༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།
(ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ལ་དྭགས་དུས་དབང་སྔོན་འགྲོའི་གསུང་ཆོས་སྐབས་སྩལ་བ།)
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
ཞེས་བཅོམ་ལྡན་འདས་ལ་བསྟོད་ཕྱག་མཛད་སྟངས་དེ། གཙོ་བོ་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པ་དེར་བསམ་བློ་བཏང་བ་དང་ཆབས་གཅིག་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པ་ལས།
གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །
རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །
ཞེས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟོད་པ་གསུང་སྐབས་གཙོ་བོ་རྟེན་འབྱུང་གི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་པའི་ཐོག་ནས་བསྟོད་ཕྱག་མཛད་པ་དེ་དག་གི་ཐོག་ནས་བྲིས་པ་རེད།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
ཞེས་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་གསུངས་པའི་ནང་གི་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་དེ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ཅིང་། ཤེར་ཕྱིན་གྱི་མདོ་སྡེར་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ཡོད་པ་ལས། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་བཀའ་བབ་མགོན་པོ་ཀླུ་སྒྲུབ་ལ་བབས་པས་ན། རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །ཞེས་སོ།།
དབུ་མའི་ལྟ་བར་མཚོན་ན། དབུ་སེམས་ཀྱི་མཁས་པ་ཚང་མས་ཤེར་ཕྱིན་གྱི་གཞུང་རྩ་བར་བརྩི་བཞིན་ཡོད། འོན་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་མཚན་དུ་བྱས་ཏེ་ཆོས་རྣམས་རང་བཞིན་གྱིས་སྟོང་པར་སྒྲུབ་པ་དེ་གསལ་སྟོན་གནང་མཁན་དེ་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་རེད་འདུག །དེ་ཡང་། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་པའི་ཚིགས་སུ་བཅད་པ་འདི་ཁོ་ནར་བསམ་བློ་བཏང་ཡང་། ཤེར་ཕྱིན་གཞུང་གི་དབུ་ཞབས་ཚང་མར་གོ་བ་འདི་འཁྱེར་ནས་བལྟས་ན་གོ་བ་བདེ་བླག་ཏུ་རྙེད་ཐུབ་པ་ཞིག་ཡིན། དེས་ན།
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་གཙོ་བོ་ནི། ཨཱརྱ་དེ་ཝ་སྟེ་སློབ་དཔོན་འཕགས་པ་ལྷ་ཡིན་ཅིང་། སློབ་དཔོན་འཕགས་པ་ལྷས་མཛད་པའི་གཞུང་གཙོ་བོ་གཅིག་ནི། དབུ་མ་བཞི་བརྒྱ་པ་ཡིན་ཅིང་། ནམ་རྒྱུན་གཞུང་ཆེན་བཅུ་གསུམ་གྱི་ནང་དུའང་རྩ་འཇུག་བཞི་གསུམ་ཞེས་གཙོ་བོར་བརྩི་བཞིན་ཡོད་ལ། རྩ་འཇུག་བཞི་གསུམ་གྱི་གཞུང་རྣམས་ལ་ང་ཚོས་སློབ་གཉེར་བྱེད་བཞིན་ཡོད།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་སངས་རྒྱས་བསྐྱངས་རང་ཉིད་ཀྱི་མཚན་ཡོད་པའི་བུདྡྷ་པཱ་ལི་ཏ་ཞེས་གཞུང་ཧ་ཅང་རྒྱས་པོ་མིན་ནའང་། ཧ་ལས་པའི་གཞུང་བརླིང་པོ་ཞིག་ཡོད། དེ་ཡང་ང་ཚོས་ལྟ་བཞིན་ཡོད།
བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
ཁོང་གིས་དབུ་མ་སྙིང་པོ་རྩ་འགྲེལ་དང་། གཞན་ཡང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་ནས་རྣམ་རིག་པའི་འདོད་པ་རྣམས་བཀག་ཅིང་། རང་ལུགས་མདོ་སྡེ་པས་ཕྱི་དོན་ཞལ་གྱིས་བཞེས་པ་ལྟར་གྱི་ཕྱི་དོན་ཞལ་གྱིས་བཞེས་ལ། ཚད་མ་མཐུན་སྣང་། ཞེས་པ་ནི། རང་མཚན་སྣང་བ་ལ་ལྟོས་ཏེ་མི་བསླུ་བའི་ཚད་མ་ཞིག་ཞལ་གྱིས་བཞེས་པ་སྟེ། མདོར་ན་ཐ་སྙད་དུ་རང་མཚན་ནམ། ཆོས་ཅན་མཐུན་སྣང་བ་ཞལ་གྱིས་བཞེས་པ་གནང་ཡོད། གཞན་དཔལ་ས་སྐྱ་པའི་གསུང་ལ་རང་རྒྱུད་འོག་མ་ཞེས་གསུངས་ཡོད། དེ་ཡང་གྲུབ་མཐའ་འོག་མ་མདོ་སྡེ་པས་ཕྱི་དོན་ཞལ་གྱིས་བཞེས་པ་དང་མཐུན་པར་གསུངས་པས་ན། རང་རྒྱུད་འོག་མ་ཞེས་གསུངས་ཡོད།
རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་རྩ་འགྲེལ་རྟག་ཏུ་ང་ཚོས་མཇལ་བཞིན་པ་དེ་ཡིན་ལ། དེ་ཡང་རྩ་བ་བློ་ངོར་འཛིན་ཅིང་། རྩ་འགྲེལ་ཡིག་འབྲུ་རེ་རེ་བཞིན་དུ་གཉེར་ནས་ཚིག་འགྲེལ་ཉན། རྩོད་པ་ཡོད་པའི་བཤད་གྲྭ་ཁག་ལ་རྩོད་པའི་ལམ་ནས་བརྡར་ཤ་བཅད་པ་དང་། དེ་ཡང་དགག་བཞག་སྤོང་གསུམ་གྱི་ཐོག་ནས་གཏན་ལ་འབེབས་བཞིན་པ་འདི་དག་ཤིན་ཏུ་གལ་གནད་ཆེ་བ་ཞིག་རེད་འདུག །ཡིན་པ་རེད་སྙམ་པའི་ཐོག་ནས་འཇོག་པ་དང་། དབུ་རྒྱ་གར་སྐད་དུ་ནས་མཇུག་རྫོགས་སོ་ཞེས་པའི་བར་ཚིག་འགྲེལ་ཐེབས་ཙམ་མིན་པར་གནད་འགག་ཡོད་དོ་ཅོག་ལ་དགག་བཞག་སྤོང་གསུམ་གྱི་ཐོག་ནས་བརྡར་ཤ་བཅད་ནས་གཏན་ལ་དབབ་རྒྱུ་ཤིན་ཏུ་གལ་གནད་ཆེ། གཞན་ཡང་།
གནམ་ལ་ཉི་ཟླ་རྣམ་གཉིས། །ས་ལ་གསལ་བ་རྣམ་གཉིས། །
ཞེས་གསུང་རྒྱུན་ཡོད་པ་ལྟར། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང་། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་བཅས། མདོར་ན་ཚིག་གསལ་དང་སྒྲོན་གསལ་རྣམ་གཉིས་ལ། ས་ལ་གསལ་བ་རྣམ་གཉིས། ཞེས་གསུངས་པ་དེ་ཡིན། གཞུང་དེ་དག་ཧ་ལས་པའི་གཞུང་བརླིང་པོ་དང་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །གཞུང་དེ་དག་ལ་ང་ཚོས་ནམ་རྒྱུན་ནས་འཆད་ཉན་བྱས་དང་བྱེད་མུས་ཡིན།
ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་བཏུས་ནང་མདོར་བསྡུས་སུ་གསུངས་པ་དང་། ཡང་བསླབ་བཏུས་སུ་མི་གསལ་བ་རྣམས་ཀྱི་ཞལ་སྐོང་གི་ཚུལ་དུ་སྤྱོད་འཇུག་མཛད་ཡོད། མདོར་ན། བསླབ་སྤྱོད་གཉིས་སྦྲགས་ནས་འཆད་ཉན་བྱེད་པའི་ལམ་སྲོལ་ཡོད་ལ། བཀའ་གདམས་གཞུང་དྲུག་གི་ནང་དུ་བསླབ་སྤྱོད་གཉིས་ཡོད་པ་ལྟར་ཧ་ཅང་གལ་གནད་ཆེན་པོ་འདུག །བསམ་གྱིས་མི་ཁྱབ་པའི་གཞུང་དེ་དག་ཀྱང་ང་ཚོས་ལྟ་བཞིན་ཡོད།
གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
ཤེར་ཕྱིན་གྱི་གཞུང་སྒྲ་ཇི་བཞིན་པར་ཁས་བླངས་ན། ཆད་ལྟའམ་སྐུར་འདེབས་སུ་འགྲོ་ཉེན་ཡོད་པའི་གདུལ་བྱའི་ཁམས་དང་བསྟུན་ནས་ཤེར་ཕྱིན་གྱི་གཞུང་ནས་ཆོས་ཐམས་ཅད་ངོ་བོ་མེད་པར་གསུངས་པ་དེ་དག་ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་ཞེས་རྣམ་རིག་པའི་བཀྲལ་ལུགས་ཤིག་ཡོད། དེ་ལའང་གནད་འགག་ཆེན་པོ་ཡོད། དེས་ན་ཕྱི་དོན་བཀག་ཅིང་། སྐབས་འདིར་ཤེས་པ་ཡང་བདེན་མེད་དུ་བསྒྲུབས་པ་བཅས་ཀྱིས་རང་རྒྱུད་གོང་མ་ཞེས་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་པའི་དབུ་མའི་སྲོལ་གཏོད་གནང་ཡོད་ལ། ལྷག་པར་དུ་དུས་རབས་བརྒྱད་པའི་ནང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་དུ་གདན་དྲངས་ནས། སྐབས་དེར་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྱི་གྲས་ཆགས་ཡོད་ཅིང་། ཁོང་དགུང་ན་ཤིན་ཏུ་མཐོ་ཡང་ཆོས་རྒྱལ་གྱིས་གདན་ཞུ་གནང་བར་བརྟེན་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཡུལ་དེར་དར་ས་རེད་དགོངས་ནས་སྐུ་ངལ་ཁྱད་དུ་བསད་པའི་ཐོག་ནས་བོད་དུ་ཕེབས་ནས་འདུལ་བའི་སྡོམ་རྒྱུན་གནང་བ་དང་། གཞུང་ཆེན་དཔེ་ཁྲིད་གནང་བ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། དེའི་ནང་དུ་སྒྲ་སྒྱུར་ལོ་པཎ་གླིང་ཞེས་གསུང་རབ་སྒྱུར་མཁན་གྱི་སྡེ་ཚན་གཅིག་བཙུགས་པ་གནང་བ་དང་། རྣམ་དག་ཁྲིམས་ཁང་གླིང་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལྟར་གྱི་དགེ་ཚུལ་སློང་གི་འདུལ་བའི་སྡོམ་པ་འབོག་འཇོག་གནང་བ། མི་གཡོ་བསམ་གཏན་གླིང་ཞེས་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་རྒྱའི་ནང་པ་རྣམས་དང་ཐུགས་འདྲིས་བྱུང་ཞིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུའང་ཏིང་ངེ་འཛིན་ཏེ་གཙོ་བོ་བསམ་གཏན་སྒོམ་སྒྲུབ་མཁན་གྱི་གཙོ་བོ་རྒྱའི་མཁན་པོ་རྣམས་བཞུགས་ཡུལ་དུ་མི་གཡོ་བསམ་གཏན་གླིང་ཞེས་དེར་བསམ་གཏན་སྒོམ་པ་གཙོ་བོར་བྱེད་པ། བདུད་འདུལ་སྔགས་པ་གླིང་ཞེས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་རོགས་མེད་ན། མཁན་ཆེན་ཞི་བ་འཚོ་སྐུ་རྐྱང་གིས་བསྟན་པ་གསར་དུ་བཙུགས་ཏེ་རིམ་བཞིན་དར་འཕེལ་གནང་རྒྱུར་སྐུ་མཉེལ་པོ་ཡོང་གི་ཡོད། མི་དང་མི་མིན་གྱི་འགལ་རྐྱེན་གྱི་རིགས་མང་དུ་ཡོད་པས་ན། དེ་དག་སློབ་དཔོན་ཐུགས་རྗེ་ཅན་གྱིས་ཟློག་པར་མཛད། དེ་དང་ཆབས་ཅིག་ཆོས་རྒྱལ་ཡབ་སྲས་ཀྱིས་མཚོན་སྣོད་ལྡན་ཉུང་ཤས་ལ་བཀའ་བརྒྱད་སོགས་ཀྱི་ཐུན་མོང་མ་ཡིན་པའི་གསང་སྔགས་ཀྱི་ཆོས་འཁོར་གསུངས་པ་འདི་ལྟར་དུ་བྱས་ཏེ་རབ་བྱུང་ངུར་སྨྲིག་གི་སྡེའི་ཐོག་ཏུ་གོས་དཀར་ལྕང་ལོའི་སྡེ་ཞེས་བཙུགས་ནས་བདུད་འདུལ་སྔགས་པ་གླིང་བཙུགས་པ་གནང་། དེ་དག་ཚང་མ་མཁན་ཆེན་ཞི་བ་འཚོས་བཀའ་བཀོད་གནང་ཞིང་། སློབ་དཔོན་ཐུགས་རྗེ་ཅན་གྱིས་ཕྱག་རོགས་མཛད་དེ་ནམ་རྒྱུན་ཡོངས་གྲགས་སུ་མཁན་སློབ་ཆོས་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་དུ་བཙུགས་པ་གནང་ཡོད། དེས་ན་མཁན་ཆེན་ཞི་བ་འཚོ་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད་འདུག །
མཁན་ཆེན་ཞི་བ་འཚོས་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་མཛད་ཡོད། མཁན་ཆེན་ཞི་བ་འཚོའི་ཐུན་མོང་མ་ཡིན་པ་ཞིག་ནི། ཚད་མའི་དེ་ཁོ་ན་ཉིད་དམ་ཚད་ཆེན་དུ་གྲགས་པ་དེ་ཡིན་ཅིང་། གཞུང་དེ་ཧ་ཅང་མཁྲེགས་པོ་ཞིག་འདུག་ལ། གནད་འགག་གཅིག་ནི། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་སོགས་ཀྱི་སྐུ་དུས་ཀྱི་མུ་སྟེགས་པའི་མཁས་པ་དང་ཚད་མའི་གཞུང་སོགས་ལ་བགྲོ་གླེང་ཤུགས་ཆེ་གནང་སྟེ། ཕྱོགས་གླང་ཡབ་སྲས་རྣམ་གཉིས་འདས་རྗེས་སུ་ཡང་མུ་སྟེགས་པའི་མཁས་པ་དང་བགྲོ་གླེང་བྱུང་བ་རྣམས་ལ་མཁན་ཆེན་ཞི་འཚོས་དུས་རབས་བརྒྱད་པའི་ནང་དུ་དེ་དག་གི་ཐོག་ཏུ་བགྲོ་གླེང་གནང་བ་ཞིག་བྱུང་འདུག་པས། དེ་དག་ཧ་ཅང་གལ་གནད་ཆེན་པོ་རེད་འདུག
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
དེ་རྗེས་མཁན་ཆེན་ཞི་བ་འཚོའི་སློབ་མའི་གཙོ་བོ་གཅིག་ནི། ཀ་མ་ལ་ཤཱི་ལ་ཡིན་ཅིང་། ཁོང་ལ་ཞི་འཚོ་རང་ཉིད་ཀྱི་བཀའ་སློབ་གཞིར་བཟུང་བོད་དུ་གདན་ཞུ་གནང་བ་ལྟར་བོད་དུ་ཕེབས་ཡོད། སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་གར་དུ་སྐུ་བཞུགས་སྐབས་མཛད་པའི་དབུ་མ་སྣང་བ་མཛད་ཡོད། དེ་ནི་དབུ་མའི་གཞུང་ལུགས་གལ་གནད་ཧ་ཅང་ཆེན་པོ་ཞིག་རེད་འདུག །དེ་བཞིན་མཁན་ཆེན་ཞི་འཚོའི་གསུང་ཚད་མའི་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་བསྟན་འགྱུར་ཁྲོད་པོད་གཉིས་བཞུགས་པ་ཧ་ལས་པའི་བསམ་གྱིས་མི་ཁྱབ་པ་ཞིག་འདུག །བོད་དུ་རྒྱའི་མཁན་པོ་བསམ་གཏན་པ་རིགས་གཅིག་གིས་མི་རྟོག་པ་སྒོམ་པ་ཁོ་ནས་རྣམ་མཁྱེན་སྒྲུབ་ཐུབ་པས། ཐོས་བསམ་སློབ་གཉེར་བྱ་རྒྱུ་གལ་གནད་མི་ཆེ་ཞེས་གསུང་མཁན་བྱུང་ཞིང་། མཁན་ཆེན་ཞི་སྐུ་འཚོ་གཞེས་སྐབས་ཀྱི་བསམ་གཏན་པ་རྣམས་དངོས་གནས་ཐོས་བསམ་སྒོམ་པ་ཕྱོགས་ཆར་མ་ལྷུང་བ་ཞིག་ཡིན་འདུག །དེ་རྗེས་ཀྱི་རྒྱའི་བསམ་པ་འགའ་ཞིག་གིས་སྒོམ་པ་རྩེ་གཅིག་པ་བྱེད་པ་སྟེ། དེང་སྐབས་སུའང་རྒྱ་ནག་དང་། ཉི་ཧོང་དུ་ཡོད་ལ། ངོས་རང་ཉེ་ཆར་ཉི་ཧོང་དུ་བསྐྱོད་སྐབས་བཀའ་མོལ་བྱུང་བར། ཉི་ཧོང་གི་ཆོས་པ་ཞིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སློབ་གཉེར་དགོས་སམ་མི་དགོས། སྒོམ་ཁོ་ནའི་ཐོག་ནས་སངས་རྒྱས་ཀྱི་ཐོབ་མི་ཐུབ་བམ་ཞེས་སྐད་ཆ་དྲིས་བྱུང་། སློབ་གཉེར་ངེས་པར་དུ་དགོས་པ་ཞིག་རེད། དེ་ཡང་ཐོས་བསམ་སྒོམ་གསུམ་ཞེས་ཐོག་མར་སློབ་གཉེར་བྱས་ཏེ་ཐོས་བྱུང་གི་ཤེས་རབ་ཀྱི་ཐོག་ནས་གོ་བ་ཆགས་པ་ཞིག་བྱས། ཐོས་བྱུང་གི་ཤེས་རབ་ཅེས་པ་དེ་ཡིད་དཔྱོད་ཙམ་གྱི་གོ་བ་ཡིན་ཅིང་། ཐོས་དོན་ལ་ཡིད་དཔྱོད་ཙམ་གྱི་གོ་བ་ཆགས་པ་དེར་རིགས་པ་བཞི་ལ་སོགས་པའི་ཐོག་ནས་ཡང་ཡང་དཔྱད་ཅིང་། ཆོས་ཉིད་ཀྱི་རིགས་པ་དང་། ལྟོས་གྲུབ་ཀྱི་རིགས་པ། བྱ་བ་བྱེད་པའི་རིགས་པ་སོགས་དང་མཐུན་པར་དེང་སྐབས་ཚན་རིག་པས་དཔྱོད་ཚུལ་ཡང་དེ་རང་རེད་འདུག །དེ་དག་གི་ཐོག་ནས་བསྡོམས་བརྒྱབ་ཡོང་གི་ཡོད། དེས་ན་ཚན་རིག་པའི་མཁས་དབང་རྣམས་དང་མཉམ་དུ་དཔྱད་ནས་ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ། ལྟོས་གྲུབ་ཀྱི་རིགས་པ་སོགས་ལ་ཚན་རིག་པ་རྣམས་ཀྱིས་འགྲེལ་བཤད་མང་དུ་བྱེད་ཐུབ་ཀྱི་འདུག །
དེ་ཡང་ཕྱི་གཟུགས་ཅན་གྱི་དངོས་པོ་ཁོ་ནའི་ཐོག་ཡིན། ནང་སེམས་ཀྱི་རྣམ་གཞག་ཐོག་དེ་ཙམ་མེད། དེ་དག་དང་མཉམ་དུ་གོ་བསྡུར་བྱས་ནས། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་དེ་དབུ་མའི་ལྟ་བ་འགྲེལ་བཤད་བྱེད་རྒྱུར་ཧ་ཅང་ཡག་པོ་ཞིག་འདུག །འདོད་ཚུལ་གཅིག་མཚུངས་ལྟ་བུ་རེད་འདུག །ལོ་མང་གོང་ནས་རྒྱ་གར་གྱི་རྡུལ་ཕྲན་རིག་པའི་ཚན་རིག་པ་ར་རྗ་ར་མ་ན་ཞུ་བ་ཁོང་གིས། ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་དེ་འཛམ་གླིང་འདིའི་ཐོག་དུས་ཕྱིས་དར་བ་ཞིག་ཡིན་ལ། རྒྱ་གར་དུ་ལོ་ངོ་ཉིས་སྟོང་གོང་ནས་དར་འདུག་ཅེས་མགོན་པོ་ཀླུ་སྒྲུབ་ཀྱིས་གཞུང་ཞིག་ཏུ་ཚད་རྡུལ་དངོས་ཁམས་རིག་པའི་འདོད་ཚུལ་སྐོར་འདུག་ཅེས་གསུང་གི་འདུག །དེ་ནི་ཚན་རིག་པ་དང་མཉམ་དུ་ལྟོས་གྲུབ་ཀྱི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་སོགས་ཀྱི་ཐོག་ནས་གོ་བསྡུར་བྱེད་རྒྱུ་མང་པོ་ཞིག་འདུག་ལ། དེ་ལྟར་བྱས་པས་ཕན་ཐོགས་ཀྱང་རླབས་ཆེན་ཞིག་འདུག
ཀ་མ་ལ་ཤཱི་ལ་བོད་དུ་གདན་ཞུ་གནང་ནས། གཙོ་བོ་ཁོང་གི་ལས་འགན་གཅིག་ནི། རྒྱ་ཡི་མཁན་པོ་མི་སྡུག་པ་སྒོམ་པ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ཅེས་གསུང་མཁན་གྱི་རིགས་རྣམས་དང་བགྲོ་གླེང་གནང་ཞིང་། དེའི་སྐབས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཞུ་བསྐུལ་མཛད་དེ་སྒོམ་རིམ་ཐོག་མཐའ་བར་གསུམ་རྣམས་མཛད་པ་ཡིན། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་ལ། སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་དེ་ཡང་ས་སྐྱའི་མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱི་སྐུ་མདུན་ནས་ངོས་ཀྱིས་ཞུས་པ་ཡིན། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་གྱིས་གསན་ཡུལ་གྱི་མཚན་ཐུགས་དྲན་གསོས་པ་གནང་གི་མི་འདུག་ཀྱང་། མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་བསམ་ཡས་གཙུག་ལག་ཁང་དུ་གནས་གཟིགས་ཕེབས་སྐབས་ཤིག་ཏུ་བསམ་ཡས་སུ་མཁན་ཆེན་ཞི་འཚོའི་བཞུགས་ཁྲི་རེད་ཅེས་པའི་སྟེང་ནས་ཁམས་ཕྱོགས་ནས་ཕེབས་པའི་རྫོགས་ཆེན་གྱི་བླ་མ་ཞིག་གིས་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་གནང་སོང་བས། སྐབས་དེར་ཞུས་པ་ཡིན་ཞེས་གསུང་གི་འདུག །མཁན་རིན་པོ་ཆེ་སངས་རྒྱས་བསྟན་འཛིན་ཚད་ལྡན་ཡིན་པར་མ་ཟད། ཁོང་ལ་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་བཤད་ལུང་ཡོད་པ་དེ་མ་ཞུས་ཐབས་མེད་རེད་འདུག་སྙམ་པའི་ཐོག་ནས་ངོས་ཀྱིས་ཞུས་པ་ཡིན། དེ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཀ་མ་ལ་ཤཱི་ལ་ནི་བོད་གངས་ཅན་གྱི་ལྗོངས་ལ་ལྷག་པར་དུ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན། འདི་ཡན་རྣམས་རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་རྒྱུད་གཉིས་ཡོད་པ་ལས། ཟབ་མོ་ལྟ་རྒྱུད་ཀྱི་རིམ་པ་རྣམས་ཡིན། རྒྱ་ཆེན་སྤྱོད་རྒྱུད་ཀྱི་རིམ་པ་ནི།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
རྒྱལ་བའི་ལུང་གིས་ཟིན་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཀྱི་རང་ལུགས་དབུ་མ་པའི་ལྟ་བ་ཡིན་ཅིང་། རྒྱུད་བླ་ཐོགས་འགྲེལ་གྱི་སྐབས་སུ་དགོངས་པ་འགྲེལ་བཤད་བསྐྱོན་སྐབས། དབུ་མའི་ལུགས་ལྟར་དུ་གསུངས་ཡོད། ཁོང་གི་བཀའ་བབ་དེ་རྣམ་རིག་པའི་ལྟ་གྲུབ་རྒྱ་ཆེར་སྤེལ་རྒྱུ་དེ་བཀའ་བབ་ཀྱི་ལས་འགན་ཡིན། ཁོང་གིས་མཛད་པའི་མངོན་པ་ཀུན་བཏུས་སོགས་ཀྱི་གཞུང་རྣམས་ང་ཚོས་ནམ་རྒྱུན་འཆད་ཉན་བྱེད་བཞིན་ཡོད།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བྱམས་ཆོས་ཀྱི་གཞུང་གི་འགྲེལ་པའི་རིགས་ཡོད་ལ། རང་རྩོམ་ལ་མཚོན་ན་མངོན་པ་མཛོད་རང་འགྲེལ་དང་བཅས་པ་ནི་ང་ཚོས་ནམ་རྒྱུན་འཆད་ཉན་བྱ་རྒྱུའི་གཞུང་གཙོ་བོ་ཞིག་ཆགས་ཡོད།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
དིགྣཱགཿསྟེ་སློབ་དཔོན་ཕྱོགས་གླང་ནི། མཁས་པ་ཆེན་པོ་ཞིག་དང་། རིགས་པའི་ཐོག་ནས་དཔྱད་པ་བྱ་རྒྱུའི་རྣམ་དཔྱོད་ཕུལ་དུ་ཕྱིན་པ་རེད་འདུག །ཁོང་ནི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་དེ་ཡིན། ཁོང་གི་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་མེད་ནི། ཚད་མ་ཀུན་བཏུས་ལ་གཟིགས་ལ་རྟོགས་ཐུབ་པ་ཞིག་དང་། ཧ་ལས་པ་ཞིག་ཡོད།
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དཔལ་ལྡན་ཆོས་གྲགས་ནི། དངོས་གནས་རིགས་ལམ་མཐར་ཕྱིན་པའི་མཁས་པའི་སྐྱེས་མཆོག་ཅིག་ཡིན་ཅིང་། ཁོང་གིས་མཛད་པའི་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་ཆ་ཚང་བོད་ཡིག་ཏུ་བསྒྱུར་གནང་ཡོད། དེ་ཡང་ཁོང་གིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་དུ་བཀྲལ་བ་ཚད་མ་རྣམ་ངེས། བསྡུས་པ་རིགས་ཐིགས་བཅས་ཡོད་པའི་ནང་གི་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་ཡོད་པ་ལས། ལེའུ་གཉིས་པར།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་པ་ཕྱག་འཚལ་ནས། །
ཞེས་པའི་རྐང་པ་གཉིས་ཀྱི་འགྲེལ་པ་མཛད་སྐབས་ཧ་ལས་པའི་འགྲེལ་བཤད་ཟབ་པོ་ཞིག་ཡོད། དངོས་གནས་ནང་པ་སངས་རྒྱས་པའི་ཆོས་བདེན་བཞིའི་རྣམ་གཞག་ནས་བཟུང་སྟེ་ཡིད་ཆེས་ཐོབ་པ་ཞིག་ཁོང་གི་གཞུང་ལ་བརྟེན་ནས་ཡོང་གི་ཡོད་ལ། མ་རིག་པའི་འཛིན་སྟངས་དང་། དེའི་མ་རིག་པ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྟོང་ཉིད་ཀྱི་ལྟ་བའི་རྣམ་གཞག་རྣམས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནས་རྟེན་འབྱུང་གི་ལྟ་བ་དང་སྦྱར་ན་གཞན་དང་མི་འདྲ་བ་ཞིག་ཡོད་པར་མ་ཟད། བསྟན་པའི་གནད་ལ་ངེས་པ་བརྟན་པོ་རྙེད་ཐུབ་པའི་ཁྱད་པར་ཆེན་པོ་ཡོད།
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
སློབ་དཔོན་དབྱིག་གཉེན་གྱི་རང་མཁས་སློབ་མ་བཞིའི་ཡ་གྱལ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ་ཡིན་ཅིང་། འཕགས་པ་གྲོལ་སྡེ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན་ནའང་། སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་དགོངས་དོན་རྣམ་རིག་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ནས། ཁོང་གིས་དབུ་མའི་ལུགས་སུ་བཀྲལ་བ་གནང་ཡོད། དེའི་སྐོར་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་གྱི་དབུར། དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་ཧ་ཅང་ཞལ་གསལ་བཀོད་པ་དེ་ཡིན། གཞན་ཡང་འཕགས་པ་གྲོལ་སྡེས་ཉི་སྣང་མཛད་ཡོད།
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་དང་། འགྲེལ་པ་དོན་གསལ་བཅས་ཕར་ཕྱིན་ལ་སློབ་གཉེར་བྱེད་མཁན་དག་གིས་གཞུང་འདི་དག་གཙོ་བོར་འཆད་ཉན་བྱེད་བཞིན་ཡོད་ལ། འགྲེལ་པ་དོན་གསལ་བློ་འཛིན་བྱེད་མཁན་ཡང་མང་དུ་ཡོད།
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ལུང་སྡེ་བཞིའི་ནང་དོན་རྣམས་བསྡུས་ནས་ལེགས་བཤད་རྨད་དུ་བྱུང་བ་འདུལ་བ་མདོ་རྩ་བ་ཡིན་ལ། གཞན་ཡང་འདུལ་བ་རྒྱ་ཆེར་འགྲེལ་ལ་སོགས་པ་ནམ་རྒྱུན་ང་ཚོས་འདུལ་བའི་གཞུང་ལ་སློབ་གཉེར་བྱེད་སྐབས་འདུལ་གཞུང་འདི་དག་ལ་འཆད་ཉན་བྱེད་བཞིན་ཡོད།
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཁོང་གི་གསུང་འདུལ་བ་རྒྱ་ཆེར་འགྲེལ་ཡིན་པ་ཡོད།
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
ཇོ་བོ་ཨ་ཏི་ནས་བཟུང་སྟེ་བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་གསུམ་སླེབས་ཡོང་གི་ཡོད། བསྟན་པའི་ཁོག་འབུབས་པའི་དབང་དུ་བྱས་ན་བཀའ་གདམས་གཞུང་པ་བའི་འགྲོ་ལུགས་ལྟར་བྱེད་དགོས་ལ། བཀའ་གདམས་ལམ་རིམ་པས་སྟན་ཐོག་གཅིག་ལ་ལམ་ཡོངས་སུ་རྫོགས་པ་ཉམས་ལེན་བྱེད་ཚུལ་ཞིག་གསུང་གི་ཡོད། ནམ་རྒྱུན་ང་ཚོས་བློ་ལྡོག་རྣམ་བཞི་དང་། ལམ་འབྲས་གསུང་སྐབས་སྣང་གསུམ་ཞེས་གསུངས་པ་དེ་དག་ལམ་རིམ་གཞིར་བཞག་གིས་གསུང་གི་ཡོད། དེ་ནི་བཀའ་གདམས་ལམ་རིམ་པ་དང་། བཀའ་གདམས་མན་ངག་པའི་འགྲོ་ལུགས་ཡིན། དེའི་རྒྱབ་རྟེན་བཀའ་གདམས་གཞུང་པ་བའི་འགྲོ་ལུགས་དེ་ཧ་ཅང་གལ་གནད་ཆེན་པོ་རེད།
བཀའ་གདམས་གཞུང་པ་བར་བཀའ་གདམས་གཞུང་དྲུག་ཅེས་གསུངས་པ་ལས། གཙོ་བོ་གོང་ཞུས་ལྟར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་ཚུར་བསྡུས་ནས་ཉམས་ལེན་གྱི་རིམ་པར་བསྒྲིགས་སྐབས་མངོན་རྟོགས་རྒྱན་གྱི་གདམས་ངག་གི་འགྲོ་ལུགས་དེ་ཡིན། དེ་ཡང་མངོན་རྟོགས་རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །
སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དང་། དེ་བཞིན་རིགས་ཀྱི་རྣམ་གཞག་སོགས་ཐོན་ཡོང་གི་ཡོད། བློ་ལ་ཉམས་མྱོང་ཇི་ལྟར་སྐྱེ་སྟངས་ཀྱི་འགྲོ་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོ་ཡིན།
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པ་དེ་ལ་ཁུངས་བཅོལ་ནས།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
སྤྱིར་བདེན་གཉིས་གྲུབ་མཐའ་བཞི་ཀའི་གཞུང་ནས་གསུངས་ཤིང་། ལྷག་པར་ཕྱི་རོལ་མུ་སྟེགས་པས་ཀྱང་བདེན་གཉིས་བཤད་ཡོད། དེས་ན་སྐབས་འདིར་བདེན་གཉིས་ཞེས་པ་ནི། དབུ་མའི་གཞུང་ནས་གསུངས་པ་དང་། ལྷག་པར་དབུ་མ་འཇུག་པ་ལས།
དངོས་ཀུན་ཡང་དག་མཐོང་བའི་འཁྲུལ་པ་ཡིས། །
དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །
ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །
མཐོང་བ་འཁྲུལ་པའི་ཀུན་རྫོབ་བདེན་པར་གསུངས། །
ཞེས་བདེན་གཉིས་གསུངས་སྟངས་དེའི་ཐོག་ནས་གོ་བ་ལེགས་པར་བླངས། དེའི་སྙིང་པོ་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་དེ། དེ་ཁོ་ན་ཉིད་ཅེས་པ་དོན་དམ་བདེན་པ་དང་། རྟེན་འབྱུང་ཞེས་པ་དེས་སྣང་བ་རྟེན་འབྲེལ་མི་བསླུ་བ་དེའི་ཐོག་ནས་བསམ་བློ་བཏང་ན། བདེན་གཉིས་བཤད་པས་རྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་སླེབས་པ་དང་། རྟེན་ནས་བཏགས་པའི་རྟེན་འབྱུང་གི་གོ་བ་སླེབས་སྐབས། རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་གོ་བ་སླེབས་པ་དང་། རྒྱུ་འབྲས་རྟེན་འབྱུང་ལ་གོ་བ་སླེབས་པའི་ཐོག་ནས་བདེན་བཞིའི་རྣམ་གཞག་རྣམས་ཤེས་ཐུབ་པ་ཞིག་ཡིན་པས་ན།
བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །
དེའི་ཐོག་ནས་ཐར་པ་ངོ་འཕྲོད། ཐར་པ་ངོ་འཕྲོད་སྐབས་འགོག་ལམ་གྱི་ཆོས་དཀོན་མཆོག་ངོ་འཕྲོད། དེ་ལྟར་ངོ་ཆ་འཕྲོད་སྐབས་དེ་ལྟ་བུའི་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་དེ་རྟོགས་པ་མངོན་དུ་གྱུར་པའི་ཐོག་ནས་ཆོས་སྟོན་མཁན་གྱི་སྟོན་པ་ལ་བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ་ཡིད་ཆེས་སླེབས་པ། ང་ཚོས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་པའི་སྐབས་སུའང་དེ་ལྟར་གསལ་ཡོད།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ང་ཚོས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་ཀྱི་ཡོད། འོན་ཀྱང་སངས་རྒྱས་དང་། ཆོས། དགེ་འདུན་བཅས་གང་འདྲ་ཞིག་ལ་བརྗོད་ཅེ་ན། སྔར་བཅོམ་ལྡན་འདས་རྒྱ་གར་འཕགས་ཡུལ་དུ་བྱོན་པ་དང་། ཁོང་གིས་གསུངས་པ་རྣམས་ཆོས་དང་། དེའི་རྗེས་སུ་སློབ་མཁན་རྣམས་དགེ་འདུན་རེད་ཅེས་བརྗོད་ན་གོ་རྒྱུ་དེ་ཙམ་མེད། བུདྡྷ་འམ་སངས་རྒྱས་ཞེས་པའི་ཚིག་དེའི་གོ་དོན་ཇི་མ་ཇི་བཞིན་ཤེས་པ་ལ། སྤངས་རྟོགས་ཀྱི་ཡོན་ཏན་རྣམས་ཤེས་དགོས་པ་ཡིན། སྤངས་རྟོགས་ཀྱི་ཡོན་ཏན་ཤེས་པ་ལ། སྤངས་པ་བདེ་གཤེགས་དང་། རྟོགས་པ་བདེ་གཤེགས་སོགས་གསུངས་པ་རྣམས་ཤེས་དགོས་ཤིང་། དེ་ལྟར་ཡོང་བ་དེ་ཡང་གཙོ་བོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཉམས་བཞེས་མཛད། དེ་ཡང་ཐུགས་རྗེ་ཆེན་པོའམ་སྙིང་རྗེ་ཆེན་པོས་རྒྱབ་རྟེན་བྱས་པའི་ཐོག་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཉམས་བཞེས་གནང་ནས་སྤངས་པ་བདེ་གཤེགས་དང་། རྟོགས་པ་བདེ་གཤེགས་ཐོབ་པ་དང་། དེ་ལ་བརྟེན་ནས་སྐྱོབ་པ་བླ་ན་མེད་པ་དང་། ཚད་མའི་སྐྱེས་བུར་གྱུར་པ་འདི་ལྟར་དུ་འགྲོ་དགོས་པ་ཡིན། དེ་དག་གི་གནད་རྣམས་ཤེས་ན། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་བརྗོད་མ་ཐག་ལུས་ཀྱི་བ་སྤུ་གཡོ་བ་དང་། མིག་ནས་མཆི་བ་འཁྲུག་པ་སོགས་ཡོང་ཐུབ་པ་ཞིག་ཡིན།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཞེས་བརྗོད་སྐབས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་དེ་ལྟར་མེད་པའི་གསང་སྔགས་ཀྱི་ཆོས་ཤིག་གཏན་ནས་མེད་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤུནྱ་ཏཱ་ཛྙཱན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པའི་སྔགས་དེ་དག་གི་ནང་དོན་ཤེས་པ་ལ། དབུ་མའི་གཞུང་རྣམས་ལ་སློབ་གཉེར་མ་བྱས་པར། སྔགས