ཞི་བ་ལྷའི་རྣམ་ཐར[1]།
(མཛད་པ་པོ། བསེ་ཚང་བློ་བཟང་དཔལ་ལྡན་ (༡༩༣༧-༢༠༢༡) གྱིས་མཛད།)
༄༅། །ཐུགས་བསྐྱེད་ལྷག་བསམ་ལྗོན་པའི་རྩ་བ་བརྟན། །རླབས་ཆེན་སྤྱོད་པའི་ཡལ་འདབ་ཕྱོགས་སུ་རྒྱས། །དོན་གཉིས་འབྲས་བུའི་ཁུར་གྱིས་རབ་དུད་པའི། །འཇམ་དཔལ་མི་ཡི་གར་བསྒྱུར་ཞི་བ་ལྷ། །གང་དེའི་རྒྱལ་སྲས་སྤྱོད་པ་རྒྱ་མཚོ་ལས། །སྐྲ་རྩེར་བླངས་པའི་ཟེགས་མའི་ཆ་ཙམ་ཡང་། །བརྗོད་པས་འགྲོ་ལ་སྨན་པའི་གཏེར་གྱུར་ན། །མཐའ་ཡས་ཡོན་ཏན་བརྗོད་པར་སྨོས་ཅི་འཚལ། །
དེ་ཕྱིར་བསོད་ནམས་སྦྲང་བཅུད་མངར་བའི་རོར། །སྲེད་པའི་བློ་ཆུང་བུང་བས་མངོན་འདོད་ཀྱིས། །སྨྲ་བའི་འབབ་སྟེགས་ཡངས་པའི་སྒོ་གྲོལ་བས། །ལེགས་མཛད་སྙན་པའི་གླུ་དབྱངས་བསྒྲག་ལ་སྤྲོ།།
དེ་ཡང་མགོན་པོ་འཇམ་པའི་དབྱངས་དང་ངོ་བོ་དབྱེར་མ་མཆིས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་བློ་གྲོས་མི་ཟད་པའམ། དཔལ་ཞི་བ་ལྷ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནི། འཕགས་ཡུལ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར། ཡབ་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་རྡོ་རྗེ་རྣལ་འབྱོར་མའི་སྤྲུལ་པར་གྲགས་པ་ཞིག་ཡོད་པ་དེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། དགུང་ལོ་དྲུག་བཞེས་པའི་ཚེ་སྦས་པའི་བརྡུལ་ཞུགས་ཅན་གྱི་གྲུབ་ཐོབ་ཅིག་དང་མཇལ། འཇམ་དཔལ་རྣོན་པོའི་དབང་དང་སྒྲུབ་ཐབས་གནང་སྟེ་སྒོམ་བཟླས་ལ་འབད་པས་རིང་པོར་མ་ཐོགས་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཤིང༌། གདམས་པ་མང་དུ་སྩལ།
དུས་རེ་ཞིག་ན་ཡབ་རྒྱལ་པོ་འདས་ནས་ཡུལ་དེའི་འབངས་རྣམས་ཀྱིས་བློ་མཐུན་པར་འདི་ཉིད་རྒྱལ་པོའི་ཁྲི་ལ་བྱོན་པར་གསོལ་བ་བཏབ་པ་ན། ཚེ་རབས་མང་པོ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབས་ཏེ་གོམས་པ་ཀློང་དུ་གྱུར་པ་ཞིག་ཡིན་པས། སྲིད་པའི་ཕུན་ཚོགས་ལ་ཆགས་པའི་སྐབས་མེད་ཀྱང་། ཡུལ་དེའི་འབངས་མི་རྣམས་ཀྱི་ངོ་མ་བཟློག་པ་ན་རྒྱལ་སྲིད་སྐྱོང་བར་ཞལ་གྱིས་བཞེས་ཏེ། སང་ནངས་པར་ཁྲི་ལ་མངའ་གསོལ་རྒྱུའི་དོ་ནུབ་རྨི་ལམ་དུ། རྒྱལ་པོའི་ཁྲི་ལ་རྗེ་བཙུན་འཇམ་པའི་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉིན་ཡིན། ང་དང་ཁྱོད་གཉིས་སྟན་གཅིག་ལ་འདུག་པ་འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན་ཞེས་གསུངས་པ་དང་། འཕགས་མ་སྒྲོ་མས་རང་གི་མའི་ཚུལ་བཟུང་སྟེ། ཆུ་ཚན་སྤྱི་བོར་བླུགས་པས། རྒྱལ་སྲས་ཀྱིས་འདི་ཅིའི་ཕྱིར་མཛད་ཅེས་ཞུས་པ་ན། འཕགས་མས་རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་མི་བཟད་པ་ཡིན་ཏེ། དེས་ཁྱོད་ལ་དབང་བསྐུར་བ་ཡིན་ནོ་གསུངས་པས། རྒྱལ་སྲིད་གཟུང་དུ་མི་རུང་བར་མཁྱེན་ནས་ནུབ་དེར་གཞན་དུ་བྲོས་སོ།།
