ག༽ དཔལ་ནཱ་ལེནྡྲའི་མཚན་གྱི་དག་སྡེབ།

ག༽ དཔལ་ནཱ་ལེནྡྲའི་མཚན་གྱི་དག་སྡེབ།

 

དེ་ཡང་ནཱ་ལེནྡྲ་ཞེས་པའི་མཚན་འདི་ཉིད་བོད་ཡིག་ཐོག་དག་སྡེབ་འབྲི་སྲོལ་མི་འདྲ་བ་ཤིན་ཏུ་མང་སྟེ། 1) ན་ལ་ད་དང་། 2) ནཱ་ལ་ད། 3) ན་ལནྡ། 4) ནཱ་ལནྡ། 5) ནཱ་ལནྡཱ། 6) ནཱལཱནྡཱ། 7) ནཱ་ལེཎྜ། 8) ན་ལནྡྲ། 9) ན་ལེནྡ། 10) ན་ལེནྡྲ། 11) ནཱལེནྡཱ། 12) ནཱལེནྡྲ། 13) ནཱ་ལེན་དྲ། 14) ན་ལེན་དྲ། 15) ནཱ་ལནྡྲཱ།

16) ནཱ་ལན་ཌཱ། 17) ནལནྡཱ། 18) ན་ལེན་ད། 19) ན་ལོའི་གྲོང་། 20) ན་ལེནྟྲ། 21) ནཱ་ལནྜ། 22) ན་ལེནྚ། 23) ནཱ་ལནྡྷ། 24) ནཱ་ག་ལེནྡྲ། 25) ནཱ་ལེནྜ། 26) ནཱ་ལེནྡ། 27) ནཱ་ལནྡྲ། 28) ན་ལེན་ཏྲ། 29) ནཱ་རེནྡྲ། 30) ནཱ་ལ་ཀ །31) ན་ཨ་ལམ་ད། 32) ནཱ་རེན་དྲ། 33) ནཱ་ལེནྡྲ། 34) བ་ལེནྡྲ་སོགས་འབྲི་སྲོལ་མི་གཅིག་པ་བཅུ་ཕྲག་གསུམ་ལྷག་ཡོད་པ་འདི་དག་ལ་དབྱངས་དང་རིང་ཆ་ཡོད་མེད་དང་། བརྩེགས་འདོགས་དང་བར་ཚེག་ཡོད་མེད། དག་དང་མ་དག་སོགས་སྣ་ཚོགས་ཤིག་གསལ་བས་བོད་ཡིག་ཐོག་འབྲི་སྲོལ་གཅིག་གྱུར་ཞིག་མེད་ཀྱང་། དེ་དག་གཙུག་ལག་ཁང་འདི་ཉིད་ཀྱི་མཚན་གྱི་དག་སྡེབ་འབྲི་སྲོལ་མི་འདྲ་བ་ཙམ་ལས་གདགས་གཞི་མི་འདྲ་བ་གཏན་ནས་མེད། འོན་ཀྱང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་ལས[1]། གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོར་རྒྱ་གར་གྱི་དགོན་པ་ནཱ་ལནྡྲ་དང་ནཱ་ལེནྡྲ་གཉིས་གཅིག་ཟེར་ཡང་ཐེ་ཚོམ་གཞི། ཞེས་ཐེ་ཚོམ་གྱི་གཞིར་གསུངས་ལ། དེ་བཞིན་དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་ལས[2]། དེ་ལྟར་ན་ནཱ་ལནྡ་དང་། ནཱ་ལེནྡྲ་གཉིས་སོ་སོར་བྱ་དགོས་སོ། །ཞེས་འགོས་ལོ་དང་དབྱངས་ཅན་དགའ་བློ་སོགས་ཀྱིས་ཨོ་ཏནྟ་པུ་རིའི་ཉེ་འཁོར་ན་ནཱལནྡཱ་གཞན་ཞིག་ཡོད་པ་ལྟ་བུ་གསུངས་ཀྱང་།
ད་ལྟའི་བར་ཨོ་ཏནྟ་པུ་རི་དང་ཤྲཱི་ནཱལནྡཱ་གཉིས་ཀྱི་བར་ན་ནཱལནྡཱ་གཉིས་པ་ཞིག་ཡོད་པའི་ལོ་རྒྱུས་ཁུངས་མ་ཞིག་མ་མཐོང༌ལ། ཡུལ་དངོས་ཀྱི་ཆ་ནས་ཀྱང་དེ་ལྟའི་དགོན་སྡེ་ཞིག་བཙལ་ཀྱང་རྙེད་དུ་མེད་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ཟླར་གྱུར་པར་མ་ཟད། ནཱ་ལེནྡ་དང་ནཱ་ལེནྡྲ་གཉིས་རྒྱལ་རབས་ཆོས་འབྱུང་གི་ཡིག་ཆ་ཕལ་མོ་ཆེར་ཡིག་རིས་མི་འདྲ་བ་ཙམ་ལས་དོན་ལ་གཅིག་ཡིན་པ་ལྟ་བུར་བྲིས་པ་མང་བས། དཔྱོད་ལྡན་དག་གིས་དཔྱད་བྱའི་གཞིར་སྣང་ངོ་།།

