༤༽ མོངྒལ་བུའི་རྣམ་ཐར་སྙིང་བསྡུས།
དེ་ཡང་སྟོན་པའི་མཆོག་ཟུང་རྣམ་གཉིས་ཀྱི་ཡ་གྱལ་མོའུ་གལ་གྱི་བུ་ནི། ཡུལ་ཤིང་རྟ་ཅན་དུ་མིའུ་འགལ་གྱི་རིགས་སུ་སྐྱེས་པས་མིའུ་འགལ་གྱི་བུ་དང་། ལྷ་ལ་གསོལ་བ་བཏབ་ནས་སྐྱེས་པས་པང་ནས་སྐྱེས་ཞེས་བཏགས་པའི་[1]རྣམ་ཐར་ནི། རོང་སྟོན་ཤེས་བྱ་ཀུན་རིག་ (1367-1449) གིས་མཛད་པའི་ཉེ་བའི་སྲས་མཆོག་ཟུང་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ལས[2]།
རྫུ་འཕྲུལ་སྟོབས་ཀྱིས་སྟོང་གསུམ་བརྒྱད་ཁྲི་དག །སྐད་ཅིག་གཅིག་ལ་བགྲོད་པའི་རྫུ་འཕྲུལ་དང༌། །
ངོ་མཚར་དཔག་མེད་སྟོན་པའི་རྫུ་འཕྲུལ་གྱིས། །འགྲོ་བ་དཔག་མེད་བསྟན་ལ་འགོད་པར་མཛད། །
རབ་འཇིགས་རྫུ་འཕྲུལ་ཆེར་ལྡན་པས། །བདུད་ཀྱི་དཔུང་ཚོགས་ཀུན་འཇོམས་ཤིང༌། །
ལེགས་ཚོགས་ཐམས་ཅད་འབྱུང་བའི་གཏེར། །རྫུ་འཕྲུལ་ཆེ་མཆོག་ཁྱོད་ལ་འདུད། །
ཅེས་བསྟོད་ཕྱག་མཛད་ཡུལ་རྫུ་འཕྲུལ་ཅན་གྱི་མཆོག་གྱུར་མཽངྒལ་བུ་ (Maudgalyana) ནི་གྲོང་ཁྱེར་ཤིང་ཐགས་ཅན་དུ་བྲམ་ཟེ་གྲུ་འཛིན་ལ་སྲས་མེད་པར་ལྷ་ལ་གསོལ་བ་བཏབ་པས། ལྷའི་པང་ནས་སྐྱེས་པ་ལྟ་བུར་བྱུང་བས་པང་ནས་སྐྱེས་ཞེས་གསོལ། དེ་དག་ནར་སོན་པ་ན་བྲམ་ཟེའི་རིག་བྱེད་ཐམས་ཅད་ལ་མཁས་པར་གྱུར་ཏེ། རིག་བྱེད་སློབ་པ་ལྔ་བརྒྱའི་སློབ་དཔོན་དུ་བཀུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་དུ་དུས་སྟོན་ཆེན་པོ་ཞིག་གི་སར། ཉེ་རྒྱལ་མཇལ་ཏེ་ཁོང་གཉིས་རབ་ཏུ་བྱུང་བར་མོལ་ཏེ། ཕྱི་རོལ་གྱི་སྟོན་པ་དྲུག་གི་དྲུང་དུ་བྱོན་ཏེ། ལམ་དང་བརྟུལ་ཞུགས་སོགས་དྲིས་པས་ཡིད་མ་ཚིམ་པར་ཕྱིར་ལོག་སྟེ། ཡང་དག་རྒྱལ་བ་ཅན་ལས་རབ་ཏུ་བྱུང་བས། ཇི་ཞིག་ནས་དེས་སངས་རྒྱས་ལུང་བསྟན་ནས་གཤེགས་པ་དེའི་ཚེ། འཕགས་པ་རྟ་ཐུལ་བསོད་སྙོམས་ལ་གཤེགས་པ་དང་མཇལ་ནས་ཆོས་ཞུས་པས་བདེན་པ་མཐོང་བ་དང༌། གྲོགས་པོ་ཉེ་རྒྱལ་དང་འགྲོགས་ནས་སངས་རྒྱས་ཉན་ཐོས་དང་བཅས་པ་མཇལ་དུ་བྱོན་པས། སངས་རྒྱས་ཀྱིས།
རྒན་པ་དང་ནི་གཞོན་ཡང་རུང༌། །གང་ལ་ཆོས་ནི་རྣམས་ཤེས་པ། །
དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །
ཞེས་གསུངས་ཏེ། ཁོང་གཉིས་ཚུར་ཤོག་གིས་བསྙེན་པར་རྫོགས། རྫུ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན། མཐར་དམྱལ་བའི་འགྲོ་བ་འདྲེན་པར་ཕེབས་ནས་རྫུ་འཕྲུལ་གྱིས་ཆར་ཕབ་པས་མནར་མེད་པའི་མེ་ལྕེ་སྐམ་པར་བྱས། ཤཱ་རི་བུས་ཏིང་ངེ་འཛིན་གྱིས་བསིལ་བར་བྱས་ནས་སྡུག་བསྔལ་གྱི་རྒྱུན་བཅད་པ་དང༌། དམྱལ་གནས་དེར་སྡུག་བསྔལ་གྱི་ཚོར་བས་ཉམས་ཐག་པ། མུ་སྟེགས་སྟོན་པ་འོད་སྲུང་རྫོགས་བྱེད་ཀྱིས་འཕྲིན་བསྐུར་བ་མུ་སྟེགས་རྣམས་ལ་བཟླས་པས་དེ་རྣམས་རབ་ཏུ་ཁྲོས་ཏེ་སྐུ་ལུས་འདམ་བུ་བཞིན་བཅོམ་པ་ཤཱ་རིའི་བུས་མཁྱེན་ཏེ་དྲུང་དུ་ཕེབས་ནས། གྲོགས་པོ་དམ་པ་སྟོན་པའི་ཉན་ཐོས་རྣམས་ཀྱི་ནང་ནས་རྫུ་འཕྲུལ་མཆོག་ཏུ་གསུངས་ན་རྫུ་འཕྲུལ་བསྟན་པར་མ་ནུས་སམ་གསུངས་པས། དེའི་དུས་སུ་ནི་སྔར་གྱི་ལས་ཀྱིས་ནོན་པས་རྫུ་བ་ཙམ་ཡང་མ་དྲན་ན། འཕྲུལ་བ་ལྟ་ཡང་ཅི་སྨོས་ཞེས་གསུངས་ཏེ། རང་བཞིན་གྱི་མི་ཕལ་པ་ཞིག་དང་ཁྱད་མེད་པ་ལྟ་བུར་གྱུར་ཏེ། ཤཱ་རིའི་བུས་ཆོས་གོས་ཀྱིས་དཀྲིས་ནས་ཁུར་ཏེ་རྒྱལ་བྱེད་ཚལ་དུ་འོངས་པ་ན། གྲོགས་པོ་ཤི་བ་ཐོས་པ་ཡང་མི་བཟོད་ན། མཐོང་བ་ལྟ་ཅི་ཞེས་གསུངས་ནས་དགྲ་བཅོམ་པ་མང་པོ་དང་ལྷན་ཅིག་ཏུ་སྐུ་མྱ་ངན་ལས་འདས། དེ་འཕྲལ་མོངྒལ་གྱི་བུ་ཆེན་པོ་ཡང་རང་གི་འཁོར་དང་ལྷན་ཅིག་ཏུ་མྱ་ངན་ལས་འདས་པར་གྱུར་པ་དང༌། དེ་ནས་རིང་པོར་མི་ཐོགས་པ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པས་སུམ་ཅུ་རྩ་གསུམ་སོགས་པའི་ལྷ་རྣམས་ཀྱིས། ད་ནི་སངས་རྒྱས་ཀྱི་བསྟན་པ་ནི་མེ་ཤི་བའི་དུད་པ་དང་འདྲ་བར་འགྱུར་རོ། །ཞེས་འཕྱ་བར་བྱེད་པའི་དུས་སོ། །[3]ཞེས་བྱུང་ངོ་།།
ཐང་སན་ (603-664) ལམ་ཡིག་ལས[4]། དེའི་ཤར་ཕྱོགས་སུ་རྒྱང་གྲགས་ཉི་ཤུ་ལྷག་བགྲོད་པ་ན་ཀ་ལ་བི་ན་ཀའི་ལྗོངས་སོ། །དེར་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་ཤཱ་རིའི་བུ་བལྟམས་པའི་གནས་ཏེ་དེ་ཉིད་ཀྱི་ཁྱིམ་ཤུལ་ཡོད་དོ། །དེའི་ལོགས་སུ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་དེ་ཉིད་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་ནོ། །འཕགས་པ་དེ་ནི་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་འཁྲུངས་ཏེ། ཡུམ་གྱི་མིང་ཤཱ་རི་ཀ་ཟེར། ནུབ་ཅིག་ཡུམ་གྱི་རྨི་ལམ་ན། སྐྱེས་བུ་གསེར་གྱི་གོ་ཆ་གྱོན་པ་ཕྱག་ན་རྡོ་རྗེ་ཐོགས་པ་ཅིག་གིས་རྡོ་རྗེ་གསོར་ཞིང་རི་བྲག་ཐམས་ཅད་ཐལ་བར་བརླག །རི་བྲག་མཐོན་པོ་ཚིག་སྐྱ་གཅིག་ལུས་པའི་རྩ་བར་འགྱེལ་ཏེ་འདུག་པ་རྨིས་སོ། །སད་ནས་ཁྱོ་ཤུག་ལ་བཤད་པས་ཁྱོད་ཀྱི་རྨི་ལྟས་བཟང་པོ། རྒོལ་བ་ཐམས་ཅད་རྨེག་མེད་དུ་བཅོམ་པའི་སྐྱེས་བུ་འགྲན་གྱི་དོ་ཟླ་མེད་པ་གཅིག་ལ་བརྟེན་པར་ལུང་བསྟན་ནོ། །མི་རིང་བར་སྲོག་ཆགས་དང་ལྡན་པར་གྱུར་ནས་ཟླ་བ་བཅུ་རྫོགས་པ་ན་འཕགས་པ་ཤཱ་རིའི་བུ་འཁྲུངས་སོ། །རིམ་གྱིས་ལོ་བརྒྱད་ལོན་པ་ན་རིག་པ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ཏོ།།
འཕགས་པ་མོའུ་འགལ་གྱི་བུ་དང་ཆུང་གྲོགས་བྱས་ཏེ་སྤྱོད་པར་འཕགས་པ་མོའུ་འགལ་གྱི་བུ་ནི་ཕྱི་རོལ་པའི་མཁས་པ་ཤན་ཙི་ཡེ་ལ་བསྟེན་ནོ། །ཤཱ་རིའི་བུས་དེའི་གྲུབ་མཐའ་དྲིས་པས་མཐར་ཐུག་པའི་ཡང་དག་པའི་ལམ་མ་ཡིན་པར་རྟོགས་སོ། །ལན་ཅིག་གྲོང་དུ་འཇུག་པའི་ལམ་བར་ན་འཕགས་པ་རྟ་ཐུལ་དང་མཇལ་ཏེ་དམ་པའི་ཆོས་ཐོས་པ་ཙམ་གྱིས་རྒྱུན་ཞུགས་ཐོབ་པ་སོགས་སྔར་བཤད་པ་བཞིན་ནོ། །དེ་ནས་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་སྟོན་པ་ཚོལ་བ་ན་སྟོན་པས་རྒྱང་རིང་པོ་ནས་གཟིགས་ཏེ་ལུང་བསྟན་པ་སོགས་འཕགས་པ་མོའུ་འགལ་གྱི་བུའི་སྐབས་དང་འདྲ་བ་ལ། དེའི་ཟླ་བ་ཕྱེད་ཙམ་ན་ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོ་མཉན་པའི་རྐྱེན་གྱིས་དགྲ་བཅོམ་ཐོབ་བོ། །ཕྱིས་སུ་འཕགས་པ་ཀུན་དགའ་བོ་ལས་སྟོན་པ་མྱ་ངན་ལས་འདའ་བར་བཞེད་པ་ཐོས་པས་མ་བཟོད་ནས་མྱ་ངན་ལས་འདས་སོ། །ཞེས་གསལ་བ་ལྟར། གནས་བརྟན་མཽངྒལ་གྱི་བུ་ནི། གྲོང་ཁྱེར་ཤིང་ཐགས་ཅན་གྱི་བྲམ་ཟེ་གྲུ་འཛིན་གྱི་སྲས་སུ་སྐུ་འཁྲུངས། དེ་ཡང་གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འདས་ལོ་གཞིར་བྱས་ན། ཕྱི་ལོའི་སྔོན་གྱི་ལོ་ ༥༠༠ ལྷག་ཅིག་གི་ནང་དུ་བྱོན་སྙམ། གནས་བརྟན་ཆེན་པོ་འདིས་རྒྱུ་གདགས་པའི་བསྟན་བཅོས་དང་། འཇིག་རྟེན་བཞག་པ་སོགས་མཛད་དོ།།

(རྫུ་འཕྲུལ་ཅན་གྱི་མཆོག་གྱུར་མོངྒལ་བུའི་འཁྲུངས་ཡུལ།)
གཞན་ཡང་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ལས[5]། ནཱ་ལནྡཱའི་གཙུག་ལག་སློབ་གཉེར་ཁང་གསར་པ་ནས་སྤྱི་ལེ་ ༡ ཙམ་གྱི་སའི་གཡོན་ཕྱོགས་ཞིང་ཁའི་དཀྱིལ་དུ་མཽངྒལ་གྱི་བུའི་འཁྲུངས་གནས་ཡོད། དེར་དེང་སང་མཆོད་རྟེན་ཞིག་རོ་དེའུ་འབུར་ལྟ་བུའི་སྟེང་ལྷ་ཁང་ཞིག་བཞེངས་འདུག །དེའི་ནང་སངས་རྒྱས་ཀྱི་སྣང་བརྙན་བྱོན་ཤིན་ཏུ་ལེགས་པ་ཞིག་བཞུགས། སྐུ་དེ་སྐུ་བརྙན་གཞན་དང་བསྡུར་ན་ཆག་འཇིག་དེ་ཙམ་བྱུང་མི་འདུག །ཕྱག་མཛུབ་སོགས་ལ་སྐྱོན་ཅུང་ཙམ་ཡོད་ཀྱང་བཞུགས་ཁྲི་དང་སྐུའི་རྒྱབ་ཡོལ་སོགས་ཆ་ཚང་བ་ཡོད། སྔར་གནས་འདིར་ཕེབས་པའི་རྒྱའི་བཙུན་པ་ཧྥ་ཤཱན་དང་། ཐང་སན་ཙང་ཁོང་རྣམ་གཉིས་ཀྱི་ཟིན་བྲིས་ནང་ཤཱ་རིའི་བུ་དང་། མཽངྒལ་གྱི་བུའི་འཁྲུངས་གཤེགས་ཀྱི་གནས་ཆ་ཚང་འདི་ཡིན་པ་བསྟན་པར་མ་ཟད། ད་དུང་གྲོང་གསེབ་ནང་མིང་རང་འཇགས་ཡིན་ཅིང་། དེའི་བུ་ལ་ཤཱ་རིའི་བུདཏིར་ཟེར། དོན་ལ་ཤཱ་རིའི་བུ་ཟེར་བ་ཡིན། དེ་ལྟར་མཽངྒལ་བུ་ནི་ཁ་ཤས་ཀྱིས་དེང་སང་མ་དྷེ་ཡ་པྲ་དེ་ཤའི་རྒྱལ་ས་བྷོ་པལ་ནས་ཡིན་ཟེར་ཡང་། ཁོང་སྐུ་གཤེགས་ས་ནཱ་ལནྡཱ་ཡིན་སྟབས་མཆོད་རྟེན་དེ་ཁོང་གི་གདུང་རྟེན་དུ་བཞེངས་པ་ཡིན་ཚོད། གང་ལྟར་ཁྱེད་རྣམས་ནཱལནྡཱར་ཕེབས་སྐབས་ངེས་པར་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་དགེ་ཕྲུག་གི་མཆོག་དང་། རང་རེའི་སློབ་དཔོན་ལྟ་བུའི་སྐྱེས་བུ་དམ་པ་ཁོང་ཚོའི་གནས་སུ་སླེབས་ཐུབ་པ་བྱེད་གལ་ཆེ་བ་ཡིན་ལ། དེའི་རྒྱུ་མཚན་ཞིབ་པར་སྨོས་ཅི་དགོས། ཞེས་གསལ་ལོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༢༤
[2] ཤེས་བྱ་ཀུན་རིག་གི་གསུང་འབུམ། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥༠ན༤
[3] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༡༡༤
[4] ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༣༣
[5] རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག །འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༦
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༩༡ ནས་ ༩༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།