དེ་ནས་ཞག་ཉེར་གཅིག་བྱིན་པ་ན། ནགས་ཚལ་ཞིག་གི་མདུན་དུ་ཆུ་མིག་ཆེན་པོ་ཞིག་འདུག་པ་གཟིགས་ནས་དེ་བཏུང་བར་བརྩམས་པ་ན། གློ་བུར་དུ་བུད་མེད་ཆུ་འཁུར་བ་ཞིག་གིས་ཅི་བྱེད་དྲིས་པས། སྐོམ་པས་ཆུ་འདི་ཆུ་བཏུང་བར་འདོད་དོ་གསུངས་པ་ན། བུད་མེད་དེས། ཆུ་འདི་བཏུང་མི་རུང་བས། ངེད་ཀྱི་བུམ་པའི་ནང་གི་ཆུ་འདི་འཐུངས་ཤིག །ཅེས་བུམ་ཆུ་དེ་བླུད་ནས། ནགས་ཚལ་དེའི་ཕུག་ན་རྣལ་འབྱོར་བ་ཞིག་འདུག་པ་དེའི་དྲུང་དུ་ཁྲིད། དེ་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་གདམས་ངག་མང་དུ་མནོས་ཤིང་བསྒོམས་པས། སྐུ་ཚེ་འདིའི་དབང་དུ་བྱས་པའི་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་པའི་ཚུལ་མཛད་ཅིང་། གཟུངས་སྤོབས་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ལ་མངའ་བརྙེས་པར་གྱུར། རྣལ་འབྱོར་བ་དེ་ནི་འཇམ་དཔལ་དབྱངས་དང༌། བུད་མེད་དེ་ནི་རྗེ་བཙུན་སྒྲོལ་མ་ཡིན་ལ། དེ་ནས་བཟུང་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང༌སྟེ། ནམ་འདོད་དུ་ཞལ་དངོས་སུ་གཟིགས་སོ།།
དེ་ནས་སེམས་ཅན་གྱི་དོན་ཇི་ལྟ་བུ་ཞིག་བྱ་སྙམ་དུ་མངོན་པར་ཤེས་པས་གཟིགས་པ་ན། རྩོད་པའི་རྒྱུད་འཁྲུགས་པའི་སེམས་ཅན་མང་པོ་ཞིག་གི་དོན་བྱ་དགོས་པར་གཟིགས་ནས་ཤར་ཕྱོགས་སུ་བྱོན་ཏེ། རྩོད་པ་ཆེན་པོ་བྱེད་པ་ཞིག་གི་འཐབ་ཟླ་མཛད་པས། རྫུ་འཕྲུལ་གྱིས་ཐམས་ཅད་འདུམ་པར་བྱས་ཏེ་བདེ་བ་ལ་བཀོད་དོ། །དེ་ནས་ཡང་རྒྱལ་བའི་བསྟན་པ་ལ་བྱ་བ་ཇི་ལྟར་བྱ་སྙམ་དུ་དགོངས་པ་ན། རྒྱལ་པོ་གདུག་ཅན་ཞིག་བཏུལ་ན་སྐྱེ་འགྲོ་མང་པོ་དང་། བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་རྒྱ་གར་ཤར་ཕྱོགས་སུ་ཕེབས། དེ་དུས་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་སེང་གེ་ལྔ་པ་ཞེས་བྱ་བ་དེས། བྱང་ཕྱོགས་བལ་པོ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་ལ་ཐུག་གི་བར་དུ་དབང་བསྒྱུར་ཡོད་པས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས་རྒྱལ་པོ་གདུག་ཅན་འདི་ཉིད་འདུལ་བའི་ཕྱིར་དུ། རྒྱལ་པོའི་འཁོར་གྱི་ནང་དུ་ཞུགས་ཏེ། བློ་གྲོས་ཆེ་ཞིང་སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་མཁས་པས། བཟོ་བའི་གནས་མང་པོ་དར་བར་མཛད།
སྐབས་ཤིག་ན་གྲོང་ཁྱེར་དེར་སྐྱེ་བོ་མི་བསྲུན་པ་མང་པོ་འདུས་ཏེ། རྒྱལ་པོའི་དཔལ་འབྱོར་ལ་ཐོ་འཚམ་པའི་བྱ་བ་བྱེད་པར་བརྩམས་པ་ན། རྒྱལ་སྲས་འདིས་རྒྱལ་པོའི་སྐུ་སྲུང་བར་ཞལ་གྱིས་བཞེས། རང་ཉིད་ཀྱིས་ཡི་དམ་ལྷའི་ཕྱག་མཚན་ཤིང་གི་རལ་གྲི་ཞིག་རྒྱུན་དུ་བསྣམས་ཡོད་པ་དེ་བློན་པོ་རྣམས་ཀྱིས་མཐོང་བས། རྒྱལ་པོ་ལ་འདི་ནི་སྐྱེ་བོ་གཡོ་ཅན་ཞིག་སྟེ་ཤིང་གི་རལ་གྲི་ཞིག་ལས་མཚོན་ཆ་གཞན་མེད་པར་ཞུས་པ་ན། རྒྱལ་པོ་ཁྲོས་ཏེ། རྒྱལ་སྲས་ལ་ཁྱོད་ཀྱི་རལ་གྲི་ཕྱུངས་ཤིག་སྨྲས་པས། འདི་ཕྱུང་ན་ལྷ་ཉིད་ལ་གནོད་པར་འགྱུར་རོ་ཞེས་གསུངས་པ་ན། རྒྱལ་པོ་ལྷག་པར་ཐེ་ཚོམ་སྐྱེས་ཏེ། གནོད་ཀྱང་བླ་ཡི། ངེས་པར་ཕྱུངས་ཤིག་ཟེར། འོ་ན་ལྷའི་སྤྱན་གཅིག་བཀབ་ནས་གཟིགས་ཤིག་གསུངས་ཏེ། རལ་གྲི་ཕྱུང་བས་དེའི་འོད་ཟེར་གྱིས་རྒྱལ་པོའི་མིག་གཅིག་ཞར་བ་དང་། རྒྱལ་པོས་བཟོད་པར་གསོལ་ཏེ་སྐྱབས་གནས་སུ་མཆོད་ཅིང་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས། ཕྱིན་ཆད་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་དང་། ཆོས་གཞི་ཉི་ཤུ་འཛུགས་པར་བསྒོས་པ་ལྟར། རྒྱལ་པོས་ཁས་བླངས་སོ།།
དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་ན་ལེནྡྲར་བྱོན། པཎྜི་ཏ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བ་ལྷ་ཞེས་བཏགས། མཁན་པོ་དེའི་དྲུང་དུ་སྡེ་སྣོད་གསུམ་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཅིང༌། ལྷག་པར་མགོན་པོ་འཇམ་པའི་དབྱངས་ལས་དངོས་སུ་ཆོས་གསན་ཏེ། མདོ་སྔགས་ཀྱི་བཀའ་དང་གདམས་ངག་མ་ལུས་པ་ཐུགས་སུ་ཆུད། དེར་པཎྜི་ཏ་རྣམས་དང་ལྷན་ཅིག་ཏུ་བཞུགས་ཤིང་ཕྱི་ནང་གི་གཡེང་བ་ཐམས་ཅད་བཅད་དེ། ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་ཞུགས་པས་ས་ལམ་མཐོན་པོར་བྱོན་ཞིང་། བསླབ་པ་ཀུན་ལས་བཏུས་པ་དང་། མདོ་སྡེ་ཀུན་ལས་བཏུས་པ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྟོན་པའི་བསྟན་བཅོས་རྩོམ་པ་དང༌། རང་དང་གཞན་གྱི་ཚེ་རབས་བརྒྱ་སྟོང་དྲན་པའི་མངོན་པར་ཤེས་པ་ཐོབ་པ་དང་། རྫུ་འཕྲུལ་གྱིས་ཡུལ་ལ་ཐོགས་པ་མེད་པར་འཇུག་པ་སོགས། ནང་དུ་ས་ལམ་གྱི་རྟོགས་པ་མཐོན་པོར་མངའ་བསྒྱུར་ན་ཡང་། ཕྱི་ཚུལ་གྱི་སྤྱོད་པ་ནི། ཁ་ཟས་འབྲས་བྲེ་བོ་ཆེ་ལྔ་རེ་གསོལ་བ་དང་། ཉིན་མཚན་ཁོར་མོ་ཡུག་ཏུ་ཉལ་བ་དང༌། བཤང་གཅི་འདོར་བ་མ་གཏོགས། ཐོས་བསམ་སྒོམ་གསུམ་གྱི་བྱ་བ་གང་ཡང་མ་མཛད་པས། བྷུ་སུ་ཀུ་སྟེ་འདུ་ཤེས་གསུམ་པར་གྲགས་སོ།།
དེའི་ཚེ་མངོན་ཤེས་མེད་པའི་དགེ་འདུན་རྣམས་ཀྱིས་རབ་ཏུ་བྱུང་བའི་བྱ་བ་ནི་འཁོར་ལོ་གསུམ་གྱི་ལམ་ལ་བརྩོན་པ་ཡིན་པས། བྷུ་སུ་ཀུ་འདིས་དད་པས་བྱིན་པ་ལོངས་སུ་སྤྱོད་མི་རུང་བས། དགེ་འདུན་གྱི་གནས་ནས་བསྐྲད་དགོས་པར་བསམ། འོན་ཀྱང་རྒྱལ་པོའི་རིགས་སྲས་ཡིན་པས། བཙན་ཐབས་ཀྱིས་སྐྲོད་མི་ནུས་པར་མདོ་འདོན་རེས་བྱས་ན་འདི་ལ་འདོན་རྒྱུ་མེད་པས། རང་འབུད་བྱེད་ཅེས་བགྲོས་ཏེ། མདོ་འདོན་པར་གསོལ་བས། རྒྱལ་སྲས་འདིས་དེ་ལྟ་བུ་བདག་གིས་ག་ལ་ནུས་ཞེས་ཞལ་གྱིས་མ་བཞེས། སླར་ཡང་ནན་གྱིས་གསོལ་བས། འོ་ན། གདན་ཁྲི་རྩིགས་དང་གདོན་པར་བྱའོ། །གསུངས་པ་ན། ན་ལེནྡྲའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་ཁྲི་ཧ་ཅང་མཐོན་པོ་ཞིག་བཤམས་ཏེ། བྷུ་སུ་ཀུ་ནི་ཁྲིའི་སྟེང་འཛེགས་ཀྱང་མི་ཤེས་སོ་སྙམ་པ་ན། རྒྱལ་སྲས་འདིས་ཕྱག་གིས་ཁྲི་ཅུང་ཟད་མནན་པས། ཁྲིའི་མཐོ་དམན་རན་པར་གྱུར་པས། ཐམས་ཅད་ཀྱི་ཡིད་ཐེ་ཚོམ་དུ་གྱུར། དེ་ནས་ཁྲིའི་སྟེང་དུ་བཞུགས་ཏེ། མདོ་སྔོན་ཆད་གྲགས་པ་ཞིག་འདོན་ནམ་མ་གྲགས་པ་ཞིག་འདོན་ཞེས་དྲི་བ་གནང་ཚེ། ཐམས་ཅད་ཀྱིས་ཚོད་འགམ་པའི་ཕྱིར་མ་གྲགས་པ་ཞིག་གསུང་བར་ཞུ་ཞུས་པས། རྒྱལ་སྲས་བདག་ཉིད་ཆེན་པོ་འདིས།
བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་དང་བཅས། །
ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ། །
བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །
ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ། །
ཞེས་པ་ནས། །གང་ཚེ་དངོས་དང་དངོས་མེད་དག།།བློ་ཡི་མདུན་ན་མི་གནས་པ། །ཞེས་པའི་ཚིག་མཚམས་ནས་གསུང་བཞིན་དུ་རྫུ་འཕྲུལ་ཀྱིས་སྐུ་ནམ་མཁའ་ལ་འཕགས་ཏེ་ཇེ་མཐོར་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་ཞིང་། གསུང་གི་སྣང་བ་བར་མ་ཆད་པར་མཇུག་མ་རྫོགས་ཀྱི་བར་དུ་གྲགས། དེ་ཚེ་པཎྜི་ཏ་རྣ་བའི་མངོན་ཤེས་དང་མི་བརྗེད་པའི་གཟུངས་ལ་དབང་འབྱོར་བ་རྣམས་ཀྱིས་བློ་ལ་བཟུང༌། ཁ་ཆེ་བ་རྣམས་ཀྱིས་བསྔོ་ལེ་མི་འདོད་པར་ལེའུ་དགུ་ཡོད་པར་བཟུང་སྟེ། མཆོད་བརྗོད་རང་གིས་སྦྱར། ཤར་པ་རྣམས་ཀྱིས་ཤོ་ལོ་ཀ་བདུན་བརྒྱ་ལས་མེད་པར་བཟུང་སྟེ། མཆོད་བརྗོད་དབུ་མ་རྩ་བའི་དེ་བཅུག །དེ་ལ་བཤགས་ལེ་དང་ཤེར་ལེ་ཆད་པར་གྲགས། ཡུལ་དབུས་པ་རྣམས་ཀྱིས་མཆོད་བརྗོད་དང་བསྔོ་ལེ་བཅས་ཤོ་ལོ་ཀ་སྟོང༌། ལེའུ་བཅུའི་བདག་ཉིད་དུ་འདོད་པ་དང་། ཡང་།
བསླབ་པ་ཀུན་ལས་བཏུས་པ་ཡང་། །ངེས་པར་ཡང་དང་ཡང་དུ་བལྟ། །
ཡང་ན་རེ་ཞིག་མདོར་བསྡུས་པ། །མདོ་སྡེ་ཀུན་ལས་བཏུས་པ་བལྟ། །