གཞན་ཡང་དག་སྡེབ་འདི་དག་ནི་དཔར་ཤིང་གསར་རྙིང་དང་། དག་དང་མ་དག་པའི་ཁྱད་པར་ཡོད་པ་ནི། ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་ལམ་རིམ་བརྡ་བཀྲོལ་ལས[3]། དཔལ་ནཱ་ལནྡ་ཞེས་པ་འདི་ལ། དགའ་ལྡན་པར་རྙིང་དང་། གཙང་ལྷུན་པོ་རྩེའི་པར་དང་། པར་གསར་མང་པོར་ནཱ་ལེནྡྲ་ཞེས་འབྱུང་སྟེ། རྒྱུན་གྱི་དབང་པོ་ཞེས་པ་[4]ཡིན་གསུང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[5]། དེ་ལ་དཔལ་ནཱ་ལེནྡྲ་ནི། འདམ་བུའི་ཚལ་ཟེར་རྒྱུ་ཡིན། ཡུལ་འདི་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་ཡིན། འཕགས་པ་མཽ་གལ་གྱི་བུ་འཁྲུངས་པའི་ཡུལ་ནི། ཡུལ་ཤིང་ཐགས་ཅན་ཡིན། ཞེས་གསུངས་སོ།།

ཡང་འགའ་ཞིག་ཏུ། ནཱ་ལེནྡ་དང་། ནཱ་ལནྡྲ་དང་། ནཱ་རེནྡྲ་དང་། ནཱ་ལ་ད་ཞེས་ར་བཏགས་དང་འགྲེང་བུ་ཡོད་མེད་སོགས་ཡི་གེ་འདྲ་མིན་ཅི་རིགས་འབྱུང་ཡང་། ཡི་གེ་དག་པ་རྣམས་སུ་ནཱ་ལནྡ་ཞེས་འབྱུང་ཞིང་། དེ་གཞིར་བྱས་ནས་ཁ་ཅིག་རྒྱུན་སྦྱིན་པར་བསྒྱུར་བ་ཡོད་ཀྱང་། ནཱ་ལ་འདམ་བུ་དང་། ད་ནི་སྦྱིན་པའི་སྐད་དོད་ཡིན་པས། མིང་སྔོན་མ་ནཱ་ལ་ལ་ནུ་མ་ཨ་ག་མ་བྱིན། མ་རྗེས་སུ་ང་རོ་ནར་བསྒྱུར་ནས་མཚམས་སྦྱར་བས། ནཱ་ལནྡ་ཞེས་གྲུབ་སྟེ། མཁས་པའི་དབང་པོ་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེས་ (1429-1489) མཛད་པའི་སྡོམ་གསུམ་གྱི་བསྟན་བཅོས་ལ་དྲིས་ཤིང་རྩོད་པའི་ལན་སྡོམ་གསུམ་འཁྲུལ་སྤོང་ལས[6]། ཤཱི་ལ་ཨིནྟྲ་ཞེས་པའི་ལའི་སྲོག་ཡིག་ཨ་དེ་ཉིད་ཕ་རོལ་གྱི་ཨི་མཐོང་བས་ཨེར་འགྱུར་ལ། ཨེ་ཡིག་ཕྱིས་ཏེ་མཚམས་སྦྱར་བས་ཤི་ལེནྟྲ་ཞེས་དང་། དེ་བཞིན་དུ་ན་ལ་ཨིནྟྲ་ལ་ན་ལེནྟྲ་དང་། ཨརཏྱ་ཨིན་དུ་ལ་ཨནྟྱེ་དུ་ཞེས་པ་ལྟ་བུའོ། །ཞེས་བྱུང་བ་ལྟར། བོད་སྐད་དུ་འདམ་བུ་སྦྱིན་ཞེས་པ་ཡིན། དེ་བཞིན་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ (1740-1740) ཀྱིས་མཛད་པའི་བེའུ་བུམ་སྔོན་པོའི་མིང་བརྡ་གོ་དཀའ་བ་འགའ་ཞིག་བཤད་པ་སོམ་ཉིའི་མུན་སེལ་ལས་[7]ཀྱང་། ཤི་ན་ལེནྡྲ་ཞེས་པ་འདི་ལ། ཁ་ཅིག །ནཱ་རེནྡྲ་འམ། ནཱ་ལེནྡྲ་ནི་རྒྱུན་གྱི་དབང་པོ་ཟེར། འགའ་ཞིག་ཏུ་ན་ལེནྡ་ནི་འདམ་བུའི་ཚལ་ཞེས་བྱུང་། དེ་བཞིན་དུ་ནཱ་ལེནྡ་དང་། ན་ལ་ད་ཞེས་ཀྱང་བྱུང་མོད། ཡི་གེ་དག་པ་ནི། ནཱ་ལནྡ་སྟེ་འདམ་བུ་སྦྱིན་ཞེས་པ་ཡིན་ཏེ། ལས་བརྒྱ་པར་[8]ཡང་འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན། ཞེས་བྱུང་ཞིང་ཤཱ་རིའི་བུའི་འཁྲུངས་ཡུལ་ལོ། །ཞེས་བྱུང་བ་ལྟར། ཡི་གེ་དག་པ་རྣམས་སུ་ནཱ་ལནྡ་ཡིན་པར་གསུངས་སོ།།

