བློ་སྦྱོང་བརྒྱ་རྩ་ཕྱོགས་སྒྲིག་མཛད་པ་པོའི་རྣམ་ཐར།

སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གི་རྣམ་ཐར་སྙིང་བསྡུས།

 

དེ་ཡང་ཐེག་ཆེན་བློ་སྦྱོང་བརྒྱ་རྩ་ཕྱོགས་སྒྲིག་མཛད་པ་པོ་ནི། ༡༽ སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་ (1300-1399) དང་། མུས་ཆེན་དཀོན་མཆོག་རྒྱལ་མཚན་ (1388-1469/1470) རྣམ་གཉིས་ལས། ༡༽ སེམས་དཔའ་ཆེན་པོ་བྱང་སེམས་གཞོན་ནུ་རྒྱལ་མཆོག་ནི། ལ་སྟོད་བྱང་དུ་སྐུ་འཁྲུངས་ཤིང་། དབུས་སུ་ཕེབས་ནས་སེམས་དཔའ་ཆེན་པོ་ཀུན་བཟང་ལས་དབུ་ཚད་གསན།

ཐུགས་རབ་ཆེ་བས་སེམས་དཔའ་ཆེན་པོས་ཁྱེད་ཐུགས་རབ་འདི་ལ་རྗེ་རིན་པོ་ཆེ་དང་མཇལ་ན་ལེགས་པོ་འོང་བར་སྣང་ཞེས་གསུངས་ནས་དགའ་ལྡན་དུ་བརྫངས་པས་རྗེའི་སློབ་མར་གྱུར། རྗེས་སུ་དྲུང་ཆེན་ནོར་བཟང་བས་གཙང་གི་བྱམས་ཆེན་དགོན་པ་ཕྱག་བཏབ་སྟེ་དེའི་གདན་སར་སྤྱན་དྲངས་ཀྱང་རྙེད་བཀུར་སོགས་འདུ་འཛི་ཆེ་བས་ཐུགས་བསུན་ནས་གངས་བུ་ལེའི་རི་ཁྲོད་དུ་བྱོན། གསུང་རྩོམ་ལ་དབུ་ཕར་གྱི་དཀའ་འགྲེལ་སྤྱི་དོན་དང་། ལམ་སྒྲོན་གྱི་འགྲེལ་པ། རྩ་བ་ཤེས་རབ་ཀྱི་ཊཱིཀྐ་སོགས་བཞུགས་པ་དང་། ད་ལྟའི་བློ་སྦྱོང་བརྒྱ་རྩར་གྲགས་པའང་དམ་པ་འདི་པས་ཕྱོགས་བསྒྲིགས་མཛད་པ་ཡིན་ནོ།།

གཞན་ཡང་བྱང་སེམས་གཞོན་ནུ་རྒྱལ་མཆོག་ནི། རོང་སྟོན་ཤཱཀྱ་རྒྱལ་མཚན་གྱིས་ལེགས་བཤད་འདོམས་པའི་འབྲས་བུ་མཁས་གྲུབ་སློབ་མ་མང་དུ་བྱོན་པ་ལས། སྔ་ཚར་གྱི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་བཞི། བར་ཚར་གྱི་བུ་ཆེན་གངས་ཅན་མཛེས་པའི་རྒྱན་བརྒྱད་དང་མཆོག་གཉིས། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་མཚུངས་པའི་བུ་ཆེན་གསུམ། ཕྱི་ཚར་གྱི་བུ་ཆེན་བསྟན་པའི་གསལ་བྱེད་བཅུ་དྲུག །ཡང་ཚར་གྱི་བུ་ཆེན་གྲགས་པ་ཅན་བཞི་ལ་སོགས་པ་མང་དུ་བྱོན་པ་ལས། སྔ་ཚར་གྱི་བུ་ཆེན་བསྟན་པ་འདེགས་པའི་ཀ་ཆེན་བཞི་སྟེ། སེམས་དཔའ་གཞོན་ནུ་རྒྱལ་མཆོག་དང་། སེམས་དཔའ་ཆེན་པོ་པདྨ་བཟང་པོ། གཟད་པ་བློ་གྲོས་རྒྱ་མཚོ། སྤྱན་སྔ་ཚུལ་ཁྲིམས་དར་མ་བཞིའི་ཡ་གྱལ་ཡང་ཡིན།

 

མུས་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གི་རྣམ་ཐར་སྙིང་བསྡུས།

༢༽ མུས་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[1]། འདས་ལོ་ནས་སུམ་སྟོང་ལྔ་བརྒྱ་དང་ཉི་ཤུ་འདས་པའི་ཉེར་གཅིག་པ་ས་ཕོ་འབྲུག་ (ཕྱི་ལོ་ 1388) ལ། མུས་སྟོད་གླིང་སྐྱར་མུས་ཆེན་དཀོན་མཆོག་རྒྱལ་མཚན་བྱོན། དགུང་ལོ་དགུ་པ་ལ་དབང་འོད་པས་མཁན་པོ་མཛད་དེ་རབ་ཏུ་བྱུང་། བཅོ་ལྔ་པར་གླེ་ལུང་མཁན་པོ་ཀུན་སྨོན་དང་། ཟུར་ཆོས་པ་བྱང་སེང་གཉིས་ལ་ཕར་ཕྱིན་སྤྱོད་འཇུག་སོགས་སྦྱངས། བཅོ་བརྒྱད་པ་ལ་བཤད་སྟོན་མཛད། ཉི་ཤུ་པ་ལ་ནམ་མཁའི་རྣལ་འབྱོར་ལ་གཅོད་ཁྲིད་གསན། ཉེར་གཅིག་པ་ལ་ངམ་རིངས་སུ་བློ་གྲོས་རྒྱལ་མཚན་པ་དང་། སང་ལོ་པའི་དྲུང་དུ་ཕར་ཕྱིན་སོགས་སྦྱངས། ལོ་གསུམ་ནས་དེར་གྲྭ་སྐོར་མཛད། ཉེར་བཞི་པ་ལ་ལྷོར་མཁས་མཆོག་ཐུགས་རྗེ་དཔལ་བའི་དྲུང་དུ་ཕར་ཕྱིན་གྱི་དཀའ་གནད་ལ་དཔྱད། ས་སྐྱར་གྲྭ་སྐོར་མཛད།

ཉེར་ལྔ་པ་ལ་ཤེལ་དཀར་དུ་མཁས་པ་གཡག་པ་དང་མཇལ། ལྷོའི་ནགས་འདབས་ཁུ་ལུང་དུ་ཟླ་བ་གཉིས། ངམ་རིངས་སུ་ཟླ་བ་གཉིས། ཚ་སྣར་ཟླ་བ་གཉིས་ཏེ་ཟླ་བ་དྲུག་བསྟེན་ཕར་ཕྱིན་གྱི་གནད་ཟབ་མོ་ཉམས་སུ་མྱངས། ཉེར་བདུན་པ་ལ་གཡག་པ་མཁའ་སྤྱོད་དུ་བཞུད། ཉེར་བརྒྱད་པ་ལ་མུ་གུ་ལུང་དུ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གཉིས་ལོ་བདུན་བསྟེན། ཚད་མ་འུ་ཡུག་པའི་རིགས་མཛོད་ཆེན་པོ་སོགས་ལ་སྦྱངས། སོ་གཉིས་པ་ལ་ངམ་རིངས་སུ་ཆོས་རྗེ་རོང་ཆེན་པ་ལ་ཕར་ཚད་ཀྱི་གནད་ཟབ་མོ་གསན། སོ་བཞི་པ་ལ་བྱང་དུ་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་དབུ་མ་རེད་མདའ་བའི་ལུང་གསན། སོ་ལྔ་པ་སྟག་ལོར་ལྷ་སར་སྐོར་བ་འབུམ་ཐེར་མཛད། ཡར་ལམ་ནུབ་ཆོས་ལུང་དུ་གངས་ཆེན་ཀུན་དགའ་དཔལ་ལས་བསྙེན་པར་རྫོགས། སོ་བརྒྱད་པ་འབྲུག་ལོ་དཔལ་ལྡན་ས་སྐྱར་རྗེ་ངོར་པའི་དྲུང་དུ་བདེ་དགྱེས་ཀྱི་ལམ་ཟབ་མོ་གསན་པས་ཐུགས་ཡིད་གཅིག་ཏུ་འདྲེས། སོ་དགུ་པ་སྦྲུལ་ལོར་ཐེག་ཆེན་ཆོས་རྗེ་གཤེགས། དེར་དཔོན་སློབ་ཀྱིས་བརྟག་གཉིས་བཤད་པ་དང་སྦྱོར་དྲུག་གི་གནད་ཟབ་མོ་ལ་ཉམས་ལེན་མཛད། བཞི་བཅུ་རྟ་ལོར་དཔལ་ལྡན་ས་སྐྱར་གསུང་ངག་རིན་པོ་ཆེའི་ཟབ་དོན་ཉམས་སུ་མྱངས། སླར་ཡང་ཞེ་གཉིས་པ་ས་སྤྲེལ་ལོ་ནས་ཟླ་བ་བདུན་དུ་གསུང་ངག་རིན་པོ་ཆེའི་ཟབ་མཐིལ་ཕྱིན་པར་གསན། ཞེ་གཉིས་པ་ས་མོ་བྱ་ནས་ངོར་དགོན་གསར་འདེབས་པའི་མཁར་ལས་དང་། ཟབ་དོན་ཉམས་ལེན་ཟུང་འཇུག་ཏུ་མཛད་ཅིང་། རྗེ་འདིས་དེའི་ཚེ་བརྟག་གཉིས་རྣམ་བཤད་ཀྱི་དགའ་སྟོན་ལེགས་པར་སྐྱེད། དེ་ནས་བཟུང་སྟེ་རྗེ་འདིའི་རེ་བརྒྱད་དང་། རྗེ་ངོར་ཆེན་དོན་བཞི་བཞེས་པའི་བར་ངོར་དང་མུས་སུ་བྱོན་རེས་ཀྱིས། རྒྱུད་མན་ངག་གི་བསྟན་པའི་མེ་རོ་སོར་ཆུད་པར་མཛད། ཞེ་དགུ་པ་འབྲུག་ལོར་ལྷ་གོང་དུ་ཀྱཻ་རྡོ་རྗེའི་བསྙེན་པ་ཟླ་བ་བཅུ་གསུམ་དུ་འབུམ་ཕྲག་བཅུ་གཅིག་གནང་།

ང་དགུ་པ་སྟག་ལོར་རྗེ་ངོར་པ་ནུབ་ཆོས་ལུང་དུ་ཕེབས། རྗེ་འདི་ལ་ངོར་དུ་ལམ་འབྲས་འདུས་པའི་ཚོགས་ལ་བདག་མེད་པའི་དབང་བཀའ་དང་འཁོར་འདས་དབྱེར་མེད་ཀྱི་རྟེན་འབྲེལ་ཟབ་མོ་སྒྲིགས་ཤིག་གསུངས་པ་ལྟར་རྟེན་འབྲེལ་བསྒྲིགས། རྗེ་འདིའི་རེ་དགུ་པ་རྗེ་ངོར་ཆེན་དོན་ལྔ་པ་མེ་ཕོ་བྱི་ལོ་ས་ག་ཟླ་བའི་ཉེར་བཞི་ལ་ངོར་གྱི་གདན་སེངྒེའི་ཁྲི་ལ་འཁོད། ལོ་དེ་ལ་རྗེ་རྡོ་རྗེ་འཆང་དག་པའི་དབྱིངས་སུ་གཤེགས། དེ་ནས་བྱི་གླང་སྟག་གསུམ་འཛིན་སྐྱོང་གི་ཁུར་བཞེས་གནང་། དོན་གཉིས་པ་སྟག་ལོ་རིན་སྤུངས་ནོར་བཟང་ལ་བདེ་མཆོག་སོགས་ཀྱི་དབང་གནང་། ཡར་ལམ་མུས་སུ་ཡ་མའི་དགོན་པ་བཏབ། དོན་གསུམ་པ་འབྲུག་ལོར་མུས་བསྟན་འཛིན་ཕུག་ཏུ་བདེ་མཆོག་གི་བསྙེན་པ་གནང་། སྟོན་ཏའི་སི་ཏུ་རྣམ་རྒྱལ་གྲགས་པ་ཡབ་སྲས་ལ་བདེ་དགྱེས་ཀྱི་དབང་གནང་། དོན་བཞི་པ་སྦྲུལ་ལོར་ངམ་རིངས་སུ་འདུས་ཚོགས་ལ་གསུང་ངག་དང་བློ་སྦྱོང་སོགས་ཀྱི་དགའ་སྟོན་གནང་། དོན་ལྔ་པ་རྟ་ལོར་རྗེ་ཤེར་རྒྱམ་པ་ངོར་གྱི་གདན་ཁྲིར་བཞག །དོན་བདུན་པ་སྤྲེལ་ལོར་བསྟན་འཛིན་ཕུག་ཏུ་བདུད་རྩི་རིལ་བུ་བསྒྲུབས། འོད་གསལ་ཆེན་པོའི་ངང་དུ་རྣལ་འབྱོར་དབང་ཕྱུག་ཞལ་གཟིགས། བརྒྱད་ཅུ་གྱ་གཉིས་སྨིན་དྲུག་ཟླ་བའི་ཚེས་བརྒྱད་ལ་མུས་བསྟན་འཛིན་ཕུག་ཏུ་དག་པའི་ཞིང་དུ་གཤེགས། བཤད་པའི་བཀའ་བབས་ནི་བདག་ཆེན་རྡོ་རྗེ་འཆང་མ་ཏི་ཧཱ་ཙྪ་ཤྲཱི་བྷ་དྲ་ཁོ་ནའོ། །ཞེས་གསལ་བ་ལྟར། ཕྱི་ལོ་ ༡༤༧༠ ལོར་མུས་བསྟན་འཛིན་ཕུག་ཏུ་སྐུ་གཤེགས་པ་བཅས་སོ།།

[1] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༡༨

Leave a Reply

Your email address will not be published. Required fields are marked *