཁང་ཞིག་ཡོད་མེད་ནི་དཔྱད་དགོས་པར་སྣང་ངོ་།།

གཞན་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[24]། བརྩེ་ལྡན་ཕ་མས་བུ་གཅིག་ཤི་བའི་རོ། །བལྟ་བར་མི་བཟོད་གཡོག་བཅས་འཁྱམས་བཏང་ནས། །ཁ་སཱར་པཱ་ཎིས་ཞལ་བསྟན་ནཱ་ལེནྡྲར། །རབ་ཏུ་བྱུང་བར་མཛད་ལ་གསོལ་བ་འདེབས། །དེ་ཚེ་བྲམ་ཟེ་ཆེན་པོ་ས་ར་ཧས། །ཚེ་དཔག་མེད་པ་འཆི་བདག་འཇོམས་པ་ཡི། །སྨིན་བྱེད་དབང་བསྐུར་བྱིན་གྱིས་བརླབས་པའི་མཐུས། །འཆི་མེད་རིག་འཛིན་བརྙེས་ལ་གསོལ་བ་འདེབས། །དེ་དུས་མུ་གེ་ཆེན་པོ་ལོ་སྐོར་དུ། །བྱུང་བས་གསེར་འགྱུར་རྩི་ཡིས་ལོ་མང་པོར། །ནཱ་ལེནྡྲ་ཡི་དགེ་འདུན་མཐའ་དག་ལ། །འཚོ་བའི་ཡོ་བྱད་སྦྱར་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[25]། དེ་ནས་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས་སོ། །དེ་ནས་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་གྲགས་སོ། །དེའི་ཚེ་ནཱ་ལེནྡྲའི་དགེ་འདུན་གྱི་ཞལ་ཏ་བ་བྱས། ཞེས་སོགས་གསུངས་ལ། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས་[26]ཀྱང་། ཤཱཀྱ་བཤེས་གཉེན་གྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ལ། དེའི་སློབ་མ་འབར་བའི་གཙོ་བོ། མཚན་དེ་ཝ་ཀ་ར། དེས་ཀླུ་སྒྲུབ་ཀྱང་མཇལ་ནས་རིག་པའི་གནས་ཐམས་ཅད་ལ་མཁས་པར་གྱུར་པས་ཤོད་ཅིག་པར་དཔོན་སློབ་གཉིས་ཀས་གདམས་ཏེ། ནཱ་ལནྡྲར་འཆད་ཉན་བྱེད་པའི་དུས། མུ་སྟེགས་མང་པོ་རྩོད་པས་ཕམ་པར་བྱས་པས། ཐམས་ཅད་ཀྱིས་རྒྱལ་བའི་ལྷར་མཚན་གསོལ་ཅེས་ཨ་བྷྱ་གསུངས། དེས་ཐུན་མོང་གི་དངོས་གྲུབ་ཕྲན་ཚེགས་བརྙེས་ཏེ་གདུགས་ཡུ་བ་མེད་པ་ནམ་མཁའ་ལ་འཇོག་ཤེས། ཌཱ་མ་རུ་ནམ་མཁའ་ལ་འཕངས་པས་མུ་སྟེགས་རྣམས་ཀྱི་རྩོད་པ་བཟློག་ནུས་པ་ཡོད་པས་མངོན་པའི་ང་རྒྱལ་སྐྱེས་ཏེ་བླ་མ་གཉིས་ཀྱི་བཀའ་བཅག །ཟག་ཟད་སྡེ་ལ་ནཱ་ལེནྡྲ་གཏད། ཅེས་གསལ་བ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་དུས་ནས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་བཞེངས་ཟིན་ཅིང་། འཆད་ཉན་དར་ལ། ལྷག་པར་མུ་སྟེགས་པ་མང་པོ་རྩོད་པས་ཕམ་པ་མཛད་པ་སོགས་ཀྱི་ཚུལ་ནི་བོད་ཀྱི་མཁས་པས་རང་གར་བྲིས་པ་ཞིག་མིན་པར་ཐེག་ཆེན་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་ཅིང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་ཁུར་བཞེས་མྱོང་བ་རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་སྙན་གྲགས་ཅན་སློབ་དཔོན་ཨ་བྷྱ་ཀ་ར་སྟེ་འཇིགས་མེད་འབྱུང་གནས་སྦས་པས་གསུངས་པས་ཁུངས་ཤིན་ཏུ་བཙན་ནོ།།