དེ་བཞིན་སྔོན་བྱོན་ (དུས་རབས་བརྒྱད་པ།) རྒྱ་བོད་ལོ་པཎ་མཁས་པས་བསྒྲིགས་པའི་བྱེ་བྲག་རྟོགས་བྱེད་ཆེན་པོ་ལས[9]། ཤྲཱི་ནལནྡཱ། དཔལ་ན་ལེན་ད་ཞེས་གསལ་ལ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ (1618-1685) གྱིས་མཛད་པའི་ཐོན་མིའི་རིང་ལུགས་གསེར་གྱི་ཤིང་རྟ་རྣམ་དཔྱོད་ལམ་པོ་ཆེར་འདྲེན་པ་ལས[10]། དཔལ་རྒྱུན་བྱིན། ཤྲཱི་ན་ལེནྡའི་རྒྱལ་པོའི་སྤྱན་སྔར་བཀའ་འཕྲིན་བླ་སྐྱེས་ཕུལ་ཏེ། ཞེས་རྒྱུན་བྱིན་དུ་གསལ་བ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་ (1648-1721/1722) པས། ཁ་ཅིག་ནཱ་ལེནྡྲ་རྒྱུད་སྟེང་ཟེར་བ་སྒྲ་དོན་གཉིས་ཀ་མ་དག་པས་མི་འཐད་དེ། ནཱ་ལམ་སྡོང་བུ་སོགས་དང་། དཱ་སྦྱིན་པའི་མིང་ཡིན་པས་རྣམ་དབྱེ་མ་ཕྱིས་ན་ནཱ་ལེནྡྲ་དང་། རྣམ་དབྱེ་ཕྱིས་ན་ལུང་ལས་གྲོང་ནཱ་ལ་དཱའི་བྲམ་ཟེ་ཉེ་རྒྱལ་གསུངས་པ་ལྟར་ཡིན་ཀྱང་། ཟུར་ཆག་པས་ནཱ་ལེནྡྲ་ཟེར་བའི་ཕྱིར་རོ། །ཞེས་གསུངས། མདོར་ན། ཨ་ཀྱཱ་ཡོངས་འཛིན་གྱི་རང་ལུགས་ལ་འདམ་བུ་སྦྱིན་དང་། ཀུན་མཁྱེན་རིན་པོ་ཆེས་སྡོང་བུ་སྦྱིན་དུ་བསྒྱུར་བས་དོན་ལ་འབབ་ས་གཅིག་ཏུ་མངོན་ནོ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༩༠༨

[2] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༣

[3] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༣

[4] ཆག་ལོ་ཆོས་ཀྱི་དཔལ་གྱི་རྣམ་ཐར་དུ། ནཱ་ལེནྡྲ་ཞེས་པ་མིའི་དབང་པོ་ཞེས་པའི་དོན་ཡིན་པར་གསུངས།

[5] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༣ན༤

[6]  བསོད་ནམས་སེང་གེའི་གསུང་འབུམ། ༼ཏ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༡༠

[7] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༣༤

[8] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཧ༽ དེབ་ཨང་ ༧༣ པ། ༡༩༩༥ ལོ། ཤོག་ ༦༤༩

[9] བྱེ་བྲག་རྟོགས་བྱེད་ཆེན་པོ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༥༣

[10] བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་གསུང་ཐོར་བུ། པོད། ༼༡༽ བྲིས་མ། ཤོག་གྲངས་ ༡༡ན༡

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༥ ནས་ ༢༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *