༄༅། །དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།[1]
(བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1537-1603/1605) གྱིས་མཛད།)
ན་མོ་མཉྫུ་གྷོ་ཥཱ་ཡ། མཁས་ཤིང་གྲུབ་པའི་དབང་ཕྱུག་དཔལ་ལྡན་ཟླ་བ་གྲགས་པ་ལ་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ཞེས་བྱ་བ།
མགོན་པོ་དེ་ཉིད་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་ལེགས་འཁྲུངས་ཤིང་། །ལུང་རྟོགས་ཆ་ཤས་ཡོངས་རྫོགས་ཟླ་བ་ནི། །རྣམ་དག་གྲགས་པའི་འོད་དཀར་དྲ་བ་ཅན། །ཐུབ་བསྟན་ཀུ་མུད་གཉེན་ཁྱོད་རྒྱལ་གྱུར་ཅིག །སོ་མ་ན་ཞེས་ལྷོ་ཕྱོགས་ས་ཡི་ཆར། །ལེགས་འཁྲུངས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། །ཨཱརྱ་དེ་ཝའི་གསུང་ལ་རབ་སྦྱངས་པས། །མཁས་པའི་ཕ་རོལ་ཕྱིན་པ་ཁྱོད་ཕྱག་འཚལ། །སྐྱེ་བ་ལྔ་བརྒྱར་མགོན་པོ་འཇམ་དབྱངས་ཀྱི། །བྱིན་རླབས་མུ་སྟེགས་རྒོལ་བ་ཚར་གཅོད་པར། །ནུས་ཕྱིར་ནཱ་ལེནྟྲ་ཡི་ཕྱི་རོལ་ཏུ། །འཇིགས་མེད་ལེགས་བཤད་གཎྜིའི་སྒྲ་དབྱངས་སྒྲོགས། །ཟབ་མོའི་དོན་གཟིགས་རྡོ་ཡི་ཀ་བ་གདལ། །ཕྱག་གིས་རེག་པས་ཐོག་མེད་མཁའ་ལ་བཞིན། །ཀླ་ཀློའི་དཔུང་ལྷག་རྡོ་ཡི་ཀ་བ་ལ། །ཕྱག་གིས་བསྣུན་པས་སེངྒེ་འབུམ་གྱུར་ཏེ། །རྒོལ་ངན་དཔུང་བཟློག་རི་མོའི་བ་དྲུས་ལས། །འོ་མ་བཞོས་པས་ངོ་བོས་མ་གྲུབ་ཀྱང་། །སྣང་ཙམ་རྒྱུ་འབྲས་བསླུ་མེད་ངེས་པར་མཛད། །སྒྱུ་མའི་ཚར་གཅོད་རྗེས་འཛིན་མཁན་ཁྱོད་རྒྱལ། །གང་གི་མཛད་པའི་སྒྲ་མདོ་ཀུན་ཏུ་བཟང་། །མཐོང་ཚེ་སྨྲ་མཁས་ཙནྡྲ་གོ་མི་ཡང་། །ཞུམ་བཅས་རང་གིས་བརྩམས་པ་ཁྲོན་པར་བཅུག །ཁྱོད་ཀྱི་ལྷག་བསམ་དག་པས་འགྲོ་བ་ལ། །ཕན་པར་འགྱུར་ཞེས་ཐེ་ཚོམ་ཆེན་པོ་ཡིས། །ལེན་པར་མཛད་པའི་ཁྲོན་པའི་ཆུ་དེ་ལ། །གང་གིས་འཐུང་ཡང་བློ་གྲོས་རྣོ་བར་གྲགས། །ནམ་ཞིག་ཤཪ་ཕྱོགས་མཁས་པ་ཆེན་པོ་དེ། །རྩོད་ཕྱིར་འོང་ཚེ་ཤིང་རྟ་གཉིས་བཅས་ཏེ། །གཅིག་ལ་འཇམ་པའི་དབྱངས་ཀྱི་སྐུ་བཞུགས་ཤིང་། །ཅིག་ཤོས་མཁས་པ་དེ་བཞུགས་དགེ་འདུན་གྱི། །བསུ་བ་བྱས་ཚེ་མགོན་པོ་འཇམ་དབྱངས་ལ། །ཕྱོགས་བཅུའི་རྒྱལ་བས་བསྐོར་བ་མངོན་སུམ་གཟིགས། །བསྟོད་པས་དགྱེས་ཏེ་གསན་པ་ད་ལྟ་ཡང་། །འཇིངས་འཇིང་ཡོན་མ་ཞེས་པ་ཡོངས་སུ་གྲགས། །དེ་དང་ལྷན་ཅིག་རྩོད་ལ་ཞུགས་པ་ན། །ཁྱོད་ཀྱིས་ཐོགས་མེད་ལན་བཏབ་ཙནྡྲ་ཡིས། །ཞག་ཅིག་འདས་ནས་ཐོག་བཅས་ལན་བཏབ་པས། །ཐེ་ཚོམ་ཞུགས་ཏེ་ཁང་པར་བལྟས་པ་ན། །ཐུགས་རྗེ་ཆེན་པོའི་སྐུས་ནི་སློབ་པར་གཟིགས། །འཕགས་ལ་ཉེ་རིང་མི་མངའི་ཞེས་གསོལ་པས། །སྐུ་བརྙན་ཟོལ་བཞུགས་སེ་གོལ་གཏོགས་པའི་ཕྱག །ཐུགས་རྗེ་ཆེན་པོ་མཛུབ་ཀེར་མ་ཞེས་གྲགས། །བདག་ལའང་ཞལ་བསྟན་མཛོད་ཅེས་གསོལ་བཏབ་པས། །ཁྱོད་ནི་འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པའི། །མཁས་པ་ཆེན་པོ་ཡིན་པས་མི་དགོས་ཞེས། །གསུངས་ཀྱང་ནན་གྱིས་གསོལ་པས་ཞལ་བསྟན་ཏེ། །འགྲོ་ལའང་ཞལ་བསྟན་འཚལ་ཞེས་གསོལ་བཏབ་པས། །མཐོང་བར་དཀའ་ཞེས་གསུངས་ཀྱང་བདག་ཉིད་ཀྱི། །སྤྱི་བོར་བཞུགས་ཏེ་གྲོང་ཁྱེར་ཆེན་པོར་གཤེགས། །བདག་གི་སྤྱི་བོར་སྤྱན་རས་གཟིགས་དབང་བཞུགས། །ལྟོས་ཞེས་བསྐུལ་ཡང་མཐོང་བར་མ་གྱུར་ཏེ། །ཆོས་མང་བཤད་པའི་དབང་གིས་པཎྜི་ཏ། །རླུང་གིས་གཡེངས་ཞེས་ཟེར་ཞིང་ཅུང་ཟད་ཙམ། །མཐོང་བའང་ཐུན་མོང་དངོས་གྲུབ་ཐོབ་ཅེས་གྲགས། །མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བའི་བསྟན། །བརྒྱ་ཕྲག་བཞི་ཡི་ལོ་ལ་དངོས་སུ་སྤེལ། །ཁྱད་པར་རྡོ་རྗེ་འཆང་གི་འདུས་པ་ཡི། །རྩ་རྒྱུད་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པ། །བཤད་རྒྱུད་ཤན་སྦྱར་དཔལ་མགོན་ཀླུ་སྒྲུབ་ཀྱིས། །མན་ངག་གིས་བཀྲོལ་སྒྲོན་མ་རབ་གསལ་བའི། །རྒྱ་ཆེར་འགྲེལ་དང་དབུ་མ་རྩ་བ་ཡི། །འགྲེལ་པ་ཚིག་གསལ་མཁའ་ལ་ཉི་ཟླ་ཟུང་། །ས་ལ་གསལ་བ་གཉིས་ཞེས་ཡོངས་སུ་གྲགས། །དེ་བཞིན་དབུ་མ་འཇུག་པ་རྩ་འགྲེལ་དང་། །རིག་པ་དྲུག་ཅུ་པ་དང་བཞི་བརྒྱ་པའི། །འགྲེལ་པ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས། །གཞུང་ལུགས་དུ་མ་བསྡེབས་ལེགས་སྙན་དངགས་ཀྱི། །ལམ་ནས་ལེགས་སྤེལ་ཐུབ་བསྟན་རྫོགས་ལྡན་གྱི། །དུས་ལྟར་གསལ་ཞིང་རིང་དུ་གནས་པར་མཛད། །སངས་རྒྱས་གཉིས་པ་ཁྱོད་ལ་གུས་ཕྱག་འཚལ། །དེ་ལྟར་རྣམ་ཐར་མཛད་པ་རྒྱ་མཚོ་ལས། །ཆུ་ཐིག་ཙམ་ཞིག་བསྟོད་པའི་དགེ་བ་དེས། །ཚེ་རབས་ཀུན་ཏུ་རྗེས་བཟུང་བྱིན་རླབས་ཏེ། །བྱང་ཆུབ་སེམས་དང་མ་བྲལ་ལྟ་བ་དང་། །རིམ་གཉིས་མཐར་ཕྱིན་འགྲོ་རྣམས་སྲིད་མཚོ་ལས། །སྒྲོལ་ལ་དྲག་པོ་གཟི་ལྡན་དབང་ཕྱུག་གི །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་དཔལ་ལྡན་ཟླ་བ་གྲགས་པ་ལ་རྣམ་པར་ཐར་པའི་སྒོ་ནས་བསྟོད་ཅིང་གསོལ་བ་འདེབས་ཚུལ་མདོར་བསྡུས་པ་འདི་ཡང་འཇིག་རྟེན་ཆོས་བརྒྱད་རྒྱང་བསྲིངས་ཏེ་མང་དུ་ཐོས་པའི་མཐར་སྒྲུབ་པ་སྙིང་པོར་བྱེད་པ་རྒྱལ་བ་དགྱེས་པའི་སྤྱོད་ཚུལ་ལ་གནས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དབུ་མ་པ་ཆེན་པོ་དོན་གྲུབ་རྒྱ་མཚོ་མཆོག་གིས་བསྐུལ་བ་ལ་བརྟེན་ནས། ༸ཤཱཀྱའི་དགེ་སློང་ལྷ་དབང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་དབེན་པའི་རི་སུལ་ལྷུན་གྲུབ་བདེ་ཆེན་དུ་བྲིས་པ་འདིས་ཀྱང་བདག་གཞན་འགྲོ་བ་ཐམས་ཅད་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།



[1] ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་སོགས། པོད། ༼༡༽ དབུ་མེད་བྲིས་མ། དཔེ་རིང་། ཤོག་གྲངས་ ༢༨༠བ༢
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།