དེ་ལྟར་རྒྱ་དཀར་ནག་བོད་དང་བཅས་པའི་པཎ་གྲུབ་གྲགས་ཅན་རྣམས་ཀྱི་ཁྲོད་ནས་སློབ་དཔོན་ཨ་བྷ་ཡཱ་ཀ་ར་དང་། ཙ་མི་ལོ་ཙཱ་བ་ཆེན་པོ། པ་ཚབ་ལོ་ཙཱ་བ། སྒྲ་སྒྱུར་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། བུ་སྟོན་རིན་ཆེན་གྲུབ། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པ། འབྲི་གུང་ཀུན་དགའ་རིན་ཆེན། ཤཱཀྱའི་དགེ་སློང་བསོད་ནམས་ལྷའི་དབང་པོ། རྗེ་བཙུན་གྲགས་པ་བཤད་སྒྲུབ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེ་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། ཀུན་མཁྱེན་པདྨ་དཀར་པོ་ལ་སོགས་པས་མགོན་པོ་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཛད་པོའི་མཛད་འཁུར་བཞེས་པར་མ་ཟད། སྐབས་དེར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དགེ་འདུན་གྱི་ཚོགས་ཀྱང་ཤིན་ཏུ་འཕེལ་བར་གསུངས་པས། རྣམ་དཔྱོད་འགྲན་ཟླ་བྲལ་བའི་སྐྱེས་ཆེན་དམ་པ་འདི་དག་གིས་མཛད་པའི་བསྟན་བཅོས་ཚད་ཐུབ་དག་ལའང་ཡིད་ཆེས་དང་རིན་ཐང་ཞིག་སྤྲོད་དགོས་ངེས་རེད་སྙམ་མོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དྷརྨ་ཀཱིརྟི་ཤཱསྟྲམ། ༼ཏ༽ ༼ཀ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༡བ༥

[2] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༢༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༩༢

[3] ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༨༡

[4] ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༣༠

[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༩༢

[6] ཀུན་དགའ་རིན་ཆེན་གྱི་གསུང་འབུམ། པོད་ཀ། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༩བ༥

[7] ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ སེར་གཙུག་ནང་བསྟན་དཔེ་རྙིང་་ཕྱོགས་སྒྲིག་ཁང་། ༢༠༠༩ ལོ། ཤོག་ ༡༠

[8] བཀའ་གདམས་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་། བྲིས་མ། ཤོག་གྲངས་ ༧ན༢

[9] གཞུང་ཆེན་བཅུ་གསུམ། པོད། ༼༥༽ ཤིང་དཔར་དཔེ་ཐུང་། ཤོག་གྲངས་ ༡ན༡

[10] ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༨༤

[11] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༤༨

[12] ཀུན་མཁྱེན་བཀའ་འབུམ། ༼ད༽ ཤིང་དཔར། ཤོག་གྲངས་ ༡༤ན༥

[13] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༢༢

[14] ཆོས་ཀྱི་གྲགས་པའི་གསུང་འབུམ། པོད། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༡བ༣

[15] རྩ་ཤེས་ཀྱི་ཊཱིཀ་སྒྲོན་མ་གསལ་བར་བྱེད་པ། བླ་རུང་ལྔ་རིག་ནང་བསྟན་སློབ་ཆེན། ཤོག་གྲངས་ ༡ ནས་༦ བར།

[16] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༢༠

[17] ས་ཆ་འདི་ཚོང་པ་ལྔ་བརྒྱས་རིན་གྱིས་ཉོས་ནས་སངས་རྒྱས་ལ་ཕུལ་བ་ཞིག་ཡིན་ཚུལ་རྒྱའི་གནས་སྐོར་བ་ཐང་སན་བླ་མའི་ཉིན་ཐོ་རུ་གསལ།

[18] མའི་མིང་ཤཱ་རི་ཀ །དེའི་བུ་ཡིན་པས། ཤཱ་རིའི་བུ། ཤཱ་རི་དྭ་ཏིའི་རིགས་ལས་འཁྲུངས་པས་དེའི་བུ། ཞེས་ཀུན་མཁྱེན་པདྨ་དཀར་པོའི་ཤེས་རབ་སྙིང་པོའི་རྣམ་བཤད་དུ་གསལ། ཡང་དེར་ཤཱ་ར་དང་། ཤཱ་རི་ཞེས་དག་སྡེབ་མི་འདྲ་བ་གཉིས་སྣང་།

[19] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༤༠༢

[20] མཚན་ཞབས་པ་སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་དང་། མཚན་ཞབས་ཚ་སྤྲུལ་ངག་དབང་བློ་བཟང་རྣམ་གཉིས་ཀྱིས་བསྒྲིགས་པའི་ལྷ་སའམ་ཞོལ་བཀའ་འགྱུར་གྱི་དཀར་ཆག །བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་པ་འདི་ཉིད་མཛད་དོ།།

[21] བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། ༼༡༠༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ཤོག་གྲངས་ ༤༠༨

[22] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་། ༡༤ པ། ༡༩༩༥ ལོ། ཤོག་གྲངས་ ༡༦༣༡

[23] འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་ ༢༧ ནས་ ༧༧ བར།

[24] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

[25] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༦

[26] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༥༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༦༡ ནས་ ༡༨༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *