༣༽ ཤཱ་རིའི་བུའི་ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས།

༣༽ ཤཱ་རིའི་བུའི་ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས།

༡) ཤཱ་རིའི་བུའི་ཡུམ་གྱི་ལོ་རྒྱུས།

 

ཕྱི་ལོའི་སྔོན་གྱི་ལོ་ ༥༤༠ ཡས་མས་ཤིག་ཏུ་རྒྱ་གར་ཡུལ་དབུས་མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡུལ་ན་བྲམ་ཟེའི་ལས་དྲུག་གི་རིག་བྱེད་དང་། རིག་བྱེད་ཀྱི་ཡན་ལག་མཆོག་ཏུ་གྱུར་པ་མེ་ལྟ་བུའི་ཤེས་རབ་ཀྱིས་རང་གི་སྨྲ་བ་གསལ་བར་བྱེད་པ་དང་། གཞན་གྱི་སྨྲ་བ་ཚར་གཅོད་པ་ལ་རབ་ཏུ་མཁས་པའི་གནས་ལེན་གྱི་བུ་ཞེས་བྱ་བའི་བྲམ་ཟེ་མཁས་པ་ཞིག་ཡོད།

གནས་ལེན་གྱི་བུ་ནི་བྲམ་ཟེའི་རིག་བྱེད་ལ་མཁས་ཤིང་ཟླ་དང་བྲལ་བ་ཞིག་དང་། ཁྱད་པར་ཤེས་རབ་མཆོག་ཏུ་གྱུར་པས་ན། ཡུལ་དེ་བར་གནས་ལེན་གྱི་བུའི་འགྲན་ཟླར་བཟོད་པའི་བྲམ་ཟེ་ཞིག་ཉིན་མོའི་སྐར་མ་ལྟར་གྱུར། ནམ་ཞིག་ཡུལ་གཞན་ནས་རྩོད་དུ་ཡོང་བའི་བྲམ་ཟེ་ཞིག་སུས་ཀྱང་རྒོལ་བར་མ་ནུས་པར་ཡོད་པ་ལ་གནས་ལེན་གྱི་བུས་རྒྱལ་པོ་འཁོར་བཅས་ཀྱི་དབུས་སུ་ཚར་བཅད་པས་ཡུལ་དེའི་རྒྱལ་པོ་ཡང་ཤིན་ཏུ་དགྱེས་ཏེ། རང་ཅག་གི་ཡུལ་ན་འདི་ལྟ་བུའི་བྲམ་ཟེ་མཁས་པ་ཡོད་པ་ནི་བདག་ཅག་ཐམས་ཅད་ཀྱི་རྙེད་པ་ཀུན་གྱི་ནང་ནས་རྙེད་པའི་མཆོག་ཡིན། ཞེས་རྒྱལ་པོ་རང་ཉིད་ཀྱི་མཆོད་གནས་སུ་བཀུར་ཏོ། །དེ་ཚེ་ན་གནས་ལེན་གྱི་བུས་ཀྱང་རིགས་མཉམ་པ་ལས་ཆུང་མར་བླངས་ནས་དགའ་མགུར་རོལ་བ་ལ་བུ་ཁྱེའུ་ཞིག་བཙས་པ་ན་སྟོད་རིངས་པོ་ཡོད་པས་བྲམ་ཟེའི་བུ་སྟོད་རིངས་ཞེས་གྲགས་སོ།།