ཞེས་གསུངས་པའི་བསྟན་བཅོས་གཉིས་པོ་གང་ཡིན་སྙམ་དུ་ཐེ་ཚོམ་དུ་གྱུར་པ་ན། དུས་ནམ་ཞིག་གི་ཚེ་བདག་ཉིད་ཆེན་པོ་འདི་ཏྲི་ལིངྐའི་ཆར་གཏོགས་པའི་གྲོང་ཁྱེར་ཀ་ལིངྐར་བཞུགས་པ་ཐོས་པས་པཎྜི་ཏ་གསུམ་སྤྱན་འདྲེན་དུ་བཏང་། འདི་ལ་ཆོས་འབྱུང་ལ་ལ་ན་ལྷོ་ཕྱོགས་མཆོད་རྟེན་དཔལ་ཡོན་ཞེས་བྱ་བར་བཞུགས་པ་ཐོས་པས། དགེ་སློང་གཉིས་སྤྱན་འདྲེན་དུ་བཏང་བར་གསུངས་པའང་ཡོད། བདག་ཉིད་ཆེན་པོ་ན་ལེནྡྲར་འབྱོན་པར་མ་བཞེད་པས། འོ་ན། བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་སྡེ་ཀུན་ལས་བཏུས་པ་ལ་བལྟ་བར་བྱ་གསུངས་པའི་དེ་གཉིས་གང་ཡིན། སྤྱོད་པ་ལ་འཇུག་པར་ལེའུ་དང་ཤོ་ལོ་ཀའི་གྲངས་ལ་བཤད་ཚུལ་མི་མཐུན་པ་གསུམ་བྱུང་ཡོད་པས། གང་ལྟར་འཛིན་དགོས་ཞེས་ཞུས་པ་ན། བསླབ་བཏུས་དང་མདོ་བཏུས་གཉིས་པོ་ཁོ་བོའི་སྤོང་ཁང་གི་གདུང་གསེབ་ན་པཎྜི་ཏས་ཡི་གེ་ཕྲ་མོར་བྲིས་ནས་ཡོད། སྤྱོད་འཇུག་གི་གཞུང་ཚད་ཡུལ་དབུས་པ་རྣམས་ཀྱིས་བསྡུས་པ་ལྟར་ཡིན་གསུངས་ཤིང་། གཞན་ཡང་སྤྱོད་འཇུག་དང༌། བསླབ་བཏུས་གཉིས་ཀའི་མན་ངག་རྣམས་ཀྱང་རྫོགས་པར་གནང་ངོ་།།
ཡུལ་དེའི་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེ་ན་གཙུག་ལག་ཁང་དང་དགེ་འདུན་ལྔ་བརྒྱ་ཙམ་བཞུགས་ཡོད་པ་དེར་བྱོན་ནས་དགེ་འདུན་རྣམས་དང་ལྷན་ཏུ་བཞུགས་ཤིང་། ནགས་ཚལ་དེ་ན་རི་དྭགས་མང་དུ་ཡོད་ཅིང༌། རི་དྭགས་མང་པོ་སློབ་དཔོན་རང་ཉིད་བཞུགས་སའི་གྲྭ་ཁང་དུ་འོངས་པ་ཉིད་ཀྱི་རྫུ་འཕྲུལ་གྱིས་རི་དྭགས་ཀྱི་ཤ་གསོལ་བས། དགེ་སློང་རྣམས་ཀྱིས་རི་དྭགས་མང་པོ་སློབ་དཔོན་གྱི་གྲྭ་ཁང་དུ་སོང་བ་མཐོང་ཞིང་། ཕྱིར་བྱུང་བ་མ་མཐོང་ལ། ནགས་ཚལ་དེའི་རི་དྭགས་ཚོགས་པ་བྲི་བར་ཤེས་སོ། །དེ་ནས་དགེ་འདུན་རྣམས་ཀྱིས་རྒོལ་བར་བརྩམས་པ་ན། སློབ་དཔོན་གྱིས་རྫུ་འཕྲུལ་གྱིས་རི་དྭགས་རྣམས་སླར་གསོས་ཏེ། སྔར་ལས་ཀྱང་ཉམས་སྟོབས་དང་ལྡན་པར་གྱུར་ནས་ཕྱིར་བྱུང་སྟེ་སོང་བ་ན། དགེ་འདུན་རྣམས་ངོ་མཚར་ཞིང་བཟོད་པར་གསོལ་ཏེ་བསྙེན་བཀུར་དང་བཅས་བཞུགས་སུ་གསོལ་བར་ཞུས་ཀྱང་མ་བཞེད་པར། རྒྱལ་བའི་བསྟན་པ་ལ་ལོག་པར་འཁུ་བའི་མུ་སྟེགས་ཅན་མང་པོ་ཞིག་འདུལ་བའི་དུས་ལ་བབ་པར་གཟིགས་ནས་རྒྱ་གར་ལྷོ་ཕྱོགས་སུ་བྱོན་ཏེ་ཨུ་ཙུའི་སྤྱོད་པ་སྟེ། གཅེར་བུ་འཁྲུད་མ་ཕོ་བའི་ཚིགས་མ་ཁོ་ནའི་འཚོ་བ་རོལ་བའི་སྤྲང་པོའི་ཆ་བྱད་ཀྱིས་ཡུལ་དེར་བཞུགས་པ་ན། ཉིན་ཞིག་ཁ་ཏི་བི་ཧ་རའི་རྒྱལ་པོའི་བྲན་མོ་ག་ཙ་མ་ཏ་ཟེར་བ་ཞིག་གིས་འཁྲུད་མ་ཕོ་བའི་ཆུའི་ཟེགས་མ་སློབ་དཔོན་གྱི་ཞལ་ལ་ཕོག་པས། ལྕགས་བསྲེགས་ལ་བྲན་པ་ལྟར་ཁོལ་བ་མཐོང་ནས་ཤིན་ཏུ་ངོ་མཚར། དེ་ཚེ་རྒྱལ་པོ་དེ་ལ་མུ་སྟེགས་ཀྱི་སྟོན་པ་ཤང་ཀར་དེ་བ་བྱ་བས། ནང་པའི་པཎྜི་ཏ་དང་རྩོད་ཅིང་རྫུ་འཕྲུལ་འགྲན་པར་བྱས་ཏེ། སུ་ཕམ་པ་དེ་སུའི་བསྟན་པ་ལ་འཇུག་ཅིང་། དེའི་ཆོས་དང་གཙུག་ལས་ཁང་སོགས་མེར་སྲེག་པར་བྱེད་པས། རྒྱལ་པོ་ཁྱོད་ཀྱིས་དཔང་མཛད་པར་ཞུ་ཞེས་ཞུས་པས། རྒྱལ་པོས་ཕོ་ཉ་བཀྱེས་ཏེ་ནང་པའི་དགེ་འདུན་རྣམས་བསྡུས་ནས་དོན་དེ་བསྙད་པ་ན། སུས་ཀྱང་ཁས་ལེན་མ་ནུས་པས། རྒྱལ་པོ་མྱ་ངན་དུ་གྱུར་པའི་ཚེ། བྲན་མོ་ཀ་ཙ་མ་ཧས་རྒྱལ་པོ་ལ་སྔར་ཁོ་མོས་མཐོང་བ་དེ་བཤད་པས། རྒྱལ་པོས་དེ་ལྟ་བུའི་སེམས་དཔའ་ཆེན་པོ་དེ་ག་ན་འདུག་ཀྱང་ཚོལ་ཅིག་གསུངས་ནས། ཕྱོགས་ཀུན་ཏུ་བཙལ་བས་ཤིང་སྡོང་ཞིག་གི་དྲུང་ན་བཞུགས་པ་དང་མཇལ་ཏེ། མུ་སྟེགས་ཀྱི་རྩོད་པ་དང་རྫུ་འཕྲུལ་ཕམ་པར་མཛད་དགོས་པར་གསོལ་བ་བཏབ་པ་ན། སློབ་དཔོན་གྱིས་ཞལ་ནས་དེ་ལྟ་བུ་ཁོ་བོས་ནུས་ཀྱི། ཆུ་བུམ་པ་གང་དང་རས་ཡུག་གཉིས་མི་རྣམས་བཅས་སྟ་གོན་གྱིས་ཤིག་གསུངས་ནས་དེ་ལྟར་བྱས་སོ།།
དེ་ནས་སྐྱེ་བོའི་ཚོགས་མང་པོ་འདུས་པའི་དབུས་སུ་གདན་ཁྲི་བཤམས་ཏེ། དབུས་སུ་རྒྱལ་པོ་དང་། གཡས་གཡོན་དུ་སློབ་དཔོན་འདི་དང་། མུ་སྟེགས་ཀྱི་སྟོན་པ་རྣམས་འཁོད་ནས་རྩོད་པ་མཛད་པས། བདག་ཉིད་ཆེན་པོ་འདིའི་ལུང་རིགས་ཀྱི་མཐུ་ཕུལ་དུ་བྱུང་བས། མུ་སྟེགས་བྱེད་རྣམས་ལན་མེད་དུ་མཛད་དོ། །སླར་ཡང་མུ་སྟེགས་བྱེད་དེས་རྫུ་འཕྲུལ་འགྲན་པར་བྱས་ཏེ། བར་སྣང་ལ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་བྲིས་ནས་ཤར་སྒོ་ཙམ་ཟིན་པ་ན། སློབ་དཔོན་འདིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། འཚུབ་མ་ཆེན་པོ་ལངས་ཏེ། རྩྭ་དང་ཤིང་དང་གྲོང་ཁྱེར་ཐམས་ཅད་འགྱེལ་པའམ་འགྱེལ་ལ་ཐུག་པར་ལྡེག །དཀྱིལ་འཁོར་དང་བཅས་པའི་མུ་སྟེགས་ཀྱི་སྟོན་པ་གཙོ་འཁོར་ཐམས་ཅད་འཐོར་རླུང་གིས་ཁྱེར་ཏེ་ཆུ་བོ་ཆེན་པོའི་ཕ་རོལ་ཏུ་འཕངས། ཕྱོགས་མཚམས་ཐམས་ཅད་དུ་མུན་པ་ཆེན་པོར་གྱུར་ཏོ།།
དེ་ནས་སློབ་དཔོན་གྱི་སྨིན་མཚམས་ནས་འོད་ཕྱུང་སྟེ་རྒྱལ་པོ་བཙུན་མོ་འཁོར་གཡོག་བཅས་ལ་ལམ་བསྟན་ནས་མདུན་དུ་བཀུག་སྟེ། གོས་དང་བྲལ་ཞིང་རྡུལ་གྱིས་གཡོགས་པ་ལ་ཆུས་བཀྲུས་ནས་རས་གསར་པ་གཡོགས་པས་བདེ་བར་བྱས་སོ། །དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་བཤིག །མུ་སྟེགས་པའི་རྗེས་འཇུག་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པས། ད་ལྟའི་བར་དུ་ཡུལ་དེ་ལ་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ།།
དེ་ནས་སེམས་ཅན་གྱི་དོན་ཇི་ལྟ་བུ་ཞིག་བྱ་དགོས་སྙམ་དུ་དགོངས་པ་ན། ལྟ་བ་ངན་པའི་གཡང་སར་ལྟུང་བ་མང་པོ་ཞིག་འདུལ་དགོས་པར་གཟིགས་ནས། ཡུལ་མ་ག་དྷཱའི་ནུབ་ཕྱོགས་ཧ་ཅང་མི་རིང་བ་ཞིག་ན། ཡ་མཚན་ཅན་གྱི་ལྟ་བ་ལོག་པ་འཛིན་པ་ལྔ་བརྒྱ་གནས་པ་དེ་དག་གི་འཁོར་དུ་ཞུགས་ནས་དེ་རྣམས་མགུ་བར་མཛད། དེ་ནས་རྒྱལ་སྲས་བདག་ཉིད་ཆེན་པོ་འདིའི་ཐུགས་བསྐྱེད་ཕུན་སུམ་ཚོགས་པ་དང་། ལོག་པར་སྨྲ་བ་དེ་དག་གི་སྔོན་གྱི་སྨོན་ལམ་རྣམ་པར་དག་པའི་མཐུས། དུས་ནམ་ཞིག་གི་ཚེ་ཞག་བདུན་གྱི་བར་དུ་བུ་ཡུག་ཆེན་པོ་བྱུང་བས། སྐྱེ་བོ་རྣམས་བཟའ་བཏུང་ཆད་དེ་སྡུག་བསྔལ་བར་གྱུར་ནས། སུ་ཞིག་གིས་སློང་ནུས་པ་དེ་དཔོན་དུ་བསྐོ་ཞིང་བསྒོ་བ་ཉན་པར་བགྲོས་ཏེ་ཐམས་ཅད་བློ་མཐུན་པར་གྱུར་པ་ན། སློབ་དཔོན་འདིས་འབྲས་ཆན་ལྷུང་བཟེད་གང་བླངས་ཏེ་བྱིན་གྱིས་བརླབས་ནས། སྐྱེ་བོའི་ཚོགས་ཐམས་ཅད་ཚིམ་པར་མཛད། སྔར་གྱི་ལྟ་བ་ངན་པ་དེ་རྣམས་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ།།
དེ་ནས་ཡང་ཉམ་ཐག་པའི་འགྲོ་བ་མང་པོ་ལ་ཕན་གདགས་པར་དགོངས་ནས། མུ་གེ་ཆེན་པོ་བྱུང་བའི་ཡུལ་ཕྱོགས་ཞིག་ཏུ་ཕེབས་ཏེ། བཟའ་བཏུང་ཆད་པས་འཆི་བ་ལ་ཉེ་བའི་མུ་ལྟོ་བ་སྟོང་ཕྲག་ལྷག་ཙམ། བདག་ཉིད་ཆེན་པོ་འདིས་རྫུ་འཕྲུལ་གྱིས་འཚོ་བ་ཕུན་སུམ་ཚོགས་པ་ལ་སྦྱར་ཞིང་ཆོས་བསྟན་ཏེ་བདེ་བ་ལ་བཀོད་དོ། །དེ་ལྟའི་བདག་ཉིན་ཆེན་པོ་འདི་ནི། ངེས་པའི་དོན་དུ་མགོན་པོ་འཇམ་པའི་དབྱངས་དང་དབྱེར་མེད་ཀྱང༌། དྲང་དོན་གདུལ་བྱའི་སྣང་ངོར་སེམས་ཅན་འབའ་ཞིག་གི་དོན་དུ་བསམ་བཞིན་འཇིག་རྟེན་གྱི་ཁམས་འདིར་སོ་སོ་སྐྱེ་བོ་ཕལ་པའི་མཛད་པ་ལྷུར་བཞེས་ཏེ། འཁོར་བ་མཐའ་དག་མེ་འབར་བའི་ཀློང་ལྟར་གཟིགས་ནས། རྒྱལ་སྲིད་ཐལ་བའི་ཕུང་པོ་བཞིན་རིང་དུ་དོར་ཏེ་བསྟན་པའི་གཞི་མ་སོ་སོ་ཐར་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཉམས་སུ་བཞེས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་པ་དང་། རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ནས། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་ལོག་པར་ཐུགས་སུ་ཆུད་པ་མཛད་པས་པཎྜི་ཏ་ཆེན་པོའི་སྙན་པའི་གྲགས་པ་ས་གསུམ་དུ་ཁྱབ་པ་དང༌། བྱམས་པ་དང་སྙིང་རྗེ་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གདམས་ངག་སྤྱི་དང༌། ཁྱད་པར་དུ་བདག་གཅེས་འཛིན་གྱི་སྐྱོན་དང༌། གཞན་གཅེས་འཛིན་གྱི་ཕན་ཡོན་སྒོ་དུ་མ་ནས་བསམས་ཏེ། སེམས་ཅན་ཐམས་ཅད་རང་ལ་རྣམ་པ་ཀུན་ཏུ་ཕན་བདེ་མ་ལུས་པ་སྟེར་བའི་ཡིད་བཞིན་གྱི་ནོར་བུ་ལྟར་སྒོམ་པའི་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཇི་ལྟར་བསྐྱེད་པའི་གདམས་ངག་ཆ་ལག་དང་བཅས་པ་ཆ་ཚང་བ་མགོན་པོ་འཇམ་པའི་དབྱངས་ལས་དངོས་སུ་གསན་ཞིང་ཉམས་སུ་བཞེས་པས། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་སོགས་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཤིང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མཐའ་དག་མཐར་ཕྱིན་པ་མཛད་དེ་དོན་གཉིས་ལྷུན་གྱིས་གྲུབ་པའི་སྐུ་མངོན་དུ་གྱུར་ཀྱང་། སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་གཡེང་བ་མེད་པར་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་འཆད་པ་ནི། ཇི་སྐད་དུ།
ཕྱོགས་བཅུ་ནམ་མཁའི་མཐར་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་པའི་ཕྱིར། །
ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག།།
ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །
དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།།
ཅེས་གསུངས་སོ། །
སྨྲས་པ། སྙིང་སྟོབས་རླབས་རིས་རྩེན་པའི་གདེངས་ཀ་ལས། །སྤྱོད་བཟང་ཟླ་བ་སྟོང་གི་འཛུམ་དཀར་ཅན། །ཕན་བདེ་དཔལ་དུ་བཞད་པའི་ཟེགས་མ་འབུམ། །དུས་མཐའི་སྐྱེ་དགུའི་གདུང་སེལ་སྨན་གྱི་མཆོག།།དམ་པའི་ལེགས་མཛད་བྱེ་བའི་ཆ་ཤས་ཙམ། །སྨྲ་བྱེད་འདབ་མའི་ལྟེ་བར་བབས་པའི་བཅུད། །སྐལ་ལྡན་བུང་བ་མྱོས་པའི་དགའ་སྟོན་དུ། །རྣམ་དཀར་ལྷག་བསམ་ཡངས་པས་སྤེལ་འདིའི་དགེས། །བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་པས། །རྒྱལ་སྲས་མཛད་པ་ཇི་ལྟར་ལེགས་སྐྱོང་ཞིང་། །རླབས་ཆེན་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ། །ཕྱིན་ཏེ་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ནི་ ༡༩༨༧ ལོར་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གླིང་འཛུགས་སྐབས། ཁྲིད་གཞིའི་དཔེ་དེབ་སྤྱོད་འཇུག་རྩ་འགྲེལ་གྱི་མཇུག་ཏུ་འདི་འདྲ་ཞིག་འབྲི་དགོས་ཚུལ་གོང་ས་མཆོག་གི་བཀའ་སྤྱི་བོར་བབས་པས། ཕྲན་བསེ་ཚང་བློ་བཟང་དཔལ་ལྡན་ནས་པེ་ཅིན་དུ་འཕྲལ་མར་བྲིས་པའོ།། །།
འབྱུང་ཁུངས། [1] བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ། ༼༣༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༤༦༡།༤༧༠ བར་བཞུགས་སོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།