་དེ་ཉིད་ལན་གྲངས་ཁྲི་འབུམ་མང་པོ་བསགས་ཀྱང་སྟོང་ཉིད་རྟོགས་ཐབས་མེད། སྟོང་པ་ཉིད་ཅེས་པ་དེ་དབུ་མའི་གཞུང་ནས་གསུངས་པ་རྣམས་ལ་སྦྱངས་ནས་བསམ་བློ་ཡང་ཡང་བཏང་ན་བྲོ་བ་ཞིག་ཁ་རྒྱུ་ཡོད། ཨོཾ་སྭབྷ་ཝ་ཤུདྡྷ་ཞེས་བརྗོད་སྐབས་བྲོ་བ་དམིགས་བསལ་ཞིག་ཡོད། སརྦ་དྷརྨ་སྭབྷ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་སྐབས་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་ཀྱི་གོ་བ་དེ་ཡང་ཚོར་བ་ཡོད་པ་ཞིག་སླེབས་ཐུབ་པ་ཡིན། དེ་ལྟར་མེད་ན་སྔགས་ཀྱི་ཆོ་ག་ཇི་ལྟར་བྱས་ཏེ་འདོན་དགོས་སམ། ཐ་མལ་པའི་སྣང་ཞེན་ལས་སྐྱོབ་ཅེས་བརྗོད་ཀྱི་ཡོད། ཐ་མལ་པའི་སྣང་ཞེན་ལས་སྐྱོབ་པ་ཞིག་ཡོང་བ་ལ། གཞི་རྩ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ཞིག་དགོས་པ་ཡིན། སྟོང་ཉིད་རྟོགས་པའི་བློ་མེད་ན་གསང་སྔགས་ཀྱི་ཆོས་གང་ཡང་ཡོང་ཐབས་མེད། དེས་ན།
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་གནད་ཀུན་ལ་ངེས་པ་བདེ་བླག་རྙེད་ཐུབ་པ་ཞིག་ཡོང་བ་ཡིན། དེར་བརྟེན།
ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
ཞེས་སོ།།
སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །
ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །
འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །
མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །
འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །
བྱ་བས་དུས་འདའ།
སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། །ཞེས་པའི་ཁོ་ནའི་སྒྲ་ནི་མི་ལྡན་རྣམ་གཅོད་མིན་པར་གཞན་ལྡན་རྣམ་གཅོད་ཡིན་ཅིང་། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་བཤད་པ་དང་སྒྲུབ་པ་ཁོ་ནས་འཛིན་པ་ལས། ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་པས་མི་ཕན་ལ། དགེ་འདུན་འདུས་ཚོགས་ཡོད་པ་ཙམ་གྱིས་ཀྱང་ཕན་ཐོགས་མེད། མདོར་ན་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་འཛིན་དགོས་གསུངས་པ་ཡིན།
ལོག་འཚོ་ཡོངས་སྤངས་པའི། །
ཞེས་པ་ནི། ང་རང་ཚོའི་སྔར་གྱི་འགྲོ་སྟངས་མང་པོ་ཞིག་ལོག་འཚོའི་གཡའ་ཅུང་ཟད་ཡོད་ཅིང་། འགྱེད་དང་མང་ཇར་བརྟེན་པ་དང་། གཞན་གྱི་འབུལ་བ་སོགས་བཞེས་པ་ལས་རང་ཉིད་ཀྱིས་ཆོས་རྣམ་དག་གི་ཉམས་ལེན་དེ་ཙམ་མེད་པ་ལྟ་བུ་ཡོང་གི་འདུག
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །
འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །
དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །
གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །
ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །
ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནི། ཉི་མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར། །གསུང་གི་འོད་ཟེར་དག་གིས་འཇིག་རྟེན་གསལ་བར་མཛད། །སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །མྱ་ངན་འདས་དོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་འོད་ཟེར་གྱིས་གདུལ་བྱའི་རྒྱུད་ཀྱི་བློ་གྲོས་ཀྱི་པདྨོ་ཁ་འབྱེད་པར་གསུངས་པས་ན། བཅོམ་ལྡན་འདས་ཀྱི་ཆོས་ལ་ཞེན་ཁོག་བྱས་ཏེ་ང་ནང་པ་ཡིན། བཅོམ་ལྡན་འདས་རྩ་ཆེན་ཡིན་ཞེས་བརྗོད་པ་ལྟ་བུ་མིན་པར། བཅོམ་ལྡན་འདས་ཀྱི་གསུང་ལ་གཟུ་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱས། དེ་ཡང་བཅོམ་ལྡན་རང་ཉིད་ཀྱིས་ཀྱང་བརྟག་དཔྱད་བྱེད་དགོས་ཞེས་གསུངས་ཡོད།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་བཅོམ་ལྡན་རང་ཉིད་ཀྱིས་གསུངས་པའི་ཆོས་འཁོར་རྣམས་བཅོམ་ལྡན་འདས་ལ་ཡིད་ཆེས་དང་། དད་པ་བྱས་ཏེ་དེ་དེ་བཞིན་ནོ་ཞེས་བརྗོད་མི་དགོས་པར། བཅོམ་ལྡན་འདས་རང་ཉིད་ཀྱིས་བསྟན་པའི་ཆོས་ཚུལ་དེ་དག་ལ་རིགས་པ་བཞི་སྟེ། ཆོས་ཉིད་ཀྱི་རིགས་པ་དང་། བྱ་བ་བྱས་པའི་རིགས་པ། ལྟོས་པའི་རིགས་པ། འཐད་སྒྲུབ་ཀྱི་རིགས་པ་བཞིའི་ཐོག་ནས་བརྟག་དཔྱད་བྱེད་དགོས་པར་གསུངས་ཡོད། དཔེར་ན། ཀླུ་སྒྲུབ་ཡབ་སྲས་ལྟ་བུས་བཅོམ་ལྡན་རང་ཉིད་ཀྱི་བཀའ་ལ་རིགས་པ་བཞིའི་སྒོ་ནས་དཔྱད་པའི་ཚེ་བཀའ་འདི་དང་འདི་ཞེས་བྱ་བ་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་ཞེས་དེ་ལ་རིགས་པའི་གནོད་པ་བསྟན་ནས་ནམ་རྒྱུན་གྱི་འགྲོ་ལུགས་ལྟར་དྲང་དོན་དུ་བཀྲལ་གནང་ཡོད། ཡང་བཅོམ་ལྡན་འདས་ཀྱི་བཀའ་འདི་དང་འདི་ཞེས་བྱ་བ་རིགས་པས་ཇི་ཙམ་དཔྱད་པ་དེའི་ཚོད་ཀྱིས་ངེས་པར་སྟེར་ཐུབ་པ་ཞིག་པ་དང་། རིགས་པས་དཔྱད་ནས་དཔྱད་དོན་རྒྱུད་ལ་སྦྱར་ནས་དངོས་སུ་བློ་ལ་འགྱུར་བ་ཐེབས་རྒྱུ་ཡོད་པ་དང་། མདོར་ན་རིགས་པས་དཔྱད་ཅིང་། དངོས་སུ་ཚོད་ལྟ་བྱས་པའི་ཐོག་ནས་ངེས་པ་ཐོབ་པ་ཞིག་ཡོད་ན་བཅོམ་ལྡན་འདས་ཀྱི་བཀའ་དེ་སྒྲ་ཇི་བཞིན་པར་ཁས་བླངས་ན་རུང་ཞེས་དཔྱད་པ་གནང་གི་ཡོད།
དེས་ན་ཕལ་ཆེར་འཛམ་གླིང་འདིའི་ཐོག་ཏུ་སྟོན་པ་མང་དུ་ཡོད་ལ། དེ་དག་ཀྱང་དངོས་གནས་སྐྱེ་འགྲོ་ས་ཡ་དང་། བྱེ་བ། དུང་ཕྱུར་མང་པོར་འདས་པའི་ལོ་ངོ་སྟོང་ཕྲག་གི་རིང་ལ་ཕན་པ་བསྒྲུབས་ཡོད་ལ། ད་ལྟ་ཡང་ཕན་ཐོག་སྒྲུབ་བཞིན་པ་དང་། མ་འོངས་པར་ཕན་ཐོགས་བསྒྲུབ་པར་འགྱུར་བ་རེད། དེ་ལྟར་ཆོས་ལུགས་ཚང་མར་ང་ཚོས་ངོ་མཚར་སྐྱེ་བའི་ཐོག་ནས་གུས་ཞབས་བྱེད་དགོས་པ་དང་། དེ་ལྟ་བུའི་སྟོན་པ་མང་དུ་ཡོད་པའི་ནང་ནས་ལྟ་གྲུབ་ཀྱི་སྐོར་གསུངས་སྐབས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་དག་རིགས་པའི་ཐོག་ནས་བརྟག་དཔྱད་བྱ་རྒྱུ་ཞིག་གསུངས་ཡོད་སྟབས། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། སངས་རྒྱས་པའི་ཆོས་ཚུལ་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་རིགས་པས་དཔྱད་པ་བྱས་པའི་ཐོག་ནས་འགྲོ་བ་དེ་གལ་གནད་ཆེན་པོར་གསུངས་ཡོད་ལ། མཁས་པའི་དབང་པོ་དེ་དག་གིས་ང་ཚོར་རྨད་དུ་བྱུང་བའི་ལམ་སྟོན་གནང་ཡོད། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་པ་དང་། ལྷག་པར་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱེད་རྒྱུ་དང་། ཡང་སྒོས་འཕྲུལ་ཆས་ཀྱི་ཐོག་ནས་ཞིབ་འཇུག་བྱེད་པའི་ནུས་པ་ཤུགས་ཆེར་ཕྱིན་པའི་ལམ་ནས་བརྟག་དཔྱད་མང་དུ་བྱས་པའི་གྲུབ་དོན་གཏན་ལ་ཕབ་མང་པོ་ཐོན་ཡོང་གི་ཡོད།
སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་ནའང་། ཕྱི་དངོས་པོའི་འདུ་ལོང་འཁྲུག་སྐབས་འདིར། རྗེ་བཙུན་མི་ལས། ཕྱི་ཆོས་པའི་གཟུགས་སུ་སྣང་བ་ལ་ནང་ཆོས་པར་མ་ངེས་པ་ནི་སྣང་ལ་མ་ངེས་པ་རེད་ཅེས་གསུངས་པ་ལྟ་བུ་ཡོང་བཞིན་ཡོད། དེ་ལྟར་ཡོང་བ་ནི་སངས་རྒྱས་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་ཤེས་ནས་དད་པ་ཐོབ་པ་ཞིག་ཡོད་ན། དེ་ལྟ་བུའི་སྒོ་ལྔའི་ཤེས་པར་བདེ་བ་སྟེར་བའི་རྣམ་གཡེང་འདུ་འཛིའི་རིགས་ལ་ཡིད་སྨོན་ནས་འགྲོ་བ་ཞིག་མི་ཡོང་བ་ཡིན། དེས་ན་ང་ཚོ་མང་པོ་ཞིག་གིས་བློའི་ཟུར་ནས་ཡིད་སྨོན་གང་འཚམ་སྐྱེ་བཞིན་འདུག །དེས་ན་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་མང་ཚོགས་དང་། དགེ་འདུན་པའི་ནང་ནས་ཀྱང་ཤེས་ནས་དད་པ་ཐོབ་པ་ཉུང་ཉུང་ཡིན། དེར་བརྟེན་ལས་ཀ་གང་ཞིག་ཡིན་ནའང་། དངོས་ཡོད་གནས་ཚུལ་ལ་ཁ་ཡོད་ལག་ཡོད་ཅིག་བྱེད་དགོས་ལ། དེ་བཞིན་ཆོས་ཉམས་ལེན་བྱ་རྒྱུ་དེ་ཡང་ཁ་ཡོད་ལག་ཡོད་ཅིག་དགོས་པ་ལས། ཁ་ནས་འདྲ་ཆགས་བརྗོད་པ་ལས་ཙམ་ལས་དོན་ལ་ལག་བསྟར་མེད་པའི་ཐོག་ཏུ་ཕྱིན་ན་གཞན་ལ་མགོ་སྐོར་བཏང་བར་མ་ཟད། རང་གིས་རང་ལའང་མགོ་སྐོར་གཏོང་གི་ཡོད། དེས་ན་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བ་ལ། གཟུ་བོའི་བློས། ཞེས་པ་སྟེ། དབུ་མ་བཞི་བརྒྱ་པ་ལས། སྣོད་ལྡན་སློབ་མའི་མཚན་ཉིད་གསུངས་སྐབས།
གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །
ཅེས་གསུངས་པ་ལྟར། བློ་གཟུ་བོར་གནས་པ་ཞིག་དགོས་པ་དང་། བློ་གཟུ་བོར་མི་གནས་པར་ཕྱོགས་སུ་ལྷུང་ན། རང་ཕྱོགས་ལ་ཞེན་ཆགས་བྱེད་པ་དང་། ཕ་རོལ་པོའི་ཆོས་ལུགས་ལ་སྡང་བ་བྱེད་པ་ལྟ་བུའི་ཐོག་ཏུ་ཕྱིན་ན། རང་ཉིད་ཀྱི་ཞེན་ཆགས་བྱེད་ཡུལ་དེའི་སྐྱོན་ཡང་སྐྱོན་དུ་མི་མཐོང་ཞིང་། ཕ་རོལ་པོའི་ཡོན་ཏན་ཡང་ཡོན་ཏན་དུ་མ་མཐོང་བ་ཡོང་བརྟེན་བློ་གཟུ་བོར་གནས་དགོས་པར་གསུངས་ཡོད།
ཐེ་ཚོམ་གྱི་སྒོ་ནས། བརྟག་དཔྱད་བྱེད་པ་ལ་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་མེད་པར་ཡིན་ཤག་ཏུ་ངོས་འཛིན་བྱས་ན་བརྟག་དཔྱད་མི་བྱེད། ཡིན་མིན་དང་། ཡོད་མེད་སོགས་ཀྱི་ཐེ་ཚོམ་ངེས་པར་དུ་དགོས་པ་ཡིན། ནམ་རྒྱུན་ང་ཚོས་རྩ་ཉོན་དྲུག་སྟེ། མ་རིག་པ་དང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། ཐེ་ཚོམ་དང༌། ལྟ་བ་བཅས་ཀྱི་ནང་ཚན་གྱི་ཐེ་ཚོམ་ནི་ཐེ་ཚོམ་ཉོན་མོངས་ཅན་ཡིན། ཐེ་ཚོམ་གྱི་ཐོག་ནས་དོགས་པ་བསླངས་ཤིང་། དོགས་པས་རྩད་གཅོད་བྱས། རྩད་གཅོད་བྱས་ཏེ་བདེན་དོན་ཤེས་ཐུབ་པ་ཞིག་ཡོང་བ་ཡིན།
ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། བརྟག་དཔྱད་ཡང་ཡང་བྱས་པའི་མཐར་འདི་ལ་རིགས་པའི་གནོད་པ་མེད་ཅིང་། རིགས་པའི་རྒྱབ་རྟེན་འདུག་སྙམ་པ་ཞིག་བློ་ངོར་འཆར་སྐབས། དེ་ལ་དད་པ་དང་ཡིད་ཆེས་སླེབས་ཡོང་བ་ཡིན། ལྷག་པར་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་དེ་བདེན་བཞིའི་ཐོག་ནས་གསུང་གི་ཡོད། དེས་ན་སྡུག་བསྔལ་བདེན་པའི་ཉེས་པ་མཐོང་ཞིང་། སྡུག་བསྔལ་བདེན་པ་ངོ་འཕྲོད་པ་དང་། དེའི་རྒྱུ་ཀུན་འབྱུང་བདེན་པ་ངོ་ཤེས། ཀུན་འབྱུང་གི་རྩ་བ་མ་རིག་པ་ལ་གཞན་ཡུལ་ལ་འཁྲུལ་བའི་ལོག་ཤེས་ཡིན་པ་དང་། དེའི་འཛིན་སྟངས་ཀྱི་ཡུལ་ལ་རིགས་པའི་གནོད་པ་ཡོད་པས་ན།
ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །
ཞེས་གསུངས་པ་ལྟར། དེ་ལྟ་བུའི་ཐོག་ནས་མ་རིག་པ་ཞེས་པ་དེ་སྤོང་ཐུབ་པ་ཞིག་ཡིན་པ་མཐོང་ན། མ་རིག་པ་བྲལ་བའི་བྲལ་བ་ཞེས་པ་ཞིག་སྤྱིར་ཤེས་བྱ་ལ་ཡོད་པ་དང་། ཡང་སྒོས་ང་རང་ཚོའི་རྒྱུད་སྟེང་ལ་སྒྲུབ་རུང་ཡིན་པ་ཞིག་མཐོང་ན་དེ་ལ་དོན་གཉེར་གྱི་བློ་སླེབས་ངེས་ཡིན། གཞན་གྱིས་བརྗོད་པ་དང་། ཕྱག་དཔེའི་ནང་དུ་འཁོད་པ་གཅིག་པུ་མིན་པར་བསམ་བློ་ཡང་ཡང་བཏང་ན་དེ་ནི་ཁྱད་མཚར་འདུག་སྙམ་པ་ཞིག་དྲན་ཐུབ་པ་ཡོང་བ་ཡིན། དེ་ལྟ་བུའི་ཐོག་ནས་ཐར་པ་སྒྲུབ་པའི་ལམ་དེ་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཙོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་དང་། དེའི་གཞི་རྟེན་ལ་ཏིང་ངེ་འཛིན་གྱི་བསླབ་པ། བསླབ་པ་དེ་གཉིས་ཀྱི་གཞི་རྩ་བ་བཞག་ས་ཚུལ་ཁྲིམས་ཀྱི་བསླབ་པ་བཅས་བསླབ་པ་གསུམ་ལ་ངེས་པ་ཐོབ་ཐུབ་པ་ཞིག་ཡོང་བ་ཡིན། རྒྱུ་མཚན་འདི་ལྟར་ལ་བརྟེན་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདི་ཉིད་བྲིས་པ་ཡིན།
ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་།
ཡང་གསལ་བཤད་ཞུ་འདོད་པ་གཅིག་ལ། དེ་སྔ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད་ཅེས་རྒྱ་གར་ནང་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ལུགས་དྲི་མ་མེད་པ་དེ་མིན་ཞེས་གསུང་མཁན་རིགས་གཅིག་ཡོང་གི་ཡོད། དེ་བཞིན་ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་ནས། བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས། གསང་སྔགས་ཀྱི་འགྲོ་ལུགས་ལེགས་པོ་ཤེས་ཀྱི་མེད་ཀྱང་། སྔགས་ཀྱི་སྐོར་དར་སོ་ཧ་ཅང་ཆེན་པོ་བྱུང་བའི་དབང་གིས་གསང་སྔགས་ཀྱི་ཐོག་ནས་སྤྱོད་པ་འཆལ་བ་སོགས་ཀྱི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་རྣམ་དག་མིན་ཞེས་བརྗོད་མཁན་ཡོང་གི་ཡོད།
སྐབས་ཤིག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོམ་དུ་འཛམ་གླིང་ཆོས་ལུགས་ལྷན་ཚོགས་འཚོགས་སྐབས་ངོས་རང་ཕྱིན་པ་ཡིན། སྐབས་དེར་འབར་མའི་དགེ་སློང་འདུལ་བ་འཛིན་པ་ཧ་ཅང་ཡག་པོ་གཉིས་ཕེབས་འདུག །ཁོང་གཉིས་ཀྱིས་ངོས་རང་ཐུག་འཕྲད་བྱེད་དགོས་ཞེས་བརྗོད་པ་ལྟར་མཇལ་འཕྲད་བྱུང་། སྐབས་དེར་ཁོང་གཉིས་ཀྱིས་ང་ཚོ་ཧ་ཅང་མི་འདྲ་བ་ཡོད་ཀྱང་། སྤྱིར་སངས་རྒྱས་ཀྱི་རྗེས་སུ་འབྲང་མཁན་གཅིག་པ་རེད་ཅེས་གསུངས་བྱུང་བས། ངོས་རང་ལམ་སེང་འདི་ལྟར་དྲན་བྱུང་། བོད་ལ་སྔགས་ཀྱི་མཐོ་སྤྱོད་ཀྱི་ཉམས་ལེན་ལྟ་བུའི་ཐོག་ཏུ་ཕྱིན་པ་ལས། འདུལ་བའི་ཉམས་ལེན་མེད་པར་དགོངས་འདུག་སྙམ་པ་ཞིག་བྱུང་། ངོས་ནས་མི་མཐུན་ཡོད་པ་དངོས་བདེན་རེད། འོན་ཀྱང་རྩ་བའི་འགྲོ་ལུགས་འདུལ་བའི་བསྟན་པ་གཞི་ལ་བཞག་པའི་ཐོག་ནས་འགྲོ་བཞིན་ཡོད།
ཉན་ཐོས་ཀྱི་རྩ་བའི་སྡེ་པ་འོད་སྲུང་ནས་བརྒྱུད་པ་ཕལ་ཆེན་སྡེ་པ་དང༌། སྒྲ་གཅན་འཛིན་ནས་བརྒྱུད་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཀ་ཏྱཱ་ཡ་ན་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ། ཉེ་བར་འཁོར་ནས་བརྒྱུད་པ་མང་བཀུར་བའི་སྡེ་པ་བཅས་བཞི་ལས། ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་འདུལ་བའི་སྡོམ་རྒྱུན་ཡིན་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་དེ་བཞིན་བཅོམ་ལྡན་འདས་ནས་ནས་ཤཱ་རིའི་བུ་དང་། དེ་རྗེས་སྲས་སྒྲ་གཅན་འཛིན་དང་། བྲམ་ཟེ་སྒྲ་གཅན་འཛིན། དེ་ནས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ་བཅས་དེ་དག་ནས་བརྒྱུད་ནས་མཁན་ཆེན་ཞི་བ་འཚོས་ཞུས་པ་དང་། མཁན་ཆེན་ཞི་བ་འཚོ་རང་ཉིད་བོད་དུ་དུས་རབས་བརྒྱད་པའི་ནང་དངོས་སུ་ཕེབས་ནས་ཁོང་གིས་གནང་བའི་སྡོམ་རྒྱུན་ཡིན། དེས་ན་ང་རང་ཚོའི་འདུལ་བའི་སྡོམ་རྒྱུན་དེ་ནི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་དེ་ཡིན།
ཇོ་བོ་རྗེའི་སྡོམ་རྒྱུན་དེ་བཞིན་ཕལ་ཆེན་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་ཡིན་ཅིང་། ཇོ་བོ་རྗེ་བོད་དུ་ཕེབས་སྐབས་དགེ་སློང་གི་སྡོམ་རྒྱུན་གནང་རོགས་ཞེས་ཞུ་མཁན་འགའ་ཞིག་བྱུང་ཡོད། ཇོ་བོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་དང་། ཕལ་ཆེར་སྡེ་པ་གཉིས་བསྡུར་ན་ཕལ་ཆེར་སྡེ་པའི་ཕྱག་ལེན་ཅུང་ཟད་ཡང་བ་ཡོད་ཚུལ་འདུག །དེས་ན་ཇོ་བོ་རྗེས་བོད་ལ་མཁན་ཆེན་ཞི་འཚོས་གནང་བའི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་སྡོམ་རྒྱུན་ཡོད་མུས་ཡིན་པས། ཇོ་བོ་རྗེས་ཕལ་ཆེན་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་གནང་གི་མིན་ཞེས་གསུངས་ཡོད།
མདོར་ན་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་གཞི་ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་སྡོམ་རྒྱུན་ཏེ། པྲ་ཏི་མོཀྵཿའམ་སོ་སོར་ཐར་པའི་མདོ་དེ་ལེགས་སྦྱར་གྱི་ཐོག་ཏུ་ཡོད་ཅིང་། སོ་སོར་ཐར་པའི་མདོའི་ནང་དངོས་བསྟན་ལྟུང་བ་བགྲང་བར་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། ཉེས་བྱས་བརྒྱ་དང་བཅུ་གཉིས། སོར་བཤགས་བཞི་ཞེས་གསུངས་པ་ལྟར་གྱི་ཉེས་བྱས་བརྒྱ་དང་བཅུ་གཉིས་ཡོད་ཅིང་། པཱ་ལིའི་ཐོག་ཡོད་པའི་སོ་སོར་ཐར་པའི་མདོའི་ནང་དུ་ཡོད་པ་ནི། ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་གོ་གཉིས། ཉེས་བྱས་དོན་ལྔ་ཙམ་ཞིག་བཅས་ཉེས་བྱས་རྣམས་གནད་འགག་ཆེ་བ་མེད། ནམ་རྒྱུན་ང་ཚོས་འདོན་བཞིན་པའི་སོ་ཐར་གྱི་མདོ་ལས། ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེང་ཀ་ལྟར་མ་ཡིན་པ་དང་། སྦྲུལ་ཕུང་པོ་ལྟར་མ་ཡིན་པ་ལྟར་བགོ་བར་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་གྱི་སྡོམ་ལས།
ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་པ་ནི་རྣམ་པ་གསུམ། །
ཞེས་གསུངས་ཡོད། པཱ་ལིའི་གཞུང་དུ། ཤམ་ཐབས་ལ་རྣམ་པ་གཅིག་དང་། སྟོད་གཡོགས་ལ་རྣམ་གསུམ་ཞེས་པའི་སྐབས་སུ་སྟོད་གཡོགས་ལ་རྣམ་པ་གཅིག་སོགས་ཀྱི་རྒྱས་བསྡུས་ཡོད། དེ་དག་ནི་ཧ་ཅང་ཆུང་རྩག་གི་རིགས་ཡིན་ལ། གནད་འགག་ཆེ་བ་གང་ཡང་མེད། དེ་མིན་ཐོག་མར་སྡོམ་པ་ལེན་པ་དང་། བར་དུ་སྡོམ་པ་སྲུང་བ། མཐར་ཉམས་ན་ཕྱིར་བཅོས་པ་བཅས་ཀྱི་འགྲོ་ལུགས་རྣམས་གཅིག་མཚུངས་ཡིན། ངོས་ནས་འདི་ལྟར་ཁོང་གཉིས་ལ་ཞིབ་ཕྲ་ཞུས་མེད་ཀྱང་། མདོར་ན་འདུལ་བའི་སྡོམ་རྒྱུན་འདི་ལྟར་ཡིན་ལ། དངོས་བཅས་ཀྱི་ལྟུང་བར་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་ཚུལ་རྣམས་ཞུས་པར། ཁོང་གཉིས་ནས་དེ་ལྟར་ཡོད་དམ་ཞེས་གསུང་གི་འདུག །དེས་ན་བོད་ལ་འདུལ་བའི་ཕྱག་ལེན་དེ་ཙམ་མེད་པ་ལྟ་བུར་ངོས་འཛིན་གནང་གི་འདུག །མདོར་ན་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆོས་རྣམ་དག་མིན་པ་ལྟ་བུའི་མཐོང་ཚུལ་ཞིག་ཡོང་གི་ཡོད།
དེ་བཞིན་ཐེག་ཆེན་དང་ཐེག་དམན་ཞེས་བརྗོད་པ་དེས་ཀྱང་། མི་བདེ་བ་ཞིག་བཟོས་ཡོང་གི་ཡོད། མ་གཞི་ང་རང་ཚོས། སྒྲ་རྟོག་སེལ་བས་འཇུག་པ་ཞེས་སྒྲ་ཡི་རྗེས་སུ་རྟོག་པ་ཞུགས་པར་བརྟེན་སྒྲས་མི་མཐུན་པ་ཞིག་ཐོན་སྐབས་རྟོག་པས་ཀྱང་མི་འདྲ་བ་ཞིག་བློ་ངོར་འཆར་བ་ལྟ་བུ་ཡོང་གི་ཡོད། དེས་ན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་མིང་ཙམ་ལ་མི་འཇོག་པར། ཐེག་པ་ཆེན་པོ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ནམ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་ནི་ཐེག་ཆེན་པོའི་གཞུང་གི་སློབ་དཔོན་གཙོ་བོ་ཡིན་ཅིང་། སློབ་དཔོན་དེ་དག་གིས་མཛད་པའི་གཞུང་ལ་བལྟས་ན་ཤེས་རྟོགས་ཐུབ་པ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་དེ་གང་འདྲ་ཞིག་ཡོད་མེད་སོགས་ནི། ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་གཞུང་ལུགས་དེ་དག་ལ་བལྟས་ན་ཤེས་ཐུབ་པ་ཡིན།
དེས་ན་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་པ་ནི། ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་བཅས་དང་། གྲུབ་མཐར་ཆ་མཚོན་ནའང་། མངོན་པ་མཛོད་དང་། འདུལ་བ་སོགས་ཀྱི་སྐབས་སུ་སྤྱིར་བྱེ་བྲག་སྨྲ་བའི་འདོད་པ་རྣམས་ཐོན་ཡོང་གི་ཡོད་ལ། ཚད་མ་རྣམ་འགྲེལ་གྱི་སྐབས་སུ་མདོ་སྡེ་པའི་གྲུབ་མཐར་སློབ་གཉེར་བྱེད་བཞིན་ཡོད། ཕར་ཕྱིན་གཞུང་ཁག་གི་ཐོག་ཏུ་སླེབས་སྐབས་རྣམ་རིག་པའི་ལྟ་བར་ཡང་སློབ་སྦྱོང་བྱེད་བཞིན་ཡོད། དེ་བཞིན་རྣམ་འགྲེལ་གྱི་ནང་དུའང་རྣམ་རིག་པའི་ལྟ་བ་གསུངས་པ་ལྟར་སློབ་སྦྱོང་བྱེད་བཞིན་ཡོད། དེ་ནས་ཡར་དབུ་མ་ལྟ་བ་ཡང་སློབ་སྦྱོང་བྱེད་བཞིན་ཡོད་པས། མདོར་ན་བྱེ་མདོ་དང་དབུ་སེམས་བཅས་གྲུབ་མཐའ་བཞི་ཀར་སློབ་སྦྱོང་བྱེད་བཞིན་ཡོད། མཁས་པ་དེ་དག་གི་གཞུང་ནས་གྲུབ་མཐའ་བཞི་ཀའི་ལྟ་གྲུབ་ཀྱི་རྣམ་གཞག་གསུང་གི་ཡོད། དེས་ན་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་བསམ་པའི་སྒོ་ནས་ཐེག་པ་ཆེ་ཆུང་དང་། ཤེས་རབ་ཀྱི་ཆ་ནས་གྲུབ་མཐའ་བཞི་བཅས་གསུངས་པ་དེ་དག་ཆ་ཚང་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ལུགས་ནང་དུ་ཡོད་པ་ཞིག་ཡིན། དེས་ན་པཎ་གྲུབ་བཅུ་བདུན་གྱི་གཞུང་ལུགས་རྣམས་ལ་རྒྱུས་མངའ་ཡོད་པ་ཞིག་བྱས་ན། བོད་གངས་ཅན་ལྗོངས་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་ཤེས་ཐུབ་པ་ཡིན། དེ་མིན་ཤེས་ལ་མ་ཤེས་མཁན་གྱི་མིས་བཤད་པ་དང་། དེས་བཤད་པ་རྣམས་ཡིག་ཐོག་ཏུ་བཀོད་པ་སོགས་བྱེད་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་རེད་ཅེས་པ་དང་། མུ་སྟེགས་པའི་གསང་སྔགས་དང་འདྲེས་པ་རེད་ཟེར་བ་སོགས་ཡོང་གི་ཡོད། དེས་ན་དཔེ་ཆ་ལྟ་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། བལྟ་རྒྱུའི་དཔེ་ཆ་དེ་ཡང་རྣམ་ཐར་སོགས་ཀྱང་རྩ་ཆེན་པོ་ཡིན་ནའང་། གལ་གནད་ཆེ་ཤོས་མཚན་ཉིད་ཀྱི་གཞུང་ཆེན་རྣམས་ལ་ལྟ་དགོས་པ་ཡིན། ཆོ་ག་འདོན་རྒྱུའི་རིགས་རྣམས་གལ་ཆེན་པོ་ཡིན་ནའང་། གཙོ་གནད་ཆེ་ཤོས་བསྟན་པའི་རྣམ་གཞག་གི་སྒྲོ་འདོགས་གཅོད་པའི་གཞུང་ནི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་རྣམས་ལ་བལྟ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
ཕྱོགས་གཅིག་ནས་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་དཔལ་ནཱ་ལེནྡྲར་ཡོད་པ་དེ་ནས་བརྒྱུད་པ་ཞིག་ཡིན་པ་ཤེས་ཡོང་སྐབས། སངས་རྒྱས་པའི་ཆོས་ངོ་མ་ཡིན་པ་ཞིག་ཤེས་ཐུབ་པ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོ་བོད་པ་ནང་ཚགས་ལ་ང་རྙིང་མ་ཡིན། ང་བཀའ་བརྒྱུད་པ་ཡིན། ང་ས་སྐྱ་པ་ཡིན། ང་དགེ་ལུགས་པ་ཡིན། ང་ཇོ་ནང་པ་ཡིན་ཞེས་བརྗོད་དེ། དཔེར་ན། དགེ་ལུགས་པ་ཡིན་ན་རྙིང་མའི་དཔེ་ཆ་ཞིག་ཁང་པའི་ནང་དུ་བཞག་ནའང་མི་འགྲིགས་པ་ལྟ་བུར་བརྩི་མཁན་དེ་འདྲ་ཡོད། ཡང་རྙིང་མ་པ་ཞིག་གིས་དགེ་ལུགས་པའི་དཔེ་ཆར་གསར་དྲི་ཁ་གི་རེད་ཅེས་ཕར་འཇོག་པ་དང་། དགེ་ལུགས་པ་ཞིག་གིས་རྙིང་མའི་དཔེ་ཆར་དེ་ལ་རྙིང་དྲི་ཁ་གི་འདུག་ཅེས་བརྗོད་པ་ལྟ་བུ་ཡོང་གི་ཡོད། དེས་ན་གང་ལྟར་ང་རང་ཚོའི་ཆོས་བརྒྱུད་ཚང་མ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གི་གཞུང་ལུགས་རྣམས་ང་ཚོ་ཚང་མས་ལྟ་བཞིན་ཡོད། ས་དགེ་བཀའ་རྙིང་ཇོ་ནང་པ་གང་ཞིག་ཡིན་ནའང་། དཔལ་ནཱ་ལེནྡྲའི་གཞུང་རྣམས་ཚང་མས་ལྟ་བཞིན་ཡོད། གཞུང་འདི་དག་ང་ཚོ་སྤྱི་པའི་གཞུང་ལུགས་ཆགས་ཡོད།
ལྷག་པར་དེང་སྐབས་བོན་པོའི་སྨན་རིའི་དགོན་པར་ཆ་མཚོན་ན། དབུ་མ་འཇུག་པ་དང་། ཚད་མའི་གཞུང་ལ་སློབ་གཉེར་གནང་བཞིན་ཡོད། དཔལ་ནཱ་ལེནྡྲའི་གཞུང་ཞེས་བརྗོད་ན། བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་ཧ་ལམ་བོན་དང་བཅས་པ་ཐུན་མོང་གི་གཞུང་ཆགས་ཡོད། དཔེར་ན། དུས་ཕྱིས་ཀྱི་མཁན་པོ་གཞན་དགས་མཛད་པའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཞེས་བརྗོད་ཚེ། བོད་སྤྱི་དང་ལྷག་པར་ཁམས་ཕྱོགས་སུ་གཞུང་ཆེན་བཅུ་གསུམ་ཞེས་བརྗོད་ན། ས་དགེ་བཀའ་རྙིང་ཚང་མས་གཟིགས་བཞིན་ཡོད། གཞུང་ལུགས་དེ་དག་གཙོ་ཆེ་བ་དཔལ་ནཱ་ལེནྡྲའི་མཁས་པས་མཛད་པའི་གཞུང་ཆགས་ཡོད། དེས་ན་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཚང་མ་གཅིག་ཏུ་སྒྲིལ་ཡོང་བ་ཞིག་འདུག །དེ་མིན་གསང་བ་འདུས་པ་དང་། དགྱེས་པ་རྡོ་རྗེ། སྒྲུབ་པ་བཀའ་བརྒྱད། འཕགས་མོ་སོགས་སླེབས་ཡོང་ན་རྒྱུད་སྡེ་སོ་སོར་བྱས་ཏེ་མི་འདྲ་བ་རེ་ཡོད། དཔེར་ན། དཔལ་ལྡན་ས་སྐྱ་པ་ཡིན་ན། ས་སྐྱའི་ལམ་འབྲས་ཞེས་གསུང་སྐབས། གཙོ་བོ་ཀྱེ་རྡོར་དང་། རྣལ་འབྱོར་མ་སོགས་ནི་ས་སྐྱ་པ་དང་། གཞན་ཡང་ས་སྐྱར་ཆ་མཚོན་ན། ས་ངོར་ཚ་གསུམ་ཞེས་མི་འདྲ་བ་རེ་སླེབས་ཡོང་གི་ཡོད། བཀའ་བརྒྱུད་ལ་ཆ་མཚོན་ན། འཁོར་ལོ་སྡོམ་པ་ཡབ་བཀའ་ཡུམ་བཀའ་དང་། ནཱ་རོ་ཆོས་དྲུག་སོགས་ཀྱི་ཐོག་ནས་མི་འདྲ་བ་ཞིག་ཡོང་བ་ཡིན། ནང་གསེས་ན་ཆ་མཚོན་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་མི་འདྲ་བ་རེ་སླེབས་ཡོང་གི་ཡོད།
རྙིང་མ་ལ་ཆ་མཚོན་ན། ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བརྗོད་ན་གཅིག་པ་ཡིན། བཀའ་བསྡུ་རིག་བྱེད་ཀྱི་ཐེག་པ་དང་། དབང་སྒྱུར་ཐབས་ཀྱི་ཐེག་པ་སོགས་ནི་གོ་བ་ཧ་ཅང་ཟབ་པོ་ཡོད། འོན་ཀྱང་གཞུང་སོ་སོའི་ཐོག་ནས་མཧཱ་ཡོ་ག་ཡིན་ཚེ། སྒྲུབ་པ་བཀའ་བརྒྱད་སོ་སོར་གནང་བ་ལྟ་བུ་དང་། ལྷག་པར་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་བཅས་ལས་ཉེ་བརྒྱུད་གཏེར་མ་ཞེས་བརྗོད་སྐབས། གཏེར་ཆོས་ལའང་བྱང་གཏེར་སོགས་ཉང་གི་ཆོས་འཁོར་དང་། གུ་རུ་ཆོས་དབང་སོགས་གཏེར་སྟོན་སོ་སོས་མཛད་པའི་གཏེར་ཆོས་ལ་ནང་གསེས་ཀྱི་དབྱེ་བ་ཧ་ཅང་མང་པོ་ཞིག་ཡོད། དེ་དག་ཚང་མ་ཁུངས་ཡར་གཏུགས་ན་སློབ་དཔོན་རིན་པོ་ཆེ་དང་། སློབ་དཔོན་རིན་པོ་ཆེ་ནི་གཏེར་ཆོས་ཀྱི་སྐོར་གཙོ་བོ་ཡིན་ཅིང་། མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་དེ་འདུལ་བའི་སྡོམ་རྒྱུན་དང་། དེ་བཞིན་དབུ་མའི་གཞུང་ལུགས་ལ་ཆ་མཚོན་ན། སྔ་འགྱུར་རྙིང་མའི་ལུགས་ལ་ཕལ་ཆེར་མཁན་ཆེན་ཞི་འཚོའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་པ་གཙོ་བོར་གནང་བཞིན་ཡོད། དུས་ཕྱིས་སུ་འཇམ་དབྱངས་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་སོགས་ནི་དབུ་མ་ཐལ་འགྱུར་པའི་གཞུང་གཙོ་བོར་གནང་ནས་གསུང་གི་འདུག །
གང་ལྟར་རྩ་བའི་གཞུང་རྣམས་ཁུངས་གཏུགས་ན། ས་དགེ་བཀའ་རྙིང་མི་འདྲ་བ་ཐོན་ས་དེ་ཕལ་ཆེར་རྒྱུད་སྡེའི་ནང་ནས་མི་འདྲ་བ་ཐོན་ཡོང་གི་ཡོད། པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་ཁུངས་གཏུགས་སྐབས། ཚང་མ་གཅིག་གྱུར་ཡིན་པས་འདི་ལའང་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་འདུག །བོད་ཀྱི་ཆོས་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཡིན་པ་ཤེས་པ་ཞིག་དང་། བོད་པ་ནང་ཁུལ་གྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཀྱང་རྩ་བའི་གཞུང་ལ་གཏུགས་ན་ཚང་མ་གཅིག་གྱུར་གྱི་ཐོག་ཏུ་འགྲོ་བཞིན་ཡོད། དེ་དག་ལ་གནད་འགག་ཆེན་པོ་འདུག་པས། ངོས་ནས་པཎ་གྲུབ་བཅུ་བདུན་ཞེས་ལོགས་སུ་ཕྱེ་ནས་བརྗོད་དགོས་དོན་འདི་ལྟར་ཡིན།
དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།