བྲམ་ཟེ་སྟོད་རིངས་ཆེར་སྐྱེས་ཏེ་བཙུན་མོའི་འཁོར་གྱིས་རོལ་བའི་དུས་ཤིག་ན་ཆུང་མར་བུ་མོ་ཞིག་བཙས། བུ་མོ་དེའི་མིག་གཉིས་ནི་བྱ་ཤཱ་རི་ཀཱ་དང་མཚུངས། ཉེ་དུ་རྣམས་འཚོགས་ཏེ་བཙས་སྟོན་རོལ་བཞིན་བུ་མོའི་མིང་ལ་ཅི་འདོགས་ཀྱི་གྲོས་མོལ་བྱས་མཐར་བུ་མོ་དེའི་མིག་གཉིས་ནི་བྱ་ཤཱ་རི་ཀཱ་དང་མཚུངས་པས་བུ་མོའི་མིང་ལའང་ཤཱ་རི་ཀཱ་ཞེས་བཏགས་ཤིང་བཙས་སྟོན་རྒྱ་ཆེར་བྱས། བུ་མོ་དེ་ཡང་ཆེར་སྐྱེས་པ་ན་ཡི་གེ་བསླབས་ཤིང་བྲམ་ཟེའི་རིག་པ་རྣམས་ཀྱང་མ་ལུས་པར་བསླབས། བུ་མོ་ཤཱ་རི་ཀཱ་བྱད་བཞིན་ལེགས་ཤིང་བྲམ་ཟེའི་རིག་བྱེད་ལ་ཧ་ཅང་མཁས་པ་དང་། སྒོས་སུ་བྲམ་ཟེའི་མེ་ལྟ་བུའི་ཤེས་རབ་ཀྱིས་རང་གི་སྨྲ་བ་གསལ་བར་བྱེད་པ་དང་། གཞན་གྱི་སྨྲ་བ་ཚར་གཅོད་པ་ལ་ཤིན་ཏུ་མཁས་པས་འགྲན་པའི་ཟླ་དང་བྲལ་བར་གྱུར། སྐབས་དེ་དུས་རྒྱ་གར་ནས་བྲམ་ཟེའི་བུ་མོ་སུ་ཞིག་མནའ་མར་ལེན་ན་སྔོན་ལ་བྲམ་ཟེའི་བུ་མོ་དེར་རིག་པ་བརྩད་ནས་དེ་ལས་རྒྱལ་ན་མནའ་མར་ལེན་ཐུབ་ལ། ཕམ་ན་མནའ་མར་མི་འགྲོ་བའི་སྲོལ་དར་ཡོད་པས། དེའི་བྲམ་ཟེའི་བུ་མོ་ཤཱ་རི་ཀཱ་ཆུང་མར་ལེན་ཐུབ་པའི་བྲམ་ཟེ་ཞིག་ཡུལ་དེ་ན་མེད་པར་གྱུར་ཏོ།།

བུ་མོ་ཤཱ་རི་ཀཱ་ཆེར་སྐྱེས་ཤིང་བསྲིངས་ནའང་ཡུལ་མ་ག་དྷཱ་ན་བུ་མོ་ཤཱ་རི་ཀཱའི་རྩོད་ཟླར་ལངས་ཏེ་རིག་བྱེད་རྩོད་ནུས་པའི་བྲམ་ཟེ་ཞིག་མེད་པར་གྱུར་པའི་དབང་གིས་ཉིན་ཞིག་བྲམ་ཟེའི་བུ་སྟོད་རིངས་རང་ཉིད་ཀྱིས་བུ་མོ་ཤཱ་རི་ཀཱ་འདི་བྲམ་ཟེའི་རིག་པ་རྣམས་ལ་ཇི་འདྲ་ཡིན་ནམ་སྙམ་ནས་བུ་མོ་དང་ལྷན་ཅིག་བྲམ་ཟེའི་རིག་པ་རྣམས་བརྩད་པ་ན། བུ་མོ་ཤཱ་རི་ཀཱ་རང་གི་ཕ་སྟོད་རིངས་ལས་ཀྱང་རྣམ་པར་རྒྱལ་བར་གྱུར་པས། བུ་མོ་ཤཱ་རི་ཀཱའི་སྙན་པ་དང་བྱད་བཞིན་གྱི་གྲགས་པ་སྔར་ལས་ཀྱང་ཕྱོགས་ཀུན་ཏུ་རྒྱས་པར་གྱུར། དེ་ལྟ་བུའི་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པའི་བུ་མོ་ཤཱ་རི་ཀཱ་འདི་ནི་ཉན་ཐོས་ཆེན་པོ་ཤཱ་རིའི་བུའི་སྐྱེད་ཡུམ་ཡིན་ནོ།།

དེའི་ཚེ་བྲམ་ཟེ་སྟོད་རིངས་ཀྱི་ཕས་བྲམ་ཟེ་སྟོད་རིངས་ལ་ཁྱེད་བུ་མོ་ཞིག་ལས་རྒྱལ་མི་ཐུབ་པ་འདིར་བལྟས་ན་ང་ཤི་རྗེས་རང་ཅག་གི་ལོངས་སྤྱོད་འདི་རྒོལ་བ་གཞན་གྱིས་བརྩད་ནས་འཕྲོག་པར་འགྱུར་རོ། །ཞེས་སྐྱོ་སེམས་དང་སྡུག་བསྔལ་གྱིས་སྨྲས་པས་བྲམ་ཟེའི་ཁྱེའུ་སྟོད་རིངས་བྲམ་ཟེའི་རིག་བྱེད་ཀྱི་གསང་ཚིག་འཚོལ་སླད་རྒྱ་གར་ལྷོ་ཕྱོགས་སུ་འཁྱམ་དུ་སོང་། སྟོད་རིངས་ཀྱི་ཕས་དེ་ལྟར་སྨྲ་བའང་དེ་དུས་རྒྱ་གར་དུ་སུ་རིག་བྱེད་ལ་མཁས་ན་ཡུལ་དེའི་རྒྱལ་པོས་དེ་ལ་སྐྱེད་མོས་ཚལ་དང་བཅས་པ་ལོངས་སྤྱོད་དུ་གཞུང་ནས་བཀོད་སྒྲིག་གནང་བཞིན་ཡོད་ལ། སྟོད་རིངས་ཀྱི་ཁྱིམ་རྒྱུད་ནི་ཡུལ་དེའི་རྒྱལ་པོས་གཞུང་ནས་བཀོད་སྒྲིག་གནང་བའི་སྐྱེད་མོས་ཚལ་དང་མཆོད་ཡོན་ཐོབ་ཡོད་པའི་བྲམ་རེའི་སློབ་དཔོན་ཆེན་མོའི་ཁྱིམ་རྒྱུད་ཡིན། གལ་སྲིད་བྲམ་ཟེ་གཞན་ཞིག་རྩོད་པའི་རིགས་པ་ལས་རྒྱལ་ཏེ་རྩེར་སོན་ན་གཞུང་གིས་གནང་བའི་སྐྱེད་མོས་ཚལ་སོགས་སྔར་ཐོབ་པ་དེ་ལ་མི་དབང་བར་ཕྱིས་རྒྱལ་བ་དེ་ལ་སྤྲོད་དགོས་པས་ཡིན་ནོ།།

 

༢) ཤཱ་རིའི་བུའི་ཡབ་ཀྱི་ལོ་རྒྱུས།

ཤཱ་རིའི་བུའི་ཡབ་ཀྱི་མཚན་ལ་བྲམ་ཟེ་སྐར་རྒྱལ་ཟེར་ཞིང་། ཁོང་གི་གྲུབ་མཐའ་ཕྱི་རོལ་རྒྱང་འཕེན་པ་ཡིན། ཤེས་རབ་འགྲན་ཟླ་བྲལ་བའི་བྲམ་ཟེ་སྐར་རྒྱལ་ལ་སློབ་མ་མང་བ་དང་། ཡུལ་ལྷོ་ཕྱོགས་ན་མཚན་སྙན་ཧ་ཅང་ཆེ། བྲམ་ཟེའི་ཁྱེའུ་སྟོད་རིངས་ཀྱང་ཡུལ་དབུས་ནས་ཕྱོགས་སུ་འཁྱམས་ནས་ཕྱོགས་མཐའི་སློབ་གྲྭ་ཆེན་མོ་མིང་ཆེ་ཡང་མིང་ལས་ད་དུང་དོན་ཆེ་བའི་བྲམ་ཟེ་སྐར་རྒྱལ་གྱི་དྲུང་དུ་ཡོང་ནས་སློབ་མར་ལེན་པར་ཞུས་ཤིང་། བྲམ་ཟེ་སྐར་རྒྱལ་ནི་རིག་པར་མཁས་པའི་རྩེ་མོར་སོན་པར་མ་ཟད། སྤྱོད་ལམ་ཡང་ཞི་ཞིང་དུལ་ལ་སྒམ་པ་ཞིག་ལགས་པས་ཁོང་གིས། སློབ་མ་ལ་རིག་པ་སློབ་པ་འདི་བྲམ་ཟེའི་ལས་ཡིན་གསུངས་ཏེ། ཁྱེའུ་སྟོད་རིངས་སློབ་མའི་གྲས་སུ་བླངས་པས་ཕྱིས་སྟོད་རིངས་ཀྱང་བྲམ་ཟེ་སྐར་རྒྱལ་གྱི་སློབ་མར་གྱུར་པས་རིག་པ་མང་པོ་རིམ་གྱིས་བསླབས།

ཁྱེའུ་སྟོད་རིངས་ཀྱིས་བྲམ་ཟེའི་སློབ་མ་གཞན་དང་འགྲོགས་ནས་ཤིང་འཐུ་བར་འགྲོ་སྐབས་བྲམ་ཟེའི་སློབ་མ་གཞན་རྣམས་ལ་ཁ་བརྡ་སྣ་ཚོགས་གླེང་། སྟོད་རིངས་ཀྱིས་ཡུལ་དབུས་ན་རང་ཅག་གི་མཁན་པོ་སྐར་རྒྱལ་ལས་ལྷག་པའི་མཁན་པོ་མཁས་པར་གྲགས་པ་ཆེ་བ་མང་བ་དང་། ཡུལ་དབུས་ཀྱི་སྐྱེ་བོ་རྣམས་གཏམ་སྙན་པར་སྨྲ་བ། ཤིང་འབྲས་སྣ་ཚོགས་ཡོད་ཚུལ་སོགས་ཡུལ་དབུས་ཀྱི་ཆེ་བ་མང་པོ་བརྗོད་པས་བྲམ་ཟེའི་སློབ་མ་རྣམས་ཀྱང་ཡུལ་དབུས་ལ་འགྲོ་འདོད་སྐྱེས་ཏེ། མཁན་པོ་སྐར་རྒྱལ་ལ་ཡུལ་དབུས་ན་མཁས་པ་མང་བས་མཁན་པོས་དེ་དག་རྩོད་པས་ཚར་བཅད་དེ། མཁན་པོའི་མཚན་སྙན་རྒྱས་པར་བྱས་ན། རང་ཅག་ལ་རྙེད་པ་དང་བཀུར་བསྟི་ཡང་འཕེལ་བར་འགྱུར། ཞེས་མཁན་པོ་ལ་ཡུལ་དབུས་སུ་འགྲོ་བར་ཡང་ཡང་བསྐུལ།

དེ་ལ་མཁན་པོ་སྐར་རྒྱལ་གྱིས་ཡུལ་གཞན་གྱི་དགེ་མཚན་ནི་གོ་ཐོས་བྱུང་ན་འགྲིག་པ་ལས་དངོས་སུ་དེར་འགྲོ་དགོས་དོན་མེད་ཚུལ་དང་། ལྷག་པར་ས་ཆེན་པོའི་སྟེང་ན་མཁས་པ་ཤིན་ཏུ་མང་བས་དེ་དག་ཐམས་ཅད་ལས་སུ་ཡང་རྒྱལ་མི་སྲིད། དེ་བས་རང་ཅག་རྣམས་རང་ས་ནས་བསྡད་པས་དགའ་ཞེས་ཡང་ཡང་གསུང་ཚུལ་ནི། འདུལ་བའི་མདོ་ལས[1]། བྲམ་ཟེ་སྐར་རྒྱལ་གྱིས་སྨྲས་པ། བུ་དག་ཇི་སྙེད་ཐོས་པ་དེ་སྙེད་བགྲོད་པར་བྱ་བ་ཡིན་ནམ། འདི་ལྟར་ཡུལ་དག་ནི་ཐོས་ན་དགའ་བར་འགྱུར་བ་ཡིན་པས་མཉན་པར་བྱའི་བགྲོད་པར་ནི་མི་བྱའོ། །ཞེས་དང་། ཡང་། བུ་དག་ཅི་ཁོ་བོ་ན་རེ་སའི་སྟེང་ན་ཁོ་བོ་གཅིག་པུ་སྨྲ་བ་ཁོ་ན་ཡིན་གྱི་སྨྲ་བ་གཞན་འགའ་ཡང་མེད་དོ་ཞེས་ཟེར་རམ། ས་ནི་རིན་པོ་ཆེ་མང་པོ་འཛིན་པ་ཡིན་པས་ས་གཞི་ནི་མཛེས་པ་མཛེས་པ་དག་གིས་གང་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཁོང་མི་ཕེབས་པར་ཡང་ཡང་གསུངས་ཀྱང་བྲམ་ཟེའི་སློབ་མ་མང་པོས་ཕེབས་དགོས་པར་བསྐུལ་བ་དང་། མཐར་སྐར་རྒྱལ་གྱི་སློབ་མ་རྣམས་ཀྱིས་སློབ་དཔོན་མཁན་པོ་མི་ཕེབས་ན་ཁོ་བོ་ཅག་ཡུལ་དབུས་སུ་འགྲོ་འོ་ཟེར་ཏེ་ཨུ་ཚུགས་ཡང་ཡང་བྱས་རྐྱེན་མཁན་པོ་སྐར་རྒྱལ་ནི་སློབ་མ་རྣམས་ལ་ཤིན་ཏུ་རྗེས་སུ་བརྩེ་བ་ཅན་ཞིག་ལགས་པས་ཐབས་མ་བྱུང་བར་ཤིང་ཤུན་དང་། དབྱུ་གུ་དང་། བླུགས་གཟར་དང་། དགང་གཟར་དང་། རིལ་བ་རྣམས་སློབ་མ་རྣམས་ལ་འཁུར་དུ་བཅུག་ནས་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་ཡུལ་དབུས་སུ་སོང་།

ཡུལ་དབུས་མ་ག་དྷའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡོད་སར་སོང་སྟེ། ཡུལ་འདི་ན་བགྲོ་གླེང་བྱེད་མཁན་ཡོད་ན་བདག་གིས་རྔོ་ཐོགས་པར་བགྱིའོ་ཞེས་སྨྲས། རྒྱལ་པོ་གཟུགས་ཅན་སྙིང་པོས་གྲོང་ན་ལ་ད་ན་བཞུགས་པའི་བྲམ་ཟེ་གནས་ལེན་བུ་གདན་དྲངས་ནས་བྲམ་ཟེ་སྐར་རྒྱལ་དང་ལྷན་ཅིག་རྩོད་དུ་འཇུག་སྐབས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཀའ་སྩལ་པ། སུ་རྒྱལ་ན་བདག་གིས་སྔར་གནས་ལེན་གྱི་བུ་ལ་སྩལ་པའི་ལོངས་སྤྱོད་རྣམས་དེར་ཐོབ་བོ་ཞེས་བཀའ་བསྒོས་ཤིང་། བྲམ་ཟེ་སྐར་རྒྱལ་འགྲོན་པོ་ཡིན་པས་ཕྱོགས་སྔ་མ་བྱེད་དུ་ཆུགས། ཞེས་གསུངས། དེར་བྲམ་ཟེ་སྐར་རྒྱལ་གྱིས་ཁོ་བོ་ལས་གནས་ལེན་བུ་འདི་ལོ་ན་བགྲེས་པས་ཁོང་ཕྱོགས་སྔ་མ་བགྱིད་པར་མཛོད་ཅེས་གསོལ་བས་གནས་ལེན་གྱི་བུས་ཀྱང་ཕྱོགས་སྔ་མ་མཛད། གནས་ལེན་གྱི་བུས་སྐར་རྒྱལ་འདིར་རྩོད་པས་རྒོལ་དཀའ་བར་དགོངས་ནས་བྲམ་ཟེའི་རྒྱུད་ཆགས་ལྔ་བརྒྱ་བཟླས་ཏེ་ཚིག་གི་སྤྲོས་པ་མང་པོ་སྤུངས་ནའང་། སྐར་རྒྱལ་གྱིས་དེ་དག་རེ་རེ་ཕར་བཟླས་ཤིང་ནང་འགལ་དང་སྐྱོན་སྣ་ཚོགས་བཏགས་པས་གནས་ལེན་གྱི་བུ་སྨྲ་བ་མེད་པར་གྱུར། དེའི་ཚེ་ན་བྲམ་ཟེ་སྐར་རྒྱལ་གནས་ལེན་གྱི་བུ་ལས་རྣམ་པར་རྒྱལ་བ་དང་། གནས་ལེན་གྱི་བུ་བྲམ་ཟེ་སྐར་རྒྱལ་ལས་ཕམ་པར་གྱུར་ཏོ།།

དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་སྔར་བྲམ་ཟེ་གནས་ལེན་གྱི་བུ་བྲམ་ཟེ་གཞན་དང་བརྩད་ནས་རྒྱལ་བ་ལ་གསོལ་རས་སུ་གནང་བའི་གྲོང་ན་ལ་ད་དེ་བྲམ་ཟེ་གནས་ལེན་གྱི་བུ་ལས་བླངས་ནས་བྲམ་ཟེ་སྐར་རྒྱལ་ལ་ཕུལ། གནས་ལེན་གྱི་བུ་སེམས་རབ་ཏུ་ཞུམ་སྟེ།

མི་ནི་གཞན་གྱི་ཡུལ་ན་གནས་བླ་ཡི། །རང་གི་ཡུལ་ན་ཟིལ་གནོན་གནས་པ་མིན།།

མི་ནི་གང་ན་ཟིལ་གནོན་མེད་གནས་པ། །དེ་ཉིད་རང་ཡུལ་དེ་ན་གཉེན་ཡང་ཡོད།།[2]

ཅེས་ཚིགས་བཅད་ཅིག་བྲིས་ནས་ཡུལ་གཞན་དུ་འགྲོ་བར་བརྩམས་པ་ན། ཞི་ཞིང་དུལ་བར་གནས་ལ་ཤེས་རབ་ཆེ་བའི་བྲམ་ཟེ་སྐར་རྒྱལ་གྱིས་གནས་ལེན་གྱི་བུ་ལ་ཁྱེད་སྔར་ནས་གྲོང་ན་ལ་དའི་བདག་པོ་ཡིན་པས་ཡུལ་གང་དུ་ཡང་མ་འགྲོ་བར་སྔར་བཞིན་གྲོང་ན་ལ་དར་བཞུགས་ཤིག །ཁོ་བོ་གློ་བུར་དུ་ཡོང་བ་ཡིན་པས་ཁྱེད་ཀྱི་གྲོང་ན་ལ་ད་འཕྲོགས་ག་ལ་འོས། འགྲོ་དགོས་པ་ནི་ཁོ་བོ་འོ་ཟེར་ནས་འགྲོ་བར་བརྩམས་ནའང་། རྒྱལ་པོ་གཟུགས་ཅན་སྙིང་པོས་གྲོང་ན་ལ་ད་བྲམ་ཟེ་སྐར་རྒྱལ་ལ་སྩལ་པའི་བཀའ་ཕབ་ཡོད་པས་འགྲོ་ཡང་མ་ཐུབ། མཐར་བྲམ་ཟེ་སྐར་རྒྱལ་དང་གནས་ལེན་གྱི་བུ་གཉིས་གྲོས་བྱས་ཏེ་གྲོང་ན་ལ་ད་ཕྱེད་ཕྱེད་འཛིན་པར་འཆམ་མོ།།

 

༣) ཤཱ་རིའི་བུའི་ཡབ་ཡུམ་གཉིས།

སྤྱིར་ན་རིག་བྱེད་ལ་མཁས་པའི་བྲམ་ཟེ་མོ་རྣམས་བྲམ་ཟེ་གཞན་གྱི་ཆུང་མར་འགྲོ་ན་རྩ་བའི་ཆ་རྐྱེན་གཅིག་ཡོད་པ་ནི། ཁྱོ་བོ་དེ་དང་རིག་པ་བརྩད་དེ་ཁྱོ་བོ་རྒྱལ་ན་དེའི་མཆིས་བྲང་དུ་འགྲོ་བ་ལས། རང་ལས་དམན་པའི་བྲམ་ཟེའི་ཆུང་མར་འགྲོ་བའི་སྲོལ་ཆེར་མེད། དེའི་ཕྱིར་ཤཱ་རིའི་བུའི་ཡབ་ཡུམ་གཉིས་ཀྱང་རིག་པ་བརྩད་དེ་གཅིག་ཏུ་འདུས་པ་ཞིག་ཡིན་ནོ།།

དེ་ཡང་གནས་ལེན་གྱི་བུའི་བསམ་པར་རྒྱལ་པོ་གཟུགས་ཅན་སྙིང་པོ་བདག་གིས་སྲུང་ནའང་བདག་ལ་མཐར་ངན་པར་བྱས། བྲམ་ཟེ་སྐར་རྒྱལ་འདི་ལ་རྒྱལ་པོས་གྲོང་ན་ལན་ད་བདག་ལས་བླངས་ཏེ་གནང་ནའང་ཕྱེད་བདག་སྩལ་པ་ནི། བདག་ལ་ཕན་ཆེན་པོ་བཏགས་པ་ཡིན་པས་འདི་ལ་བུ་མོ་ཤཱ་རི་ཀ་མཆིས་འབྲང་དུ་སྩལ་ཏོ་བསམས་ནས་ཆུང་མར་གྲོས་བྱས་པས་ཆུང་མའང་འཐད་ཅིང་སྟོད་རིངས་བོས་ཏེ་དྲིས། སྟོད་རིངས་ཀྱིས་སྐར་རྒྱལ་གྱིས་སྔར་ནས་དབང་བའི་གྲོང་ན་ལ་དའི་ཕྱེད་འཕྲོགས་པས་སྐར་རྒྱལ་འདི་རང་རེའི་དགྲ་ཡིན་པ་ལ་ཡོད་ཚད་དགྲ་འདི་ལ་སྟེར་བ་འདིར་ཁོ་བོ་མི་འཐད་དོ་གསུངས་ནས་མ་དགྱེས་ནའང་། སྟོད་རིངས་ཀྱི་ཚིག་དེར་མ་གསན་པར་བུ་མོ་ཤཱ་རི་ཀཱ་བྲམ་ཟེ་སྐར་རྒྱལ་གྱི་མཆིས་བྲང་དུ་སྟེར་རྒྱུ་ཐག་བཅད།

བུ་མོ་ཤཱ་རི་ཀཱས་གཏམ་དེ་ཐོས་པ་ན། ཁོ་མོ་སྐར་རྒྱལ་དང་ལྷན་ཅིག་བརྩད་དེ་ཕམ་ན་སྐར་རྒྱལ་གྱི་ཆུང་མར་འགྲོ་འོ། །ཞེས་ཁས་བླངས་པ་དང་། སྐར་རྒྱལ་ཡང་དོན་དེར་མོས་ཏེ་བུ་མོ་ཤཱ་རི་ཀཱ་དང་སྐར་རྒྱལ་གཉིས་བྲམ་ཟེའི་རིག་པ་རྣམས་ལ་བརྩད། བུ་མོ་ཤཱ་རི་ཀཱ་ནི་འགྲན་ཟླ་མེད་པར་གྱུར་ནའང་ལས་ཀྱི་རབ་ཏུ་བྱེད་པའི་དབང་གིས་ཉིན་དེར་བྲམ་ཟེ་སྐར་རྒྱལ་ལས་ཕམ་པར་གྱུར་པས། བུ་མོ་ཤཱ་རི་ཀཱས་བྲམ་ཟེ་སྐར་རྒྱལ་གྱི་ཆུང་མར་འགྲོ་རྒྱུ་ཁས་བླངས། དེ་ནས་བུ་མོ་ཤཱ་རི་ཀ་བྲམ་ཟེ་སྐར་རྒྱལ་གྱི་མཆིས་བྲང་དུ་སྩལ་པ་དང་། སྐར་རྒྱལ་གྱིས་ཀྱང་དཔལ་གྱི་འབྱོར་པ་རྒྱ་ཆེན་པོས་བུ་མོ་ཤཱ་རི་ཀཱ་བག་མར་བླངས།

བྲམ་ཟེའི་ཁྱེའུ་སྟོད་རིངས་ཀྱི་བསམ་པར་འདི་དག་གིས་བདག་གི་ཚིག་ལ་མི་བརྩི་བར་བུ་མོ་ཤཱ་རི་ཀཱ་དགྲའི་ཆུང་མར་སྟོབ་པ་ནི། བདག་ཐོས་པ་ཉུང་བས་གནད་ཀྱིས་སོ་སྙམ་སྟེ། སྐར་རྒྱལ་ལས་རྒྱལ་བའི་ཕྱིར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ཀུན་ཏུ་རྒྱུའི་དྲུང་དུ་སོང་ནས་རབ་ཏུ་བྱུང་ཞིང་། འཇིག་རྟེན་རྒྱང་འཕེན་གྱི་མན་ངག་ལ་བསླབས་ནས། ཇི་སྲིད་འཇིག་རྟེན་རྒྱང་འཕེན་གྱི་རིག་པའི་མཐིལ་མ་རྙེད་པ་དེ་སྲིད་དུ་བདག་སེན་མོ་མི་གཅད་དོ། །ཞེས་དམ་བཅས་ནས་སེན་མོ་རིངས་པོར་གྱུར་པ་ན་ཀུན་ཏུ་རྒྱུ་སེན་རིངས་ཞེས་ཀྱང་གྲགས་སོ།།

 

༤) མཇུག་ཞུ།

དེ་ཡང་སྐར་རྒྱལ་གྱི་བུ་ཉེ་རྒྱལ་བཅོམ་ལྡན་འདས་ཀྱི་དྲུང་ནས་རབ་ཏུ་མ་བྱུང་གོང་ཡོངས་གྲགས་སུ་མཚན་གསུམ་ཡོད་དེ། ཉེ་རྒྱལ་དང་། ཤཱ་རིའི་བུ། ཀུན་ཏུ་རྒྱུ་ཉེ་རྒྱལ་ཞེས་གྲགས་ཀྱང་བཅོམ་ལྡན་འདས་ཀྱི་དྲུང་ནས་ཚུར་ཤོག་གི་སྒོ་ནས་རབ་ཏུ་བྱུང་བ་དང་། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་མང་པོའི་དབུས་སུ་མ་འོངས་པར་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་འགྱུར་བར་ལུང་བསྟན་པ་ནས་ཉན་ཐོས་རྣམས་ཀྱི་ཁྲོད་དུ་ཤཱ་རིའི་བུ་ཞེས་མཚན་གཅིག་ཏུ་གྲགས་པ་ཡིན། དེ་བཞིན་ཤཱ་རིའི་བུ་དང་འགྲོགས་ནས་འགྲོ་མཁན་པང་ནས་སྐྱེས་ཞེས་པ་འདི་མཽང་གལ་གྱི་བུ་ཡིན། པང་ནས་སྐྱེས་ཀྱང་བཅོམ་ལྡན་འདས་ཀྱི་དྲུང་ནས་རབ་ཏུ་བྱུང་བ་ནས་བཟུང་སྟེ། སྔར་གྱི་མིང་གཉིས་ལས་མཽང་གལ་གྱི་བུ་ཞེས་པ་དེ་ཐོགས་ནས་མཚན་གཅིག་ཏུ་གྱུར་ཏོ།།

མདོར་དྲིལ་ན། ཉན་ཐོས་ཆེན་པོ་ཤཱ་རིའི་བུའི་ཁྱིམ་རྒྱུད་འདི་ནི་ཤེས་རབ་འགྲན་ཟླ་བྲལ་བའི་ཁྱིམ་རྒྱུད་ཅིག་དང་། མི་རབས་མང་པོར་རིག་པ་སློབ་པའི་བློ་གྲོས་ཀྱི་འདབ་ལག་ཧ་ཅང་རྒྱས་པའི་བྲམ་ཟེའི་ཁྱིམ་རྒྱུད་ཅིག་ཡིན་པ་ནི། ཉན་ཐོས་ཆེན་པོ་ཤཱ་རིའི་བུར་ཤེས་རབ་ཆེ་བའི་རྒྱུ་རྐྱེན་གཅིག་དང་། སྒོས་སུ་ཁོང་གི་མ་ཤཱ་རི་ཀ་ནི་ཤེས་རབ་མེ་ལྟར་མཆེད་ཅིང་འཇིག་རྟེན་འདིར་རིག་པ་སློབ་པ་ལས་གལ་ཆེན་གཞན་མེད་པར་བརྩི་བའི་མཁྱེན་རྒྱ་ཅན་ཞིག་ལགས་པས་ཤེས་རབ་ཅན་གྱི་མ་རྒྱུད་དེས་ཤཱ་རིའི་བུའི་རྒྱུད་ཀྱི་ཤེས་རབ་ལ་ཤུགས་རྐྱེན་ཆེན་པོ་སྩལ་ཡོད་པ་ནི་སྨོས་མ་དགོས་སོ། །དེར་བརྟེན་བོད་མིའི་བཤད་སྒྲོས་ལ་བུའི་བཟང་ངན་ཨ་མར་ཐུག །རྟའི་བཟང་ངན་རྒོད་མར་ཐུག །ཟེར་བའང་ཅིས་མ་བདེན་སྙམ་མོ།།[3]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ་གཞི། ༼ཀ༽ དེབ་ཨང་ ༡ པོ། ༢༠༠༩ ལོ། ཤོག་གྲངས་ ༢༥

[2] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ་གཞི། ༼ཀ༽ དེབ་ཨང་ ༡ པོ། ༢༠༠༩ ལོ། ཤོག་གྲངས་ ༢༩

[3] ཡུལ་རྩེ་གཞུང་སྟོད་ནས་སྐྱེས་པའི་བཙུན་གཟུགས་དགེ་འདུན་དཀོན་མཆོག་གིས་དཀར་མཛེས་དར་རྒྱས་དགོན་དུ་བསྡུས་ཆུང་འཛིན་གྲྭར་ཡིག་གཟུགས་བསྐྱར་ཁྲིད་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ་ཡིག་གཟུགས་ཁྲིད་ཞོར་དུ་བྲིས་པ་དགེའོ།།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༧༩ ནས་ ༩༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *