༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་པའི་
རི་གཤམ་ཐང་སྟེང་དུ་པཎ་གྲུབ་བཅུ་བདུན་གྱི་བཤད་ལུང་སྩལ་བ།
དེ་རིང་འདིར་བྱ་རྒྱུའི་ཆོས་འབྲེལ་ནི། དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་ལྟ་བུ་ཆགས་རྒྱུར། ཐོག་མར་ནམ་རྒྱུན་ནས་ང་ཚོས་ཆོས་ཁུངས་བཙུན་པར་བྱ་བའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ། ཞེས་གསུངས་པ་ལྟར། བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་བསྟན་པ་དེ་ཆོས་ཁུངས་བཙུན་པ་ཡིན་ཅིང་། ཁུངས་བཙུན་པ་ཇི་ལྟར་ཡིན་ཞེ་ན།
ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་བརྩམས་པའི་གཞུང་ལུགས་རྣམས་ང་ཚོས་ཉམས་ལེན་བྱ་རྒྱུའི་བཤད་སྒྲུབ་དང་། ཐོས་བསམ་སྒོམ་གསུམ་བྱ་རྒྱུ་གཞུང་དེ་རྣམས་ཆགས་ཡོད། དེས་ན་ཆོས་ཁུངས་བཙུན་པ་ཆགས་ཡོད།
དེར་བརྟེན་ངོས་ནས་བྲིས་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་ལུང་བཏོན་པའི་ཐོག་ནས་ངོ་སྤྲོད་བྱེད་དགོས་སྙམ་བྱུང་། དེ་ཡང་སྔར་ནས་རྒྱན་དྲུག་མཆོག་གཉིས་ཅེས་བྲིས་ཐང་ཚན་པ་གཅིག་བཞེངས་སྲོལ་ཡོད། དེ་ཡང་ཐོག་མར་རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་མཁའ་མཉམ་མ་བཅས་ཡོད་མུས་ཡིན། དེ་དག་གི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། དེ་བཞིན་མཁན་ཆེན་འཚོ་དང་། ཀ་མ་ལ་ཤཱི་ལ་སོགས་ནམ་རྒྱུན་ང་ཚོས་དབུ་མའི་གཞུང་བུདྡྷ་པཱ་ལི་ཏ་དང་། དབུ་མ་ཚིག་གསལ། དེ་དག་གི་ཟུར་རྒྱན་ལྟ་བུར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་བཅས་གཙོ་བོར་ལྟ་བཞིན་ཡོད། དེ་དག་ལ་སློབ་གཉེར་བྱས་པ་ཙམ་མིན་པར་བསམ་བློ་གཏོང་རྒྱུའི་གནད་འགག་མིག་ཁ་ཕྱེ་བ་ལྟ་བུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་རྣམས་ཡིན། ཧ་ལས་པ་ཞིག་ཡོད།
དེ་བཞིན་མཁན་ཆེན་ཞི་འཚོ་ཡབ་སྲས་གཉིས་ལ་ཆ་མཚོན་ན། དངོས་གནས་མཁས་པའི་དབང་པོ་ཡིན་པ་མ་ཟད། ཚད་མའི་གཞུང་གི་ལེགས་བཤད་རྨད་དུ་བྱུང་བ་འཇོག་པ་གནང་མཁན་ཆགས་ཡོད། ལྷག་པར་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བས། རྒྱན་དྲུག་མཆོག་གཉིས་ཀྱི་ཐོག་ཏུ་དེ་དག་སྣོན་མ་ཞིག་རྒྱག་ཐུབ་ན་ཡག་པོ་མི་ཡོང་ངམ་སྙམ་ནས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འབྲི་རྩོམ་བྱས་པ་ཡིན། དེ་དང་ཆབས་ཅིག་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་ཞིག་ཀྱང་བཟོ་སྐྲུན་བྱས་པ་ཡིན། དེ་དག་ལ་བོད་པ་ཚང་མས་ང་ཚོས་ཐོས་བསམ་སྒོམ་གསུམ་བྱེད་པའི་ཆོས་འདི་མཁས་དབང་དེ་དག་ལ་ཁུངས་གཏུགས་པ་ཞིག་ཡིན་སྙམ་པ་ཞིག་ཤེས་དགོས་པ་ཡིན།
དེ་མིན་རང་རང་གི་ཆོས་བརྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་རྣམས་བསམ་གྱིས་མི་ཁྱབ་པ་རེད། འོན་ཀྱང་དེ་དག་ནི་རང་རང་གི་ཆོས་བརྒྱུད་དེ་ཉིད་ལས་དེ་མིན་ཁྱབ་ཆེན་པོ་དེ་ཙམ་མེད། དཔེར་ན། སྔ་འགྱུར་རྙིང་མར་ཆ་མཚོན་ན། སློབ་དཔོན་ཐུགས་རྗེ་ཅན་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ལྷག་པར་བོད་གངས་ཅན་གྱི་ལྗོངས་ལ་དམིགས་བསལ་གྱི་བཀའ་དྲིན་ཆེན་པོ་ཡིན། དེ་ནི་རྒྱ་ནག་དང་། རྒྱ་ནག་བརྒྱུད་ནས་ཀོ་རི་ཡ་དང་། ཝི་ཏི་ནམ། ཉི་ཧོང་སོགས་ལ་འབྲེལ་བ་གང་ཡང་མེད། རྒྱ་གར་ལའང་མགོན་པོ་ཀླུ་སྒྲུབ་ལྟ་བུར་ཡོངས་སུ་གྲགས་པ་ཞིག་མིན་པར་གྲུབ་ཆེན་གྱི་གྲས་ཡིན། གྲུབ་ཆེན་ས་ར་ཧ་ལ་སོགས་པ་གྲུབ་ཆེན་བརྒྱད་ཅུ་རྣམས་བསམ་གྱིས་མི་ཁྱབ་པ་ཡིན་ནའང་། ཡོངས་གྲགས་སུ་ཁྱབ་ཐུབ་པ་ཞིག་མིན། བོད་གངས་ཅན་ལྗོངས་ཀྱི་བཀའ་བརྒྱུད་ལ་ཆ་མཚོན་ནའང་། མར་མི་དྭགས་གསུམ་གྱི་མཐར་གྲུབ་ཆེན་ནཱ་རོ་པ་ལ་གཏུགས་ཀྱི་ཡོད། ནཱ་རོ་པ་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་རེད། ནཱ་རོ་ཆོས་དྲུག་གི་ཉམས་ལེན་གཙོ་བོར་གྱུར་པའི་གཞུང་རྣམས་ཀུན་ལ་ཁྱབ་པ་ཞིག་མིན།
ས་སྐྱའི་ལམ་འབྲས་ཀྱི་ཁུངས་གཏུག་ས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་བིར་ཝ་པ་ཡིན་ཅིང་། ཁོང་ཉིད་ཐོག་མར་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་སྐབས་གནས་བརྟན་ཆོས་སྐྱོང་ཞེས་པ་དེ་ཡིན། ཁོང་གིས་དབུ་མ་བཞི་བརྒྱ་པའི་འགྲེལ་པ་རྣམ་རིག་ལུགས་སུ་བཀྲལ་བའི་གཞུང་ཞིག་མཛད་ཡོད། འོན་ཀྱང་ཧ་ཅང་ཁྱབ་ཆེན་པོ་ཞིག་བྱུང་མེད། དེས་ན་པཎ་གྲུབ་བཅུ་བདུན་རྣམས་ནི། ཀླུ་སྒྲུབ་དང་ཐོགས་མེད་རྣམ་གཉིས་ཀྱི་མཚན་ཐེག་ཆེན་གྱི་ཡུལ་གྲུ་ཚང་མར་ཁྱབ་ཡོད། དེ་ཡང་ཉི་ཧོང་དང་། ཀོ་རི་ཡ། ཝི་ཏི་ནམ་སོགས་རྒྱ་ནག་བརྒྱུད་ནས་དར་འཕེལ་བྱུང་ཞིང་། དེ་དག་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བརྗོད་སྐབས་ཐེག་ཆེན་གྱི་ཡུལ་གྲུ་ཀུན་ལ་སྟོན་པ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་པ་ཞིག་ཆགས་ཡོད།
དེས་ན་ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བྲིས་ནས་འབུར་དོད་ལྟ་བུ་བཟོ་དགོས་དོན་དེ་ལྟར་ཡིན། གཞན་ཡང་བོད་གངས་ཅན་ལྗོངས་ཀྱི་ཆོས་དེ་ཡང་མི་མང་པོ་ཞིག་གིས་ས་ཁུག་ལུང་ཁུག་ནང་དུ་བོད་པས་བོད་རང་གི་སྔར་ནས་ཡོད་པའི་བོན་པོ་དང་། མཉམ་བསྲེས་བྱས་ཏེ་བོད་ཀྱི་ཆོས་དེ་ནང་པ་སངས་རྒྱས་པའི་ཆོས་ཁུངས་བཙན་ཞིག་མིན་ཞེས་བརྗོད་མཁན་སྔར་ཡོད་ལ། ད་ལྟའང་དེ་ལྟར་བརྗོད་མཁན་ཡོད་མུས་ཡིན། གཞན་ཡང་ནུབ་ཕྱོགས་པའི་རྩོམ་པ་པོ་འགའ་ཞིག་གིས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་བླ་མ་ཆོས་ལུགས་ཞེས་བརྗོད་དེ་མདོར་ན་སངས་རྒྱས་པའི་ཆོས་མིན་པ་ལྟ་བུ་ཞིག་ཏུ་བརྗོད་ཀྱི་ཡོད། ཁ་སང་བརྗོད་པ་ལྟར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་དགོས་དོན་ནི། དོན་དངོས་ཐོག་ང་ཚོས་སློབ་གཉེར་བྱེད་བཞིན་པ་དག་ནི་དཔལ་ནཱ་ལེནྡྲའི་མཁས་གྲུབ་དེ་དག་གིས་བརྩམས་པའི་གཞུང་རྣམས་ཡིན་ཅིང་། སྔགས་ཀྱི་གཞུང་དེ་དག་ཀྱང་ཡོངས་གྲགས་དཔལ་ནཱ་ལེནྡྲའི་མཁས་གྲུབ་མིན་ནའང་། ཕལ་མོ་ཆེ་ཐོག་མར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སློབ་གཉེར་གནང་ཞིང་། མཐར་རྟོགས་པ་མཐོན་པོར་ཕེབས་སྐབས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ནས་འགྲོ་བ་ལྟ་བུ་ཞིག་ཡོང་གི་ཡོད། དཔལ་ནཱ་ལེནྡྲའི་སློབ་གཉེར་བ་མིན་ནའང་། བརྩམ་བྱའི་སྔགས་ཀྱི་གཞུང་ལུགས་ཚང་མས་སྟོང་ཉིད་ཀྱི་ལྟ་བ་གསུང་མཁན་ཤ་སྟག་ཡིན། གཞན་ཡང་རྒྱ་གར་གྱི་སློབ་དཔོན་ཐ་ཁ་པ་སོགས་ཀྱིས་སྔགས་ཀྱི་འགྲེལ་པ་མཛད་སྐབས་ཚད་མ་རྣམ་འགྲེལ་གྱི་ལུང་དྲངས་པ་ཡོང་གི་ཡོད། དེ་ལྟར་སྔགས་ཀྱི་གཞུང་ཚད་ཐུབ་ཚང་མས་པཎ་གྲུབ་བཅུ་བདུན་གྱི་གཞུང་ལ་གཏུགས་ནས་བྱུང་བ་ཤ་སྟག་ཆགས་ཡོད། དེས་ན་ང་ཚོ་བོད་རིགས་རྣམས་ཀྱིས་ང་ཚོའི་ཆོས་འདི་ས་ཁུག་ལུང་ཁུག་གི་ནང་ནས་བླ་མ་གྲུབ་ཐོབ་ཅིག་གིས་གསུངས་པ་དེ་གཅིག་པུ་ཡིན་ཞེས་བརྗོད་ན། འཛམ་གླིང་གི་ནང་པའི་ཡུལ་གྲུ་ཀུན་ལ་ཁྱབ་ཐུབ་པ་ཞིག་ཡོང་ཐབས་མེད། དེ་ལྟར་མེད་ན་ནང་པའི་ཡུལ་གྲུ་ཀུན་ལ་ཞབས་འདེགས་སྒྲུབ་ཐུབ་པ་ཞིག་ཡོང་ཐབས་མེད། འཛམ་གླིང་འདིའི་ཐོག་ཏུ་གནས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཀུན་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་གཙོ་བོ་གང་ཞིག་ཡིན་ཞེ་ན། དཔལ་ནཱ་ལེནྡྲའི་མཁས་དབང་རྣམས་ཀྱིས་བརྩམས་པའི་གཞུང་ལུགས་རྣམས་ལ་སློབ་སྦྱོང་བྱས་ཏེ་ཤེས་པར་བྱས། ཤེས་པ་ནང་དོན་རྒྱུད་ཐོག་ཏུ་སྦྱར། ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་ངག་ཐོག་ནས་བརྗོད་རྒྱུ་ཡོད་པ་དང་། རང་ཉིད་ཀྱིས་ཉམས་ལེན་བྱས་ཏེ་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་བྱུང་ན། དངོས་གནས་དུས་རབས་ཉེར་གཅིག་པའི་འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་བསྟན་པ་ཡོངས་སུ་རྫོགས་པར་ང་ཚོ་བོད་ནས་ཞབས་འདེགས་སྒྲུབ་པའི་ནུས་པ་ཡོད་པ་ཞིག་ཡིན། དེས་ན་ང་ཚོས་ནུས་པ་ཡོད་པ་དེ་དག་ངོས་འཛིན་ཐུབ་པའི་ཐོག་ནས་རང་རང་སོ་སོས་ཆ་རྐྱེན་དེ་དག་སྒྲུབ་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད། དེང་གི་དུས་རབས་ཉི་ཤུ་པ་དང་། དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་ཤར་ནུབ་དང་། ལྷོ་བྱང་ཞེས་དབྱེ་བ་དེ་ཙམ་འབྱེད་རྒྱུ་མེད་པར་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་གཅིག་ལ་གཅིག་རྟེན་དང་། གཅིག་ལ་གཅིག་འདྲེས་ཤ་སྟག་གི་དུས་སྐབས་འདིར་ཆོས་ལུགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་ཡོད་ཅིང་། ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་རང་རང་གི་རྗེས་འབྲང་གདུལ་བྱ་རྣམས་ལ་རླབས་ཆེན་གྱི་ཕན་ཐོགས་བསྒྲུབས་དང་སྒྲུབ་མུས་ཡིན་ལ། མ་འོངས་པར་ཡང་ཆོས་ལུགས་གཙོ་ཆེ་བ་དེ་དག་གིས་ངེས་པར་དུ་རང་རང་གི་ཆོས་རྒྱུད་འཛིན་མཁན་དག་ལ་ཕན་ཐོགས་ངེས་པར་དུ་ཡོད་པ་ཡིན།
དེ་ལྟར་ནང་པ་སངས་རྒྱས་པའི་ཆོས་འདི་ཡང་འཛམ་གླིང་འདིའི་ཐོག་གི་ཆོས་ལུགས་གཙོ་ཆེ་བ་གཅིག་ཆགས་ཡོད། འཛམ་གླིང་འདིའི་ཐོག་ཆོས་ལུགས་གཙོ་ཆེ་གཅིག་ཡིན་པའི་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་ནི། འཇིག་རྟེན་ཕལ་པའི་བརྗོད་དོན་ལྟར་ན། སྲབ་མཐུག་འཕེར་བ་ཞིག་ཡོད་ཅིང་། དེང་སྐབས་ཆོས་ལ་ཐེ་ཚོམ་ཟ་མཁན་གྱི་ཚན་རིག་པ་དེ་དག་གིས་སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་ཉན་སྐབས་དེ་ལ་བསམ་བློ་གཏོང་རྒྱུ་འདུག་ཅེས་བརྗོད་ཀྱི་ཡོད་ལ། དངོས་གནས་སངས་རྒྱས་པའི་ཆོས་དང་། ལྷག་པར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་གཏན་ལ་ཕབ་པ་དེ་དག་གི་ཐོག་ནས་རང་གིས་བསམ་བློ་གཏོང་བ་དང་། གཞན་ལའང་འགྲེལ་བརྗོད་བྱས་ན་རྣམ་དཔྱོད་ལྡན་པའི་མིའི་ཡིད་དབང་འཕྲོག་པ་ཞིག་ཡོད། དེ་ལྟ་བུའི་སྤུས་ཚད་ལྡན་པ་འདི་ཉིད་ཁྱིམ་ཚང་ལྟར་ན་རང་ཉིད་ཀྱི་ནང་དུ་ཡོད་ཅིང་། ཡོད་པ་དེ་རང་ཉིད་ཀྱི་ཁྱིམ་ཚང་གི་སྦུག་ཏུ་ཐལ་བ་དང་། དུ་བའི་ཁྲོད་དུ་རང་གར་ལྷག་ན་ཤིན་ཏུ་ཕངས་པོ་ཡིན། དེས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་ངོས་ནས་རྩལ་དུ་བཏོན་ནས་འཆད་དགོས་དོན་འདི་ལྟར་ཡིན།
༄༅། །དཔལ་ནཱ་ལཎྜའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་
དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
ཞེས་པའི་པའི་ཚིག་འདི། ངོས་ནས་བསམ་བློ་གཏོང་ས་དེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པ་དེར་བསམ་བློ་བཏང་ནས་བྲིས་ཤིང་། དེ་ལ་གནད་འགག་ཧ་ཅང་ཆེན་པོ་ཞིག་འདུག །དེ་གནད་འགག་ཆེན་པོ་ཡིན་སྟབས། དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པ་དེ་གོང་གསལ་ཚིག་རྐང་གཉིས་པོར་འགྲེལ་བཤད་བསྐྱོན་པ་གནང་ཡོད། དེ་ནི་ཧ་ཅང་རྒྱ་ཆེ་ལ། རིགས་པའི་ལམ་ནས་བདེན་བཞི་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་དེ་དག་ཧ་ཅང་གཏིང་ཟབ་པོ་འདུག་པས་བསམ་བློ་དེ་ལ་བཏང་བ་ཡིན།
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཞེས་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་དེ་དག་གིས་སྟོན་པ་ཐུབ་པའི་དབང་པོའི་ཡོན་ཏན་གཙོ་བོ་ནི། སྐུ་ལ་མཚན་དཔེས་བརྒྱན་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ལ་ཟབ་ཡངས་ཀྱི་ཡོན་ཏན་མངའ་བ་གཅིག་པུ་མིན་པར་གཙོ་བོ་རྟེན་འབྱུང་གི་ལྟ་བ་རང་དབང་གི་སྒོ་ནས་འདོམས་པར་མཛད་པའི་ཐོག་ནས་བསྟོད་ཕྱག་གནང་ཡོད། བཅོམ་ལྡན་འདས་ཀྱི་སྐུ་ཡི་ཡོན་ཏན་བརྗོད་དགོས་བྱུང་ཚེ། ཆོས་ལུགས་རང་རང་གི་སྟོན་པ་ལའང་སྐུ་ཡི་རྣམ་པ་མི་འདྲ་བའི་ཐོག་ནས་སྐུ་ཡི་ཡོན་ཏན་བརྗོད་རྒྱུ་ཡོང་ངེས་ཡིན་ལ། བརྩེ་བའི་ཡོན་ཏན་ཡང་བརྗོད་རྒྱུ་ཡོད་ཅིང་། སྤྱི་ཡོངས་ཀྱི་ཆ་ནས་མཁྱེན་པའི་ཡོན་ཏན་ཡང་བརྗོད་རྒྱུ་ཡོང་ངེས་ཡིན། དཔེར་ན། གྷོ་ཌི་དང་། ཨེ་ལ་ཞེས་སོགས་བརྗོད་སྐབས་མཁྱེན་བརྩེ་ནུས་པ་མཐར་ཐུག་པ་མངའ་བ་ཞིག་ལ་ཚང་མས་ངོས་འཛིན་བྱེད་བཞིན་ཡོད། དངོས་ནས་སྟོན་པ་འཛམ་གླིང་ཐོག་བྱས་རྗེས་ཧ་ཅང་ཆེན་པོ་འཇོག་པ་གནང་མཁན་གྱི་སྟོན་པ་དེ་དག་གི་གསུང་གི་ནང་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་མཁན་བཅོམ་ལྡན་འདས་ཉག་གཅིག་ལས་གཞན་སུ་ཡང་མེད། དེས་ན་རྟེན་འབྱུང་གི་གཏམ་ཞེས་པ་ནི། ནང་པ་སངས་རྒྱས་པའི་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་ཡོད། བྱམས་པ་དང་སྙིང་རྗེ་སྒོམ་པ་དང་། དེ་བཞིན་བཟོད་པ་དང་ཆོག་ཤེས་སྒོམ་པ། བསམ་པ་དེ་དག་གི་ཐོག་ནས་གཞན་ཕན་སྒྲུབ་པ་བཅས་ཀྱི་ཆོས་ལུགས་གཙོ་ཆེ་ཚང་མར་གཅིག་མཚུངས་སུ་ཡོད། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ནི། སངས་རྒྱས་པའི་ཆོས་ཁོ་ནར་མ་གཏོགས་གཞན་ལ་མེད། དེས་ན།
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
ཞེས་སོ།།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ད་ལྟ་བོད་ཡིག་གི་ཐོག་ཏུ་བསྒྱུར་བ་དབུ་མ་རིགས་ཚོགས་དྲུག་དང་། དེ་དག་ལས་གཙོ་བོ་དབུ་མ་རྩ་བ་ཤེས་རབ་ཀྱིས་མཚོན་པའི་གཞུང་ལུགས་རྣམས་ཀྱིས་རྟེན་འབྱུང་ཞེས་པའི་གོ་དོན་དེ་ཇི་ལྟར་ཡིན་པ་དང་། དེ་ཡང་མཐའ་གཉིས་སེལ་བའི་གོ་བ་དཔྱིས་ཕྱིན་པ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་ཡོད། དེས་ན་སྟོང་པ་ཉིད་དངོས་བསྟན་བསྟན་བྱའི་གཙོ་བོ་སྟོང་ཉིད་ཀྱི་རིམ་པ་གསུང་གི་ཡོད་ལ། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཡིན་ཅིང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་རྣམ་གཞག་རྣམས་རྟེན་འབྱུང་དུ་དོན་དུ་བཀྲལ་ནས། སྟོང་པ་ཞེས་བརྗོད་སྐབས། བརྟེན་ནས་བཏགས་པའི་ཡོད་པ་ཡིན་པ་ཞིག་ཚུར་ངེས་པ་འདྲེན་ཐུབ་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་འགྲེལ་བཤད་ཡོད་པ་ཞིག་ཡིན།
དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
ཞེས་པ་ནི། ཨཱརྱ་དེ་ཝའམ་འཕགས་པ་ལྷས་མཛད་པའི་དབུ་མའི་གཞུང་ལ་མཚོན་ན། དབུ་མ་བཞི་བརྒྱ་པ་ཡིན་ལ། དབུ་མ་བཞི་བརྒྱ་པར་མཆོད་བརྗོད་མེད་ཅིང་། དབུ་མ་རྩ་བ་ཤེས་རབ་ཀྱི་ཞལ་སྐོང་གི་ཚུལ་དུ་མཛད་པ་ཞིག་ཡིན། ནམ་རྒྱུན་གཞུང་ཆེན་བཅུ་གསུམ་གྱི་ནང་དུ་རྩ་འཇུག་བཞི་གསུམ་ཞེས་གསུང་གི་ཡོད། དབུ་མ་རྩ་བ་ཤེས་རབ་དང་དབུ་མ་བཞི་བརྒྱ་པ་སྦྲགས་ནས་འཆད་ལུགས་གཅིག་དང་། རྣམ་རིག་པའི་ཐུན་མོང་མ་ཡིན་པའི་ལུགས་གསལ་བར་དགག་བཞག་སྤོང་གསུམ་གནང་བ་དབུ་མ་འཇུག་པ་རྩ་འགྲེལ་བཅས་ཡིན།
ཀླུ་སྒྲུབ་དང་འཕགས་པ་ལྷ་རྣམ་གཉིས་ཀྱིས་སྔགས་ཀྱི་གཞུང་མང་དུ་མཛད་ཡོད་ལ། དེ་ཡང་གཙོ་བོ་དཔལ་བ་གསང་བ་འདུས་པའི་སྐོར་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་གསང་འདུས་རིམ་ལྔ་དང་། དེའི་དོན་འགྲེལ་སློབ་དཔོན་འཕགས་པ་ལྷས་མཛད་པ་སྤྱོད་བསྡུས་སྒྲོན་མ་གཉིས་བསམ་གྱིས་མི་ཁྱབ་པའི་གཞུང་ལུགས་ཆགས་ཡོད།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བུདྡྷ་པཱ་ལི་ཏ་གཞུང་རྒྱས་པོ་དེ་ཙམ་མེད་ཀྱང་། དཀའ་གནད་གསལ་བར་སྟོན་པའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་ཆགས་ཡོད། དཔེར་ན། སེམས་ལ་འགུལ་བསྐྱོད་གཏོང་ཐུབ་མཁན་གྱི་ཁོང་གི་ཚིག་གཅིག་ནི། ངོ་བོ་ཉིད་ཀྱིས་གྲུབ་ན། །དེ་ཉིད་བཞག་པས་ཆོག་པས། །བརྟེན་ནས་བཏགས་པས་ཅི་བྱ། །ཞེས་ཚིགས་བཅད་གཅིག་གསུངས་པ་དེ་ཡིན། ངོ་བོ་ཉིད་ཀྱིས་གྲུབ་ནས་ཡོད་ན། ཆོས་དེ་དང་དེའི་མཚན་གཞི་འདི་བཞག་ན་འགྲིགས་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་དགོས་པས་བརྟེན་ནས་འདོགས་དགོས་དོན་མེད། བརྟེན་ནས་བཏགས་པ་ཡིན་སྟབས། ཆོས་འདི་དང་འདི་ཞེས་དོན་ངོ་མར་མཛུབ་མོ་འཛུགས་ས་མེད་པར་བརྟེན། གཞན་ལ་བརྟེན་ནས་འདོགས་དགོས་པ་ཞིག་དང་། བཏགས་ཙམ་གྱི་ཐོག་ནས་ཡོད་པ་ཞིག་གསུང་གི་ཡོད། དེ་ནི་ཧ་ཅང་ནུས་པ་ཆེན་པོ་ཞིག་རེད་འདུག
བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
བདེན་གྲུབ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བཀག་ཅིང་། དེ་ལྟ་ན་ཡང་ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེད་པས་ན། རང་མཚན་སྣང་བ་ལ་བལྟོས་ཏེ་མི་བསླུ་བའི་ཚད་མའི་རྣམ་གཞག་ཀྱང་རྣམ་རིག་པ་དང་མཐུན་པ་ཞིག་གསུངས་པས་ན། མདོ་སྡེ་པས་ཕྱི་དོན་བཞེད་པ་ལྟར།
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
དཔལ་ལྡན་ས་སྐྱ་པའི་མཁས་པ་དག་གིས་རང་རྒྱུད་གོང་མ་དང་། རང་རྒྱུད་འོག་མ་ཞེས་གསུངས་ཡོད། དེ་ཡང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེ་རང་རྒྱུད་གོང་མ་དང་། རྣམ་རིག་པ་གྲུབ་མཐའ་གོང་མ་དང་། དེ་དང་མཐུན་པས་ན་རང་རྒྱུད་གོང་མ་ཞེས་གསུངས་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ལུགས་དེ་རང་རྒྱུད་འོག་མ་ཞེས་གྲུབ་མཐའ་འོག་མ་མདོ་སྡེ་པས་ཕྱི་དོན་བཞེད་པ་དང་མཐུན་པར་གསུངས་པས་ན། རང་རྒྱུད་འོག་མ་ཞེས་རང་རྒྱུད་གོང་འོག་གཉིས་ཀྱི་ཐ་སྙད་སྦྱར་ཡོད། ནམ་རྒྱུན་ཡོངས་གྲགས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་གསུངས་པ་དེ་ཡིན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་དུ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་ལ་དོགས་པ་བསླངས་ཏེ་དགག་པ་མཛད་པ་དེ་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག །ཁོང་གིས་དོགས་སློང་མཛད་པར་བརྟེན་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་གྱི་ནང་དུ་དེའི་གསལ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཡོད།
རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
ཞེས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པའི་གསུང་དབུ་མ་རྩ་ཤེས་རབ་ཀྱི་འགྲེལ་པ་དབུ་མ་ཚིག་གསལ་ནི། ཁོང་ཉིད་ཀྱི་རང་རྩོམ་དབུ་མ་འཇུག་པ་རྩ་འགྲེལ། གཞན་ཡང་སློབ་དཔོན་ཨཱརྱ་དེ་ཝའི་དབུ་མ་བཞི་བརྒྱ་པའི་འགྲེལ་པ་བཅས་ནི་རྨད་དུ་བྱུང་བའི་ལེགས་བཤད་ཆགས་ཡོད། གཞུང་དེ་དག་ང་ཚོས་ནམ་རྒྱུན་ནས་སློབ་གཉེར་བྱེད་བཞིན་པ་ཤ་སྟག་ཡིན།
ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
ཞེས་པ་ནི། རྒྱལ་སྲས་ཞི་བ་ལྷ་ནི། སྤྱོད་འཇུག་ནང་ལ་བལྟས་ན། བསླབ་བཏུས་དང་སྤྱོད་འཇུག་སྦྲགས་ནས་བལྟས་ན་བསམ་གྱིས་མི་ཁྱབ་པ་རེད། དེ་ཡང་བསླབ་བཏུས་ཀྱི་ལུང་ཁུངས་རྣམས་གསུངས་ཤིང་། སྤྱོད་འཇུག་གིས་རིགས་པའི་ལམ་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་རྣམས་གཏན་ལ་ཕབ་སྟེ། གཙོ་བོ་བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་གསུངས་པའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །བདག་གཞན་མཉམ་བརྗེའི་སྒོ་ནས་བློ་སྦྱོང་བའི་གཞུང་ཞིག་དུས་རབས་བརྒྱད་པའི་ནང་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པ་ནས་བཟུང་ལེགས་བཤད་དེ་ལས་ལྷག་པ་དུས་ད་ལྟ་བར་དུ་མ་བྱུང་བ་ལྟ་བུ་རེད།
གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
ཞེས་པ་ནི། མཁན་ཆེན་ཞི་བ་འཚོས་མཛད་པའི་གཞུང་དབུ་མ་རྒྱན་རྩ་འགྲེལ་དང་། གཙོ་བོ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་སྟེ་ཚད་ཆེན་དུ་གྲགས་པ་དེ་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །དཔལ་ལྡན་ཆོས་གྲགས་བྱོན་པ་ཡན་ལ་མུ་སྟེགས་པའི་ཚད་མའི་རྣམ་གཞག་སོགས་ལྟ་གྲུབ་རྣམས་ལ་ཕྱོགས་གླང་ཡབ་སྲས་སོགས་ཀྱིས་དགག་བཞག་སྤོང་གསུམ་མཛད་ཡོད་ལ། དཔལ་ལྡན་ཆོས་གྲགས་བྱོན་པའི་རྗེས་སུ་མུ་སྟེགས་པའི་མཁས་པའི་དབང་པོའི་རིགས་ཀྱིས་ཚད་མའི་རྣམ་གཞག་མཛད་པ་དང་། ལྟ་གྲུབ་སོགས་ཀྱི་དཀའ་གནད་ཀྱི་རིགས་ལ་མཁན་ཆེན་ཞི་འཚོའི་ཚད་ཆེན་གྱིས་ལན་བསྐྱོན་པ་གནང་ཡོད། རྒྱ་གར་འཕགས་པའི་ཡུལ་གྱི་ཕྱི་རོལ་མུ་སྟེགས་པའི་མཁས་པ་སྔ་ཕྱིའི་ཚད་མའི་རྣམ་གཞག་གསུངས་པའི་རིགས་ལ་དུས་ཕྱིས་དུས་རབས་བརྒྱད་པའི་ནང་དུ་བྱུང་བའི་མཁན་ཆེན་ཞི་འཚོའི་ཚད་ཆེན་དེ་ཧ་ལས་པ་ཞིག་རེད་འདུག །
ཁོང་ཉིད་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྱི་གྲས་ཤིག་ཡིན་པ་དང་། རང་རྒྱུད་གོང་མ་ཞེས་སེམས་ཙམ་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱང་ཞལ་གྱིས་བཞེས་ཤིང་། དེའི་སྟེང་དུ་ཆོས་ཐམས་ཅད་བདེན་གྲུབ་ཏུ་བཀག་ཅིང་། ནང་གི་ཤེས་པ་ཡང་བདེན་པར་གྲུབ་པ་བཀག་ནས་དེ་ལྟ་བུའི་དབུ་མའི་སྲོལ་བཏོད་ནས་རང་ཉིད་ཀྱི་གྲུབ་མཐའ་རང་རྐང་ཚུགས་པ་མཛད་མཁན་ཞིག་ཡིན། དེས་ན་ཁོང་ཉིད་མཁས་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཀྱང་ཆགས་ཡོད། དེ་ལྟ་བུའི་མཁས་པའི་དབང་པོ་ཞིག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་བསྐྱེད་སྨོན་ལམ་གྱི་ཐོག་ནས་བོད་ལ་གདན་ཞུ་གནང་སྟེ། བསམ་ཡས་གཙུག་ལག་གསར་བཞེངས་མཛད་སྐབས་སློབ་དཔོན་ཐུགས་ཆེ་ཅན་གྱིས་ཕྱག་རོགས་གནང་བའི་ཐོག་ནས་མི་དང་མི་མིན་གྱི་འགལ་རྐྱེན་རྣམས་སེལ་བར་མཛད། དེ་ལྟ་བུའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་དར་འཕེལ་གནང་ཡོད། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་བོད་ལ་ནང་པ་སངས་རྒྱས་པའི་བསྟན་པ་བཤད་སྒྲུབ་ལས་གསུམ་གནང་རྒྱུའི་རིགས་ལེགས་སྦྱར་གྱི་སྐད་ཡིག་ལ་བརྟེན་མི་དགོས་པར་བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་བྱེད་དགོས་ཤིང་། དེས་ན་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་དགོས་ཞེས་གསུངས་ཡོད། མ་གཞི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་འགའ་ཞིག་བོད་བསྒྱུར་གནང་ཡོད། འོན་ཀྱང་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་རྗེས་ནས་གཞུང་ལུགས་ཕལ་མོ་ཆེ་བསྒྱུར་འགོ་ཚུགས་པ་ཞིག་ཡིན། བོད་དུ་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་འདི་ལྟར་དུ་བསྒྱུར་ཏེ་མདོ་རྒྱུད་གཉིས་དང་། སྒྲ་ལ་སོགས་པ་ཐུན་མོང་གི་རིག་གནས་སྐོར་སོགས་གཞུང་ཧ་ཅང་མང་པོ་ཞིག་བཀའ་བསྟན་གྱི་ནང་དུ་ཡོད། དེ་དག་སྔོན་གྱི་ཆོས་རྒྱལ་རྣམས་ཀྱིས་དབུ་འཛུགས་གནང་སྟེ་ལོ་ཙཱ་བ་དང་། ཞུས་ཆེན་པ། རྒྱ་གར་གྱི་པཎྜི་ཏ་དང་ཟུང་འབྲེལ་གནང་སྟེ་བྱུང་བ་ཞིག་ཡིན། དེས་ན་མཁན་ཆེན་ཞི་བ་འཚོ་དངོས་གནས་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག
ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་ཡོངས་གྲགས་དགུང་ལོ་བདུན་ཅུ་དོན་གྲངས་ལ་ཕེབས་ཡོད་པ་དང་། ཡང་ང་རང་ཚོའི་ལོ་རྒྱུས་འགའ་ཞིག་ཏུ་དགུང་ལོ་དགུ་བརྒྱ་བཞུགས་པ་དང་། སྟོང་ཕྲག་བཞུགས་པ་ལྟ་བུ་ཤོད་སྲོལ་ཡོད་ཀྱང་། དེ་ནི་རྩོད་པའི་གཞི་ཡིན་ཅིང་། སྐབས་རེ་ང་ཚོས་བསྟོད་བསྔགས་ཡིན་ཁུལ་གྱིས་གླེན་རྟགས་བྱས་ཏེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་དེ་ལྟར་ཡོད། དད་པ་དང་དག་སྣང་གི་ཐོག་ནས་ཡོང་བ་སྟེ། དཔེར་ན། ཐའེ་ལན་ཌིའི་དགེ་སློང་ཞིག་ཡོད་ཅིང་། པཱ་ལིའི་གཞུང་གཞིར་བཞག་གིས་གསུངས་པ་ལྟར་ན། འདོད་པའི་ཉོན་མོངས་མངོན་འགྱུར་བ་སྤངས་པ་ཞིག་ཡོད་ཅིང་། ང་རང་ཚོའི་གཞུང་ནས་གསུངས་པ་ལྟར་གྱི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པའི་འཛིན་པའི་འཛིན་པས་དྲངས་པའི་དམིགས་རྣམ་ཅན་གྱི་ཆགས་སྡང་རགས་པ་མགོ་གནོན་ནས་མངོན་པ་ནས་བཤད་པའི་ཐུན་མོང་མ་ཡིན་པའི་དགྲ་བཅོམ་པ་ཞིག་ཡོད་ཅིང་། ཡོངས་གྲགས་དེ་ལྟ་བུའི་དགྲ་བཅོམ་པར་ངོས་འཛིན་བྱེད་བཞིན་པ་ཞིག་ལ་སྟོན་པ་བཅོམ་ལྡན་འདས་ཞལ་དངོས་སུ་གཟིགས་པ་བྱུང་ཡོད།
དེ་ཡང་སྟོན་པ་བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོ་ལ་སོགས་པ་དགྲ་བཅོམ་པའི་འཁོར་གྱིས་བསྐོར་བ་ཞིག་ཁོང་གིས་དངོས་སུ་གཟིགས་ནས། ཁོང་གིས་བཅོམ་ལྡན་འདས་ད་ལྟ་བཞུགས་འདུག་ཅེས་གསུངས་ཡོད། དེས་ན་ཁོང་ལ་དག་སྣང་བྱུང་བ་རྒྱུ་མཚན་དུ་བྱས་ཏེ་བཅོམ་ལྡན་འདས་དགུང་ལོ་ཉིས་སྟོང་དྲུག་བརྒྱ་ལྷག་བཞུགས་པ་རེད་ཅེས་བརྗོད་ན་བདེ་པོ་གང་ཡང་མེད། དེས་ན་ང་ཚོའི་དག་སྣང་ལ་མཁན་ཆེན་ཞི་བ་འཚོ་དགུང་ལོ་དེ་ལྟ་བུར་བཞུགས་པ་ཡོད་ཤས་ཆེ། ང་ཚོའི་དག་སྣང་དང་དོན་དངོས་ཐུན་མོང་གདུལ་བྱའི་སྣང་ངོ་གཉིས་མཉམ་བསྲེས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཕགས་པ་རང་བྱུང་ལྔ་ལྡན་གྱི་ཐུགས་ཁར་ཐིམ་པ་དང་། ལ་ལས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བང་སོ་ད་ལྟའང་ཡོད་པ་སོགས་དང་། ཡང་དགུང་ལོ་སོ་ལྔ་བཞུགས་པ་ཞིག་དང་། དགུང་ལོ་གྱ་གཉིས་ཙམ་བཞུགས་པའི་གསུང་སྲོལ་གཉིས་ཡོད། དེས་ན་ང་ཚོ་བོད་རིགས་རྣམས་དད་པ་དང་དག་སྣང་ཆེ་དྲགས་པའི་དབང་གིས་དག་སྣང་དུ་བྱུང་བ་རྣམས་ཐུན་མོང་གདུལ་བྱའི་སྣང་ངོར་ཡོངས་གྲགས་སུ་བྱུང་བའི་གྲས་སུ་བཞག་སྟེ་མཉམ་བསྲེས་ཐོག་ཤོད་ཀྱི་འདུག
ངོས་ཀྱི་ངོ་ཤེས་རྒྱ་གར་བའི་མཁས་དབང་ཨུ་པ་དེ་ཝ་ཞུ་བ་ཞིག་ཡོད་ཅིང་། ཁོང་ཧ་ཅང་མཁས་པ་ཆེན་པོ་རེད། ཁོང་གིས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ཆིག་སྟོང་ལྟ་ཅི་དགུ་བརྒྱ་ཡང་བཞུགས་མེད་ལ། ཁོང་དགུང་ལོ་དགུ་བཅུ་བཞུགས་པ་དེའི་ཐོག་བོད་པས་ཀླད་ཀོར་ཞིག་སྣོན་མ་བརྒྱབ་ནས་དགུ་བརྒྱ་བཟོས་པ་རེད་ཅེས་གསུངས་མྱོང་། དགུང་ལོ་ཇི་ཙམ་བཞུགས་མིན་ལ་རྩོད་པ་དེ་ཙམ་བྱེད་དགོས་དོན་མེད། གང་ལྟར་མཁན་ཆེན་ཞི་བ་འཚོ་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཞིག་ཡིན། ཞེ་ས་མ་ཞུས་ན་གནས་བརྟན་བགྲེས་སོང་དེ་ལྟ་བུ་ཞིག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་རྒྱུར་འབད་བརྩོན་གནང་བ་རེད་ཅེས་བརྗོད་ཀྱི་འདུག །ལྷག་པར་བཀའ་བསྟན་གསུང་རབ་བསྒྱུར་རྒྱུའི་ཐོག་ཐུགས་འཁུར་ཆེན་པོ་བཞེས་ཐོག །བོད་ཡིག་ཐོག་ཆ་ཚང་བསྒྱུར་དགོས་ཞེས་གསུངས་ཏེ་སྐུ་ལས་ཆེན་པོ་བསྐྱོན་པ་གནང་ཡོད། དངོས་གནས་དྲང་གནས་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག
གཞན་ཡང་མཁན་སློབ་ཆོས་གསུམ་ཞེས་ཡོངས་གྲགས་གོ་རིམ་སྒྲིག་སྐབས། མཁན་ཆེན་གཙོ་བོ་ཡིན་སྟབས་ཐོག་མ་དང་། སྨིན་གླིང་ལོ་ཆེན་མཁས་པའི་དབང་པོ་ཡིན་ཅིང་། ཁོང་གིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པའི་ནང་དུའང་ཐོག་མ་དེ་མཁན་ཆེན་ཞི་འཚོ་ཡིན་ཅིང་། གཉིས་པར་སློབ་དཔོན་དང་། གསུམ་པར་ཆོས་རྒྱལ་བཅས་ཡིན། ཡོངས་སུ་རྫོགས་པའི་བསྟན་པ་དབུ་བཙུགས་ནས་བསྟན་བཅོས་བསྒྱུར་བ་དང་། དགེ་ཚུལ་སློང་གི་བསླབ་སྡོམ་གནང་རྒྱུ་སོགས་ལ་མཁན་ཆེན་ཞི་བ་འཚོས་ཐུགས་འཁུར་གཙོ་བཞེས་གནང་ཡོད་ལ། དེ་བཞིན་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་སྐབས་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་བ་ལྟར། མི་གཡོ་བསམ་གཏན་གླིང་ཞེས་རྒྱའི་མཁན་པོ་རྣམས་ཀྱི་བཞུགས་གནས་ཀྱི་རྟེན་གཞི་དང་། དེ་དག་གིས་གཙོ་བོར་བསམ་གཏན་སྒོམ་པ་གནང་ཞིང་། དེ་ནས་རྣམ་དག་ཚུལ་ཁྲིམས་ཁང་གླིང་དུ་དགེ་སློང་གི་སྡོམ་པ་འབོག་འཇོག་གནང་བ། སྒྲ་སྒྱུར་ལོ་པཎ་གླིང་དུ་ལོ་ཙཱ་བ་རྣམས་ཀྱིས་བཀའ་བསྟན་གསུང་རབ་བསྒྱུར་བ། བདུད་འདུལ་སྔགས་པ་གླིང་དང་། ལྷག་པར་གོས་དཀར་ལྕང་ལོའི་སྡེ་ཞེས་སྐབས་དེར་རྒྱ་གར་དུ་གོས་དཀར་ལྕང་ལོའི་སྡེ་ལ་མཚོན་ན། གྲུབ་ཆེན་རྣམས་སོ་སོར་གནང་བ་ལས། གོས་དཀར་ལྕང་ལོའི་སྡེ་ཞེས་གཙུག་ལག་ཁང་ཡོངས་གྲགས་ཡོད་མེད་ཐེ་ཚོམ་ཡིན། འོན་ཀྱང་བོད་གངས་ཅན་གྱི་ལྗོངས་སུ་སློབ་དཔོན་ཐུགས་རྗེ་ཅན་གྱི་རྗེས་འབྲང་རིག་འཛིན་བརྟུལ་ཞུགས་ཀྱི་ཉམས་བཞེས་གནང་མཁན་ཡོད་པ་དེ་དག་གི་དགོས་པ་རྒྱུ་མཚན་ལ་གཟིགས་ནས་བདུད་འདུལ་སྔགས་པ་གླིང་སོགས་དེ་ལྟ་བུའི་སྒྲིག་འཛུགས་སོ་སོར་བཟོས་པ་གནང་ཡོད། དེས་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ནས་བཟུང་སྟེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་ཞེས་སྡེ་གཉིས་གསུངས་ཡོད། རྩ་བའི་འཆར་གཞི་དང་བཀའ་བཀོད་གནང་མཁན་ཆེན་ཞི་འཚོ་ཡིན། ཁོང་ཉིད་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
ཞེས་པ་སྟེ། པདྨའི་ངང་ཚུལ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་ཅིང་། མཁན་ཆེན་ཞི་བ་འཚོའི་ཞལ་བཀོད་གནང་བ་ལྟར། མཁན་ཆེན་ཞི་འཚོ་སྐུ་མྱ་ངན་ལས་འདས་རྗེས་རྒྱའི་དགེ་སློང་བསམ་གཏན་པའི་ཁྲོད་ནས་འགའ་ཞིག་གིས་རིམ་བཞིན་མི་སྡུག་པ་སྒོམ་པ་ཙམ་གྱིས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱ་རྒྱུ་དེ་རྣམ་རྟོག་འཕེལ་བའི་རྒྱུ་ཡིན་པས་མི་དགོས་ཞེས་གསུང་མཁན་བྱུང་ཡོད། རྩ་བ་རྒྱའི་དགེ་སློང་ཚད་ལྡན་ཡིན་སྟབས། མཁན་ཆེན་ཞི་བ་འཚོ་རང་ཉིད་འཚོ་ཞིང་གཞེས་པའི་སྐབས་སུ་མི་གཡོ་བསམ་གཏན་གླིང་ཞེས་སྡེ་ཚན་ཟུར་བཙུགས་གནང་སྟེ། དེའི་ནང་དུ་རྒྱའི་དགེ་སློང་རྣམས་ཀྱིས་རྩེ་གཅིག་པའི་བསམ་གཏན་སྒོམ་པ་གནང་གི་ཡོད། རིམ་བཞིན་དེའི་ནང་བསམ་གཏན་འབའ་ཞིག་ལས་ཤེས་རབ་མི་དགོས་ཚུལ་གསུང་མཁན་བྱུང་ཡོད་འདུག
དེང་སྐབས་ཉི་ཧོང་སོགས་སུ་ངོས་ཀྱི་ངོ་ཤེས་མང་པོ་ཡོད་ལ། ལ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མི་རྟོག་པ་བསྒོམས་པ་ཁོ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པར་བརྟེན་སློབ་གཉེར་མི་དགོས་ཚུལ་གསུང་མཁན་འདུག །སྔར་ནས་དེ་ལྟར་བརྗོད་མཁན་ཡོད་ལ། ཉེ་ཆར་ངོས་རང་ཉི་ཧོང་དུ་བསྐྱོད་སྐབས། དགོན་པའི་མཁན་པོ་དང་། དགེ་འདུན་བགྲེས་པ། མཁས་དབང་བཅས་ལྷན་འཛོམས་ཐོག་གོ་བསྡུར་བགྲོ་གླེང་གནང་སྐབས། དགེ་འདུན་བགྲེས་སོང་ཞིག་གིས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་སློབ་གཉེར་བྱེད་དགོས་སམ་མི་དགོས། མི་རྟོག་པ་སྒོམ་པ་གཅིག་པུས་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་བམ་ཞེས་གསུང་གི་འདུག །ངོས་ནས་དེ་ལྟར་ཧ་ཅང་ཁག་པོ་རེད་ཅེས་ཞུས་པ་ཡིན། ང་ཚོ་ཚང་མས་ཤེས་རབ་སྙིང་པོ་གསུང་གི་ཡོད། པྲཛྙཱ་པ་ར་མི་ཏ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་མེད་ཅེས་ཞུ་དགོས་བྱུང་། དེས་ན་དེའི་ཚེ་དེའི་དུས་སུ་དེ་ལྟ་བུའི་གནས་ཚུལ་ཞིག་བྱུང་ཡོད། དེའི་ཐད་ཆོས་རྒྱལ་དབུས་སུ་དཔང་པོའི་ཚུལ་དུ་བཞུགས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཁོང་གི་རྗེས་འབྲང་ལོ་པཎ་འགའ་ཞིག་དང་། རྒྱའི་མཁན་པོ་དང་རྗེས་འབྲང་འགའ་ཞིག་བཅས་ཕན་ཚུན་བགྲོ་གླེང་མཛད་ཅིང་། སྐབས་དེར་བགྲོ་གླེང་གནང་བའི་གཞུང་རྩ་བར་བཞག་ནས་སྒོམ་རིམ་ཐོག་མཐའ་བར་གསུམ་ཞེས་བོད་དུ་ལྗགས་རྩོམ་མཛད་པ་ཡིན། དེ་ཡང་ང་ཚོའི་མེས་པོའི་རྒྱལ་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་དུ་གྲགས་པའི་ཡ་གྱལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྩོམ་སྐུལ་གསོལ་འདེབས་གནང་ནས་མཛད་པ་ཞིག་ཡིན། དེའི་སྐོར་མཛད་བྱང་ནང་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུལ་མ་བྱུང་སྟེ་མཛད་པ་ཡིན་ཞེས་ཧ་ཅང་གསལ་པོ་ཡོད།
སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱ་གར་དུ་བཞུགས་སྐབས་མཛད་པའི་དབུ་མ་སྣང་བ་སྟེ། དེ་ནི་དབུ་མའི་གཞུང་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཅིང་། དེ་བཞིན་ཁོང་གིས་སློབ་དཔོན་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་གྱི་འགྲེལ་པ་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། བསྟན་འགྱུར་གྱི་ཁྲོད་དུ་པོ་ཏི་གཉིས་ཙམ་ཞིག་ཡོད། ཧ་ལས་པའི་ཡག་པོ་དང་ཧ་ཅང་མཁྲེགས་པོ་ཞིག་འདུག །དཀའ་བ་སྤྱད་ནས་སློབ་གཉེར་མ་བྱས་ན་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་མིན། ཁོང་གིས་མཛད་པའི་ཚད་ཆེན་གྱི་འགྲེལ་པའི་ནང་དུ་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་སྟེ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་པའི་ཐོག་ནས་མངོན་མཐོ་སྒྲུབ་པ་དང་། ལས་འབྲས་ལ་རྨོངས་པའི་མ་རིག་པའི་གཉེན་པོ་བྱས་ཏེ་མངོན་མཐོ་སྒྲུབ་པ་དང་། རྟེན་ནས་བཏགས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཤེས་པའི་སྒོ་ནས་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པའི་གཉེན་པོ་བྱས་ཏེ་མ་རིག་པ་བསལ་ནས་ངེས་ལེགས་སྒྲུབ་པ་བཅས་རྟེན་འབྱུང་ཞེས་པ་དེར་རིམ་པ་གཉིས་སུ་ཕྱེ་སྟེ། རྒྱུ་འབྲས་རྟེན་འབྱུང་གི་རིམ་པ་གཅིག་དང་། དེས་མངོན་མཐོ་སྒྲུབ་པ་དང་། གཉིས་པ་ནི་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་རིམ་པ་གཅིག་སྟེ། དེ་ནི་བརྟེན་ནས་བཏགས་ཙམ་ལས་ངོ་བོ་ཉིད་ཀྱིས་གྲུབ་པ་སྟོང་པ་རེད་ཅེས་པའི་མཐའ་གཉིས་སེལ་བའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པའི་ཐོག་ནས་ངེས་ལེགས་ཐར་པའི་གོ་འཕང་སྒྲུབ་པ་བཅས་ཧ་ཅང་གསལ་པོར་གསུངས་ཡོད།
དེ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཚད་ཆེན་གྱི་འགྲེལ་པ་དབུ་ནས་གང་འཚམ་བཀླགས་པས་དེ་དག་གི་ཐོག་ཏུ་ངེས་པ་ཧ་ཅང་གསལ་པོ་ཞིག་རྙེད་བྱུང་། ཕྱག་དཔེ་སྤམ་ཤིན་ཏུ་མཐོ་ལ། ངོས་ལ་དུས་ཁོམ་མེད་པ་སོགས་ལས། དཀའ་ལས་ཧ་ཅང་ཁག་པོ་འདུག་པས་དེ་གས་འགྲིགས་སོང་སྙམ་སྟེ་ཕྱག་དཔེ་དེ་ཕར་བཞག་པ་ཡིན། དངོས་གནས་མཁས་དབང་དེ་དག་ནི་ང་ཚོའི་རྣམ་དཔྱོད་ཀྱི་བློ་མིག་འབྱེད་པའི་ལྡེ་མིག་དེ་ཁོང་རྣམ་པས་སྩལ་གནང་འདུག །པཎ་གྲུབ་དེ་དག་ནི་ཧ་ལས་པའི་མཁས་པའི་དབང་པོ་ཤ་སྟག་རེད་འདུག །དེ་ཡང་ཚིག་སྐམ་པོའི་མཁས་པ་ཙམ་མིན་པར་པཎ་གྲུབ་བཅུ་བདུན་ལས་མགོན་པོ་ཀླུ་སྒྲུབ་ལ་སོགས་པ་མང་པོ་ཞིག་གྲུབ་ཆེན་བརྒྱད་ཅུའི་ནང་དུའང་ཡོད། མདོར་ན་པཎ་གྲུབ་མང་པོ་ཞིག་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་དང་། རྟོགས་པ་མཐོན་པོར་ཕེབས་པ་ཤ་སྟག་ཆགས་ཡོད། དེ་དག་ཉམས་བཞེས་གནང་ནས་བྱུང་བ་ལས། བསྟན་བཅོས་བརྩམས་པ་གཅིག་པུས་ཡོང་ཐབས་མེད། དེས་ན་པཎ་གྲུབ་དེ་དག་ཧ་ལས་པ་ཞིག་རེད་འདུག །གོང་ཞུས་རྣམས་ནི་ཟབ་མོ་ལྟ་རྒྱུད་ཀྱི་བརྒྱུད་པ་ཡིན།
དེ་ནས་རྒྱ་ཆེན་སྤྱོད་ཀྱི་བརྒྱུད་པ་ནི།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
ཞེས་པ་ནི། ཤེར་ཕྱིན་གྱི་གཞུང་རྣམས་སྟོན་པས་གསུང་སྐབས་གདུལ་བྱ་ལས་དག་མིན་ཡོངས་རྫོགས་ཏེ་མི་མང་འདུ་འཛོམས་ཡོངས་ལ་གསུངས་པ་ཞིག་མིན། བདེན་བཞིའི་ཆོས་འཁོར་ལ་ཆ་མཚོན་ན། མི་མང་ཡོངས་རྫོགས་ཡོད་སར་གསུངས་པ་ཞིག་ཡིན། དེས་ན་ལོ་རྒྱུས་ཀྱི་ཐོག་ཏུ་འཁོད་ཡོད། ཆོས་འཁོར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་པའི་ཤེར་ཕྱིན་གྱི་གཞུང་རྣམས་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཞིག་ཡིན། དཔེར་ན། བྱ་རྒོད་ཕུང་པོའི་རིར་གནས་སྐོར་དུ་བསྐྱོད་སྐབས། ཤེས་རབ་སྙིང་པོ་ལས་གསུངས་པ་ལྟར། གནས་ཡུལ་གཞི་རྒྱ་ཆུང་ངུ་ཞིག་ལས། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་གདུལ་བྱ་ཁྲི་འབུམ་མང་པོ་གཤོང་ས་མེད། དེ་ནི་དག་པའི་སྣང་ངོར་ཡིན། དཔེར་ན། ཤེས་རབ་སྙིང་པོའི་གཞུང་དངོས་དེ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པ་ཞིག་མིན། ཤཱ་རིའི་བུ་དང་། འཕགས་པ་སྤྱན་རས་གཟིགས་གཉིས་དྲི་བ་དྲིས་ལན་གནང་ནས་གསུངས་པ་ཞིག་ཡིན། དེར་བརྟེན་ངོས་ནས་ནམ་རྒྱུན་རྩེད་མོ་དང་བཅས་ཏེ་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གསུངས་པའི་སྐབས་སུ་གདུལ་བྱ་སྤྱིར་བཏང་ཞིག་ཡོང་ན་དེས་ཤཱ་རིའི་བུ་མཇལ་བ་ལས། འཕགས་པ་སྤྱན་རས་གཟིགས་མཇལ་མི་ཐུབ་ཅིང་། དེར་རྟེན་ཤཱ་རིའི་བུས་ཆིག་ལབ་བསྐྱོན་ནས་བཞུགས་འདུག་སྙམ་པ་དྲན་སྲིད་པ་ཡིན།
དེ་ཡང་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཤིང་། འཕགས་པ་སྤྱན་རས་གཟིགས་མ་མཇལ་ཚེ་གཤམ་ངོས་སུ་ཤཱ་རིའི་བུས་ཆིག་ལབ་བསྐྱོན་ནས་བཞུགས་པ་ལྟ་བུ་ཞིག་ཆགས་ཉེན་ཡོད། དེ་ལྟར་ངོས་ནམ་རྒྱུན་དྲན་པ་ལྟར་བརྗོད་ཀྱི་ཡོད། མི་ཞིག་གློ་བུར་དུ་ཡོང་ན། ཤཱ་རིའི་བུ་དེ་རིང་ཐུགས་སེམས་དེ་ཙམ་བདེ་པོ་ཨེ་ཡོད་སྙམ་པ་ལྟ་བུའི་ཉེན་ཁ་ཡོད། དེས་ན་དེ་ནི་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཞིག་ཡིན་པ་ལས། གདུལ་བྱ་ཡོངས་གྲགས་ལ་གསུངས་པ་ཞིག་མིན། དེར་བརྟེན་ལོ་རྒྱུས་སྨྲ་བ་དག་གིས་གསུངས་པའི་ལོ་རྒྱུས་ཀྱི་ནང་དུ་འཁོད་མེད། ལོ་རྒྱུས་ནང་འཁོད་མེད་སྟབས་ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཞེས་པ་རྒྱུ་མཚན་དེ་དག་གི་ཐོག་ནས་ཡོང་གི་ཡོད། ཐེག་ཆེན་བཀའ་སྒྲུབ་ཅེས་པ་གཙོ་བོ་རིགས་པའི་ལམ་ནས་བརྗོད་བྱ་ལ་བརྟགས་ཤིང་དཔྱད་དེ་འགྲོ་དགོས་པ་དང་། དེ་ཡང་བཅོམ་ལྡན་འདས་ཀྱི་བཀའ་ཡིན་མིན་དེ་བརྗོད་བྱ་ལ་བརྟགས་ནས་དེ་ཉིད་བཅོམ་ལྡན་འདས་ཀྱི་བཀའ་འོས་མེད་ཡིན་པར་བསྒྲུབས་ཡོད། ལོ་རྒྱུས་སྨྲ་བའི་ནང་དུ་བཀོད་འདུག་ཅེས་བརྗོད་རྒྱུ་ཞིག་མིན། བཀའ་བསྡུ་མཛད་པ་པོ་ལ་ཆ་མཚོན་ནའང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་འཇམ་དབྱངས་ལ་སོགས་པ་དེ་དག་གིས་ཐེག་ཆེན་གྱི་བཀའ་བསྡུས་པ་ཡིན། དེ་ཡང་།
ཀུན་བཟང་འཇམ་དབྱངས་གསང་བདག་བྱམས་སོགས་ཀྱིས། །
ཐེག་ཆེན་བསྡུས་པ་རྟོག་གེ་འབར་བར་བཤད། །
ཅེས་གསུངས་པ་ལྟར། ཡོངས་གྲགས་སུ་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པའི་དོན་ཞིག་མིན། དེས་ན་ལོ་རྒྱུས་གཙོ་བོར་བྱས་པ་ལས་བརྗོད་བྱ་བསམ་བློ་གང་ཡང་མ་བཏང་ན། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན། ལོ་རྒྱུས་ཀྱི་ནང་དུ་མི་འདུག་ཅེས་བརྗོད་པ་དེ་ཡོང་གི་ཡོད། རྣམ་དཔྱོད་ཅན་ཞིག་ཡིན་ན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། དེ་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། ཞེས་རྟོན་པ་བཞིའི་སྒོ་ནས་དཔྱོད་སྐབས་ཐེག་ཆེན་གྱི་གཞུང་དེ་དག་གིས་གཞི་དང་། ལམ་དང་། འབྲས་བུའི་རྣམ་གཞག་གསུངས་པ་རྣམས་ལ་རིགས་པའི་རྒྱབ་རྟེན་ཆ་ཚང་ཡོད་པ་ཞིག་ཡིན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་ནང་དུ་དོགས་སློང་མཛད་ཡོད། བྱང་ཕྱོགས་སོ་བདུན་གྱི་ལམ་ཙམ་བསྒོམས་ནས་གཅིག་གིས་ཉོན་མོངས་སྤངས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། ཅིག་ཤོས་ཀྱིས་སྒྲིབ་པ་གཉིས་ཀ་སྤངས་པའི་ཐེག་ཆེན་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལམ་གཅིག་གི་ཐོག་ནས་ཡོང་ཐབས་མེད། འབྲས་བུ་ལ་ཁྱད་པར་ཡོད་པ་བཞིན་དུ་རྒྱུ་ལའང་ཁྱད་པར་ཡོད་དགོས་ཞེས་བསྒྲུབས་པ་གནང་ཡོད། འདི་རིགས་ནི་དངོས་གནས་དོན་ལ་གནས་ཤིང་། བསམ་བློ་ཞིབ་ཕྲ་བཏང་ན་གཏོང་རྒྱུ་ཡོད་པ་ཞིག་ཡིན།
མདོར་ན་པཱ་ལིའི་གཞུང་ཁོ་ནའི་ཐོག་ཏུ་ཕྱིན་ན་གང་ཟག་གི་བདག་མེད་ལས། ཆོས་ཀྱི་བདག་མེད་གསུངས་མེད། དངོས་གནས་བསམ་བློའི་ནང་དུ་བྲོ་བ་ཞིག་སླེབས་པ་ནི་ཆོས་ཀྱི་བདག་མེད་ཀྱི་ཐོག་ནས་སླེབས་དགོས་པ་ཡིན། གང་ཟག་གི་བདག་མེད་དཔྱིས་ཕྱིན་པའམ་ཡོངས་སུ་རྫོགས་པ་ཞིག་རྟོགས་པ་ལའང་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ལས། ཆོས་ཀྱི་བདག་མེད་རྟོགས་ནས་ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་བསུན་ཕྱུང་བ་ཞིག་མ་བྱུང་ཚེ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་ཐབས་མེད། དེས་ན་ཐེག་ཆེན་གྱི་གཞུང་རྣམས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །དེས་ན་ཐེག་ཆེན་གྱི་ཆོས་འཁོར་གྱི་རིགས་མང་པོ་ཞིག་བྱམས་པ་དང་། འཇམ་དབྱངས་ལ་སོགས་པ་དྲི་བ་དྲིས་ལན་གནང་མཁན་གྱི་གྲས་སུ་ཡོད་ལ། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་སྐབས་བབ་དེ་གཉིས་ལས་མར་བྱུང་བ་ཞིག་ཡིན། དེས་ན་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་སྐབས་བབ་དེ་བྱམས་པ་མགོན་པོ་དང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་འཇམ་དཔལ་དབྱངས་ལ་བཀའ་བབས་པ་ཡིན། འདི་ལྟར་དུ་བྱས་ཏེ་བྱམས་པ་དང་། འཇམ་དབྱངས་ལ་བརྟེན་ནས་ཐོགས་མེད་དང་ཀླུ་སྒྲུབ་བཅས་ནས་ཤེར་ཕྱིན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཆ་ཚང་བ་དེ་ཐོགས་མེད་དང་ཀླུ་སྒྲུབ་གཉིས་ཀྱིས་བཀྲལ་ཡོང་གི་ཡོད། དེས་ན།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་སོ།།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། ཉི་ཤུ་པ་སོགས་མཛད་པ་པོ་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད། འོན་ཀྱང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ཀྱི་འཇིག་རྟེན་ཁམས་ལེའི་ཐད་ངོས་ནས་སློབ་དཔོན་དབྱིག་གཉེན་ལ་ཕྱག་གསུམ་འཚལ་ནས། སྒྲ་ཇི་བཞིན་པ་ཁས་ལེན་ཐུབ་པ་མི་འདུག་ཅེས་ཞུ་བཞིན་ཡོད།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་བསམ་གྱིས་མི་ཁྱབ་པ་ཡིན་ཅིང་། ཚད་མ་ཀུན་བཏུས་ཀྱི་བཤད་ལུང་ཡོད་འདུག་པ་ལྟར་ཨུ་ཚུགས་བརྒྱབ་ནས་ཐོབ་ཐུབ་པ་བྱུང་ཞིང་། གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོའི་བཤད་ལུང་ཕལ་ཆེར་མི་འདུག་པས། ས་སྐྱའི་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་ནས་མཆན་འགྲེལ་ཞིག་གནང་རོགས་གནང་། མཆན་འགྲེལ་དེའི་ཐོག་ནས་བཤད་ལུང་གི་རྒྱུན་ཞིག་སྤེལ་ཐུབ་ན་ཡག་པོ་འདུག །ཅེས་རིན་པོ་ཆེར་ངོས་ནས་གསོལ་འདེབས་ཞུས་པ་ལྟར། རིན་པོ་ཆེས་མཆན་འགྲེལ་མཛད་དེ་ངོས་ནས་རིན་པོ་ཆེའི་དྲུང་ནས་དབུ་མ་སྙིང་པོ་བཤད་ལུང་ཞུས་ཏེ་དབུ་མ་སྙིང་པོའི་བཤད་ལུང་གི་རྒྱུན་ཚུགས་ཐུབ་པ་བྱུང་ཡོད། སློབ་དཔོན་ཐུགས་རྗེ་ཅན་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བཀའ་དྲིན་གསབ་པའི་སླད་དུ་ཡིན། འདི་དག་གལ་གནད་ཆེན་པོ་རེད་འདུག
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་སྔར་རྒྱ་ཡིག་ཐོག་བསྒྱུར་གནང་མེད་ཅིང་། ཚད་མ་རིགས་སྒོ་སྔར་ནས་རྒྱ་ཡིག་ཐོག་བསྒྱུར་ཟིན་ཡོད། དེ་བཞིན་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་སྔར་རྒྱ་ཡིག་ཏུ་བསྒྱུར་གནང་མི་འདུག་ཅིང་། ཕྱིས་སུ་བསྒྱུར་མཁན་གྱི་རིགས་བྱུང་ཡོད། དེ་ཡང་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་ཆ་ཚང་བོད་ཡིག་ཐོག་སྔར་ནས་ཡོད་མུས་ཡིན་པར་མ་ཟད། ཚད་མ་རྣམ་འགྲེལ་ཐོག་ནམ་རྒྱུན་ནས་སློབ་གཉེར་ཤུགས་ཆེ་གནང་སྲོལ་ཡོད།
ངོས་ནས་ཞུ་འདོད་པ་ཞིག་ལ། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་ཀྱི་ཚད་མའི་གཞུང་དེ་དག་གི་ཐོག་ནས་ཚད་མའི་སློབ་གཉེར་ཡོད་པ་ནང་པ་དུང་ཕྱུར་བཅུ་ཙམ་སྟེ། རྒྱ་ནག་ཁོ་ནར་ནང་པ་དུང་ཕྱུར་བཞི་ཙམ་དང་། ཐའེ་ལན་ཌི་དང་འབར་མ་སོགས་ལ་དུང་ཕྱུར་གཅིག་ཙམ་ཡོད་ལས་ཆེ། རིམ་བཞིན་རྒྱ་གར་ནང་གི་རིགས་དམན་མང་པོ་ཞིག་ནང་པར་བསྒྱུར་བ་སོགས་ཕལ་ཆེར་དུང་ཕྱུར་བཅུ་ཙམ་ཡོད་དམ་སྙམ། ལོ་ངོ་མང་པོའི་གོང་དུ་ནང་པ་དུང་ཕྱུར་གཉིས་ཙམ་ཡོད་ཚུལ་བརྗོད་ཀྱི་འདུག །བར་སྐབས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་ཤུགས་ཆེ་བྱུང་སྟེ་ནང་ཆོས་དར་ནས་དུང་ཕྱུར་བཞི་ཙམ་འདུག །དེ་ལྟར་དེང་སྐབས་ནང་པ་དུང་ཕྱུར་བཅུ་ཙམ་ཞིག་ཡོད་ན། དེ་དག་གི་ནང་དུ་ཚད་མའི་གཞུང་ལ་སློབ་གཉེར་བྱེད་མཁན་བོད་པ་དང་སོག་པོ་གཉིས་ལས་མེད། བོད་གངས་ཅན་གྱི་ལྗོངས་ལ་ཚད་མའི་གཞུང་རྣམས་བསྒྱུར་བར་མ་ཟད། ས་སྐྱ་པཎྜི་ཏས་རང་རྩོམ་ཚད་མ་རིགས་གཏེར་མཛད་ཡོད། ཕྱྭ་པ་ཆོས་ཀྱི་སེངྒེ་ཡབ་སྲས་ནས་བཟུང་སྟེ་ཚད་མའི་གཞུང་གི་སློབ་གཉེར་ལ་དམིགས་བསལ་གྱི་དང་དོད་གནང་སྟེ་ཐལ་དང་ཕྱིར་ཞེས་སོགས་ཀྱི་རྟགས་གསལ་གྱི་ལམ་ནས་འགྲོ་ལུགས་དེ་ཕྱྭ་པ་ཡབ་སྲས་ཀྱི་སྐུ་དུས་ནས་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་འདུག །འགྲོ་ལུགས་དེ་དག་བོད་ལ་མ་གཏོགས་གཞན་ལ་མེད།
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི། འཕགས་པ་གྲོལ་སྡེ་ནི་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་དེ་ཡིན་ཅིང་། ཁོང་ལ་གུས་ཞབས་ཆེན་པོའི་ཐོག་ནས། འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱས་ནས། །སེམས་ཙམ་གྱི་འགྲོ་ལུགས་སུ་བཀྲལ་བར་བརྟེན། དེ་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །ཞེས་ཁོང་གི་དགེ་རྒན་སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་ལྟ་བ་རྣམ་རིག་གི་ལུགས་སུ་བཀྲལ་བ་དེ་དོན་མི་གནས་པ་ཞིག་གཟིགས་ནས་འཕགས་པ་གྲོལ་སྡེས་དབུ་མའི་ལུགས་སུ་བཀྲལ་བ་ཡིན། ཞེས་འགྲེལ་པ་དོན་གསལ་གྱི་དབུར་གསལ་ཡོད།
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ནི། གདན་ས་ཁག་གི་ཕར་ཕྱིན་སློབ་གཉེར་བ་ཕལ་མོ་ཆེས་གཙོ་བོར་ལྟ་བཞིན་ཡོད། དེ་མིན་སྣང་བ་རྣམ་གཉིས་ཞེས་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་རྒྱན་སྣང་དང་། འཕགས་པ་གྲོལ་སྡེས་མཛད་པའི་ཉི་སྣང་བཅས་ཤེར་ཕྱིན་གྱི་འགྲེལ་པ་སྣང་བ་རྣམ་གཉིས་གཙོ་བོ་ཡིན། དེ་དག་ང་ཚོ་བོད་ལ་གཙོ་བོར་ལྟ་བཞིན་ཡོད།
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་ཡོན་ཏན་འོད་ལ་ཆ་མཚོན་ན། བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་བཞིན་མཁན་ཆེན་ཞི་བ་འཚོ་རང་ཉིད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་བཞེས་པ་ཞིག་ཡིན་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་དེ་ནི། བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་འཛིན་དང་། དེ་རྗེས་མགོན་པོ་ཀླུ་སྒྲུབ། དེ་རྗེས་སློབ་དཔོན་ལེགས་ལྡན་འབྱེད་སོགས་བྱོན་ཡོད་ཅིང་། དེ་དག་བརྒྱུད་ནས་མཁན་ཆེན་ཞི་བ་འཚོས་བཞེས་ཤིང་། མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་སུ་འདུལ་བའི་བསླབ་སྡོམ་གནང་བ་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་ཡིན་ཅིང་། འཕགས་པ་གནས་བརྟན་སྡེ་པའི་ལུགས་ཡིན་ཅིང་། དེས་ན་འཕགས་པ་གནས་བརྟན་པའི་སྡེ་པའི་ལུགས་ཀྱི་སོ་ཐར་གྱི་མདོ་དེ་པཱ་ལིའི་ནང་དུ་ཡོད་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སོ་ཐར་གྱི་མདོ་དེ་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཡོད་པ་བཅས་ལ་ངོས་ནས་ཞིབ་འཇུག་བྱས་པ་ཡིན། པཱ་ལིའི་ཐོག་ཏུ་ཡོད་པའི་སོ་ཐར་གྱི་མདོ་ལ་ཁྲིམས་ཉིས་བརྒྱ་ཉི་ཤུ་སྐོར་ཞིག་འདུག་སྙམ། མདོར་ན་ཉེས་བྱས་ལ་མང་ཉུང་ཆེན་པོ་ཡོད་ཅིང་། པཱ་ལིའི་མདོའི་ནང་ཉེས་བྱས་བདུན་ཅུ་དོན་གྲངས་ཤིག་ལས་མེད་ཅིང་། གཞི་ཐམས་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་ཉེས་བྱས་ལ་བརྒྱ་དང་བཅུ་གཉིས་ཡོད་ལ། དེ་མིན་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ཐམས་ཅད་ཡོད་སྨྲའི་ལུགས་ལ་འབའ་ཞིག་པ་གོ་གཉིས་ཡིན་ཅིང་། དེ་མིན་གཙོ་ཆེ་བ་རྣམས་གཅིག་མཚུངས་ཡིན།
མདོར་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སོ་སོར་ཐར་པ་སྟེ། འདུལ་བའི་གཞུང་ལ་མཚོན་ན། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་དང་། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ལ་སོགས་པ་མང་དུ་མཛད་ནས་བཀའ་དྲིན་གྱིས་བསྐྱངས་གནང་ཡོད།
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
ཞེས་པ་ནི། བོད་བསིལ་བུར་འཐོར་ཏེ་བོད་གངས་ཅན་ལྗོངས་ཀྱི་སྔར་གྱི་ནུས་ཤུགས་ཡོངས་སུ་ཉམས་དམས་སུ་གྱུར། བོད་ཀྱི་རྒྱལ་ཕྲན་ཁག་བསིལ་བུར་གྱུར་ཏེ་ཆོས་རྒྱལ་གྱི་གདུང་བརྒྱུད་ལྷ་རྒྱ་རིའི་གདུང་རྒྱུད་དང་། མངའ་རིས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་བཅས་གཉིས་སུ་གྱུར་པ་ལས། མངའ་རིས་ཀྱི་ཆོས་རྒྱལ་རྒྱལ་ཕྲན་ཆུང་ངུ་ཞིག་ཡོད་པའི་སྐབས་སུ་སྔར་མེས་པོ་དམ་པ་རྣམས་ཀྱིས་བོད་ལ་སངས་རྒྱས་ཀྱི་བསྟན་པ་གསར་དུ་བཙུགས། རྒྱ་ཆེར་སྤེལ་ཞིང་། རྟེན་དང་བརྟེན་པའི་དགོན་གནས་དང་། མཐའ་འདུལ་དང་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་སོགས་མང་དུ་བཞེངས་གནང་མཛད། མངའ་རིས་ཀྱི་ཆོས་རྒྱལ་རྒྱལ་ཕྲན་ཤིན་ཏུ་ཆུང་ངུར་བརྟེན་ཆབ་སྲིད་ཀྱི་ནུས་པ་གང་ཡང་མེད་ཀྱང་སྙིང་སྟོབས་ཁྱད་དུ་འཕགས་པ་ཞིག་བཞེས་ནས་འབད་བརྩོན་དུ་མའི་སྒོ་ནས་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་ལ་གྲགས་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཆགས་ཡོད་སྟབས་ཇོ་བོ་རྗེ་བོད་གངས་ཅན་གྱི་ལྗོངས་སུ་གདན་ཞུ་གནང་ཞིང་། ལོ་རྒྱུས་དེ་དག་ལ་བསམ་བློ་བཏང་ན་སེམས་ཧ་ཅང་སྐྱོ་པོ་ཞིག་ཡོང་གི་འདུག །ཞེ་ས་མ་ཞུས་ན། སྐབས་དེར་བོད་དུམ་བུར་ཕྱིན་ཏེ་ལུང་པ་དེར་རྒྱལ་ཕྲན་རེ་ཆགས་ཏེ་དེ་ལྟ་བུའི་རྒྱལ་ཕྲན་ཆུང་ངུ་ཞིག་གི་ཆོས་རྒྱལ་དེས་ཐུགས་འཁུར་བསྐྱེད་ནས་ཇོ་བོ་རྒྱ་གར་ནས་བོད་དུ་གདན་ཞུ་གནང་། བོད་དུ་ཕེབས་རྗེས་ཇོ་བོ་རྗེར་ཆོས་རྒྱལ་གྱིས་བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུངས་རོགས་གནང་ཞེས་ཞུས་པ་ལྟར། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་མཛད་པ་ཞིག་ཡིན། སློབ་དཔོན་ཀ་མ་ལ་ཤཱི་ལས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞལ་བཞུགས་པའི་སྐབས་སུ་ལྗགས་རྩོམ་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བསྐུལ་མ་མཛད་པ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྗགས་རྩོམ་མཛད་པའི་བྱང་ཆུབ་ལམ་སྒྲོན་གཉིས་བསྡུར་ན། དེའི་ཚེ་དེའི་དུས་ཀྱི་ཁོར་ཡུག་གི་གནས་སྟངས་མི་འདྲ་བ་ཡོད་པ་ཧ་ཅང་གསལ་པོ་འདུག །སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་སྐབས་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་ཕྱོགས་སྔ་དེ་ནང་པ་ཡིན་སྟབས། ལུང་དང་རིགས་པའི་ཐོག་ནས་དགག་བཞག་སྤོང་གསུམ་དང་བཅས་པའི་ཐོག་ནས་གསུངས་པའི་གཞུང་རྒྱ་ཆེན་པོ་ཞིག་ཡིན། མངའ་རིས་ཆོས་རྒྱལ་གྱིས་སྐུལ་མ་མཛད་སྐབས་རྩ་བ་བོད་སྤྱི་ལ་དགོངས་པ་ཡིན་ནའང་། མངའ་རིས་རྒྱལ་ཕྲན་ཆུང་བའི་ཁར། བསླབ་པ་སློབ་གཉེར་སོགས་རྒྱ་ཆེན་པོ་ཞིག་ཡོད་བཟོ་མི་སྣང་། དེས་ན། བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུངས་རོགས་གནང་ཞེས་ཞུས་པས་ན། ཇོ་བོ་རྗེས་ཀྱང་མཇུག་ཏུ་ལྷག་མཐོང་སྐོར་གསུངས་སྐབས་དབུ་མ་རྩ་བ་ཤེས་རབ་སོགས་ཀྱི་འགྲེལ་པ་བསྐྱོན་ཡོད་པ་ལས། སྤྱི་ཡོངས་ནས་མདོར་བསྡུས་སུ་གསུངས་པའི་གཞུང་ཆུང་ངུ་ཞིག་ཡིན། དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
སྤྱིར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ལ་ཆ་མཚོན་ནའང་། ཉི་མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར། །གསུང་གི་འོད་ཟེར་དག་གིས་འཇིག་རྟེན་གསལ་བར་མཛད། །ཅེས་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་དེ་དུས་ད་ལྟའང་ཆོས་ཁས་མི་ལེན་ཞིང་། རྣམ་དཔྱོད་ལྡན་པའི་མི་ཞིག་ཡིན་ན། ཡིད་དབང་འཕྲོག་པ་ཞིག་ཆགས་ཡོད། མ་གཞི་རྒྱ་གར་གྱི་ཞི་གནས་དང་ལྷག་མཐོང་ཆོས་ལུགས་ཚང་མར་སེམས་ཁམས་རིག་པའི་ཐོག་ལ་འགྲེལ་བཤད་རང་ཤུགས་སུ་ཡོང་བ་ཞིག་ཆགས་ཡོད། ལྷག་པར་དུ་སེམས་ཁམས་རིག་པའི་ཐོག་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱིས་འགྲེལ་བཤད་རྒྱ་ཆེ་གཏིང་ཟབ་ཡོད་པ་ཞིག་ཡིན་ལ། ཡང་སྒོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་འགྲེལ་བཤད་ཧ་ལས་པ་ཞིག་ཡོད་པ་ཆགས་ཡོད། དེས་ན།
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
ཞེས་པ་ལྟར། བདག་རྒྱུད་སྨིན་ཅིང་གྲོལ་བ་ཇི་ལྟར་བྱེད་དགོས་སམ་ཞེ་ན། རང་ཉིད་ཀྱིས་འགུལ་བསྐྱོད་གང་ཡང་བྱེད་མི་དགོས་པར་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པའི་ཐོག་ནས་བདག་རྒྱུད་སྨིན་ཅིང་གྲོལ་བ་ཞིག་ཡོང་ཐབས་མེད། བདག་རྒྱུད་མ་སྨིན་པ་དང་། མ་གྲོལ་བ་དེ་དག་གང་གིས་བྱས་སམ་ཞེ་ན། རང་གཅེས་འཛིན་དང་བདེན་འཛིན་གཉིས་ཀྱིས་བྱེད་ཀྱི་ཡོད། བདེན་འཛིན་དང་རང་གཅེས་འཛིན་གཉིས་སྨོན་ལམ་བརྒྱབ་ནས་མེད་པ་ཆགས་རྒྱུ་མེད། དཔེར་ན། ང་ཚོ་ཁོང་ཁྲོ་ཟ་བའི་སྐབས་འཕགས་པ་སྤྱན་རས་གཟིགས་མཁྱེན། ངའི་རྒྱུད་ཀྱི་ཁོང་ཁྲོ་འདི་ཞི་བར་ཤོག །ཅེས་བརྗོད་ནས་ཁོང་ཁྲོ་ཞི་ཐབས་མེད། དེས་ན་ཁོང་ཁྲོའི་ཉེས་དམིགས་ལ་བསམ་བློ་བཏང་། དེ་ཡང་དབུ་མ་འཇུག་པའི་སེམས་བསྐྱེད་གསུམ་པའི་སྐབས་སུ་བཟོད་པའི་ཕན་ཡོན་དང་། ཁོང་ཁྲོའི་ཉེས་དམིགས་གསུངས་པ་རྣམས་དང་། རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་ལེའུ་དྲུག་པའི་སྐབས་སུ་གསུངས་པ་རྣམས་ལ་བསམ་བློ་བཏང་ན་ཁོང་ཁྲོ་ཤུགས་ཆུང་དུ་འགྲོ་བ་ང་རང་ཚོའི་དངོས་ཡོད་ཀྱི་ཉམས་མྱོང་གི་ཐོག་ཏུ་བསམ་བློ་བཏང་ན་ཤེས་ཐུབ་པ་ཞིག་ཡིན། དེས་ན་རང་གཅེས་འཛིན་དང་། བདེན་འཛིན་གཉིས་ཕྱོགས་སྔར་བཞག་ནས་རྒྱུ་མཚན་ལ་བསམ་བློ་གཏོང་བ་སྟེ། ཁྱོད་ཀྱིས་དུས་ད་ལྟ་བར་དུ་ང་ལ་ཕན་པ་གང་ཞིག་བྱས་ཡོད་པ་དང་། གནོད་པ་གང་ཞིག་བྱས་ཡོད་པ་སོགས་སྤྱོད་འཇུག་ཏུ་གསུངས་པ་ལྟར་རང་གཅེས་འཛིན་དང་རྩོད་ནས་ཁ་གཏད་གཅོག་དགོས་པ་དང་། དེ་བཞིན་དབུ་མའི་གཞུང་ནས་གསུངས་པ་ལྟར་བདེན་འཛིན་དང་རྩོད་པའི་ཐོག་ནས་བདེན་འཛིན་ཁ་གྲག་རྒྱུ་མེད་པ་དང་། རང་གཅེས་འཛིན་ཁ་གྲག་རྒྱུ་མེད་པ་ཆགས་པའི་སྒོ་ནས་རང་གཅེས་འཛིན་དང་བདེན་འཛིན་གཉིས་ཀྱི་ནུས་ཤུགས་རིམ་བཞིན་ཆགས་པ་ལས། སྨོན་ལམ་བརྒྱབ་ནས་ཡོང་ཐབས་མེད།
རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེའི་བྱིན་རླབས་དུས་ནམ་ཡང་འགག་མེད་དུ་ཡོད་ཀྱང་དེས་ཕན་ཐོགས་མེད། རང་ཉིད་ཀྱིས་བསམ་བློ་བཏང་སྟེ་རང་རྒྱུད་ཀྱི་སེམས་རྒྱུད་མ་རུངས་པར་བྱེད་མཁན་དང་། མ་དུལ་བར་བྱེད་མཁན། མ་ཞི་བར་བྱེད་མཁན་གྱི་རང་གཅེས་འཛིན་དང་། བདེན་འཛིན་གཉིས་ལ་གཉེན་པོ་བསྟེན་ནས་མེད་པ་བཟོ་དགོས་པ་ལས། རང་གར་མེད་པ་ཆགས་ཐབས་མེད། དེས་ན་བདག་རྒྱུད་སྨིན་ཅིང་གྲོལ་བ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཐོག་མར།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
ཞེས་པ་ལྟར། ཁས་ལེན་མཁན་དང་ཆོས་ཁས་ལེན་མཁན་གང་ཞིག་ཡིན་ནའང་། སྣང་གནས་མི་མཐུན་པ་དེང་གི་ཚན་རིག་པ་དང་། རྣམ་དཔྱོད་ཅན་རྣམས་ཀྱིས་བསམ་བློ་གཏོང་སྐབས་སྣང་གནས་མི་མཐུན་པ་ཡོད་པ་བརྗོད་ཀྱི་འདུག །གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །ཞེས་པས། དབུ་མ་པའི་ལུགས་ཀྱིས་བཀྲལ་བ་ལྟར་གྱི་བདེན་གཉིས་ཏེ། དོན་དམ་བདེན་པའམ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་དེའི་སྟེང་ནས་བརྗོད་སྐབས། རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་ངེས་པ་བདེ་བླག་ཏུ་འདྲེན་ཐུབ་པ་ཞིག་དང་། རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་ངེས་པ་བདེ་བླག་ཏུ་འདྲེན་སྐབས།
བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །
པའི་ཐོག་ནས་འགོག་ལམ་གྱི་ཐོག་ནས་དོམ་དམ་བདེན་པའི་ངོ་ཆ་སྤྲད་ནས། དེའི་ཐོག་ནས་མ་རིག་པ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་ཤེས་ཤིང་། སེམས་རང་བཞིན་གྱི་འོད་གསལ་བ་ཡིན་སྟབས། ཐར་པ་ཚད་མས་གྲུབ་ཡོང་གི་ཡོད། དེས་ན།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ཞེས་པ་ལྟར། ཐར་པ་ལ་ཚད་མས་དྲངས་པ་ངེས་ཐོབ་པ་ཞིག་བྱུང་ན། དེ་ལྟར་སྟོན་མཁན་གྱི་སྟོན་པ་ལ་ཤེས་ནས་དད་པ་ཐོབ་པ་དང་། སྟོན་པ་དེའི་རྗེས་སུ་འབྲང་མཁན་གྱི་འཕགས་པའི་དགེ་འདུན་ལའང་ཤེས་ནས་དད་པ་ཐོབ་པ་ཞིག་དང་། མི་ཕྱེད་པའི་དད་པ་ཐོབ་པ་ཞིག་ཡོང་བ་ཡིན།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
ཞེས་པ་ལྟར་གྱི་ཐར་ལམ་གྱི་རྩ་བ་ཚུགས་པ་ལ། བདེན་གཉིས་དང་བདེན་བཞིའི་གནས་ཚུལ་གྱི་ཐོག་ནས་བསམ་བློ་གཏོང་དགོས་པ་ལས། ལུང་ཙམ་གྱི་ཐོག་ནས་ཤིན་ཏུ་དཀའ་བར་སེམས། མུ་སྟེགས་པའི་གཞུང་ནས་གསུངས་པའི་ཐར་པ་ཡོད་ལ། དཔེར་ན། དབང་ཕྱུག་ནག་པོའི་རྒྱུད་ལ་ཆ་མཚོན་ནའང་། རྒྱུད་ཀྱི་ཚིག་འདྲ་མཚུངས་ལྟར་ཧ་ཅང་ཟབ་པོ་ཡོད། རིགས་པས་དཔྱད་ན་རྩ་བ་བདག་ཏུ་ལྟ་བ་གཞི་ལ་བཞག་ནས་ཡོང་བས་ན་འགལ་འདུ་མཐོང་ཡོང་གི་ཡོད། འདི་ལ་ངོས་ནས་བསམ་བློ་འདི་ལྟར་གཏོང་གི་ཡོད། མངོན་རྟོགས་རྒྱན་ལས།
སྒྲུབ་པ་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
ཞེས་པ་འདི་ལ་བསམ་བློ་བཏང་བ་ཡིན། དེ་ཡང་སྒྲུབ་པ་རང་གི་ངོ་བོ་བདེན་གཉིས་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པའི་དམིགས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག །དེ་ལ་བརྟེན་ནས་རྟེན་སྐྱབས་གསུམ་ལ་སྟོན་པའི་གདམས་ངག །དེའི་སྟོང་ཉིད་ཀྱི་གོ་བ་ཆགས་པའི་ཐོག་ནས་ཁམས་བདེ་གཤེགས་སྙིང་པོ་ངོ་འཕྲོད་པ་བཅས་གོ་རིམ་འདི་ལྟར་དུ་སླེབས་ཡོང་གི་ཡོད། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་རའི་སྲས་ཀྱི་ཐུ་བོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནས་བཟུང་སྟེ་བཀའ་གདམས་སྐུ་མཆེད་གསུམ་ལ་སོགས་ནས་བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་བཅས་གསུམ་དུ་ཕྱེ་སྲོལ་ཡོད། དེང་གི་དུས་སུ་བཀའ་གདམས་པའི་གཞུང་པའི་འཁྲིད་ལུགས་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན།
དྭགས་པོའི་ཐར་རྒྱན་ལ་ཆ་མཚོན་ན། ཐོག་མར་རིགས་གསུངས་ཤིང་། དེ་ནས་གཞུང་སྤྲོས་ཏེ་གསུངས་པ་ཞིག་ཡོང་བ་ལས། དེ་མིན་བློ་ལྡོག་རྣམ་བཞི་སོགས་ཐད་ཀ་ཐད་ཀའི་བློ་སྦྱོང་ཚུལ་ཞིག་གསུངས་པ་ལས། བསྟན་པ་སྤྱིའི་རྣམ་གཞག་སྤྲོས་ཏེ་བཤད་པ་ཞིག་མི་འདུག །དེས་ན་ངེས་པར་དུ་བཀའ་གདམས་གཞུང་པ་བའི་འཁྲིད་ལུགས་ལྟར་དགོས་པ་ཞིག་རེད་འདུག
སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །
སྟོང་ཉིད་ཀྱི་ལྟ་བ་ཡོད་མུས་ཐོག །སྟོང་ཉིད་ཀྱི་ལྟ་བས་ངེས་འབྱུང་གི་བསམ་བློ་ལའང་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་ཅིང་། བྱང་ཆུབ་ཀྱི་སེམས་ལའང་སྟོང་ཉིད་ཀྱི་ལྟ་བས་གྲོགས་བྱེད་པ་བཅས་འདི་ལྟར་ཡིན།
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
སྔགས་ཀྱི་ཆོ་ག་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་ཚིག་འདི་ཐོན་མ་ཐག་དབུ་མའི་གཞུང་ནས་གསུངས་པའི་གོ་དོན་རྣམས་བསྡོམས་བརྒྱབ་ནས། ཨོཾ་སྭབྷ་ཝ་ཤུདྷ་ཞེས་བརྗོད་སྐབས། གང་ཟག་གི་བདག་མེད་དང་། སརྦ་དྷརྨ་སྭབྷ་ཝ་ཤུདྷ་ཞེས་པས་ཆོས་ཀྱི་བདག་མེད་བཅས་ཀྱི་སྟོང་པའི་ངང་དུ་བློ་རྩེ་གཅིག་ཏུ་གནས་པ་྅ཧཾ། ཞེས་པའི་ང་རྒྱལ་འཇོག་པ་བཅས་ཡིན་སྟབས། སྔགས་ཀྱི་ཆོ་ག་འདོན་ཕྱིན་ཆད་ལ་ ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་འདི་སླེབས་ཡོང་གི་ཡོད། ཨོཾ་སྭབྷ་ཝ་ཤུདྷ་ཞེས་པ་སྟེ། རང་བཞིན་དག་པ་ཞེས་པའི་རང་བཞིན་དག་ལུགས་དེ་དག་ཤེས་པའི་ཐོག་ནས་བསམ་བློ་གཏོང་དགོས་པ་ལས། དེ་ལྟར་གང་ཡང་མ་ཤེས་པར་ཨོཾ་སྭབྷ་ཝ་ཤུདྷ་སརྦ་དྷརྨ་སྭབྷ་ཝ་ཤུདྷ་ཧཉ་ཞེས་པའི་ཚིག་བརྗོད་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། དཔེར་ན། ངོས་རང་སྔར་ལྷ་སར་ཡོད་སྐབས། ནེ་ཙོ་ཞིག་དང་མེ་ན་བཅས་ཡོད་པ་ལས། མེ་ན་ཞེས་པའི་བྱ་ཆུང་ངུ་དེས་ཨོཾ་མཎི་པདྨེ་ཧཱཱུཾ། ཞེས་ཧ་ཅང་ཡག་པོ་བགྲང་གི་ཡོད། དེ་ལྟར་ང་ཚོས་ནེ་ཙོར་ ཨོཾ་སྭ་བྷཱ་ཝ་ཤུདྡྷཿ སརྦ་དྷརྨཱཿ སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བསླབས་ན་ཕལ་ཆེར་དེ་དག་གིས་ཀྱང་བརྗོད་ཐུབ་པ་ཡིན། དེས་སྟོང་ཉིད་སྒོམ་པ་འཇོག་ཐུབ་བམ། དེས་ན་ང་རང་ཚོ་མང་པོ་ཞིག་གིས་ཕལ་ཆེར་ནེ་ཙོས་མཎི་བགྲངས་པ་ལྟ་བུ་ལས། དོན་དག་ཤེས་ཀྱི་མི་འདུག །ངོས་ནས་འདྲ་ཆགས་དང་། མཁས་པོ་སྙན་པོ་གང་ཡང་ཤེས་ཀྱི་མེད་ལ། དྲང་པོར་བརྗོད་དགོས་པ་ཡིན། དུས་སྐབས་ཛ་དྲག་འདི་ལྟ་བུའི་སྐབས་སུ་མཁས་པོ་སྙན་པོ་བཤད་ནས་ཉིན་མ་འཁྱོལ་ཐབས་མེད། དངོས་ནས་སྐྱོན་ལ་མཛུབ་མོ་བཙུགས་ནས། ཤ་ཚའི་ཁ་ལ་གཏམ་སྙན་མེད། །ཅེས་པ་ལྟར་སྐྱོན་ལ་མཛུབ་མོ་བཙུགས་ནས་བརྗོད་དགོས་པ་ལས། མཁས་སྙན་འདྲ་ཆགས་བཤད་པས་ཕན་ཐོགས་གང་ཡང་མེད། དེས་ན་སྔགས་ཀྱི་ཆོ་ག་འདོན་མཁན་བོད་རྒྱ་ཁྱབ་ལ་ཧ་ལས་པའི་མང་པོ་ཡོད་ཀྱང་། སྟོང་ཉིད་ཀྱི་ལྟ་བའི་ཐོག་ལ་བསམ་བློ་གཏོང་མཁན་ཉུང་ཉུང་ཡིན་ཅིང་། ལྷག་པར་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ཞེས་བརྗོད་སྐབས་སྟོང་ཉིད་ཀྱི་ལྟ་བ་དང་ཟུང་དུ་འབྲེལ་ནས་འགྲོ་དགོས་པ་ལས། སྟོང་ཉིད་ཀྱི་ལྟ་བ་དང་མ་འབྲེལ་བར་འགྲོ་རྒྱུ་ཧ་ཅང་ཁག་པོ་ཡིན། ཕྱག་རྒྱ་ཆེན་པོའི་རྩེ་གཅིག་སྤྲོས་བྲལ་ཞེས་གསུངས་པའི་སྤྲོས་བྲལ་དེ་མི་རྟོག་པ་ཙམ་གྱི་སྤྲོས་བྲལ་མིན་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ནང་སྐྱེ་འགག་ལ་སོགས་པའི་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བ་ཤེས་པར་བྱས་ཏེ་དེ་ལྟ་བུའི་སྤྲོས་བྲལ་སྟེང་དུ་བློ་ངེས་པ་ཐོབ་པའི་ཐོག་ནས་འཇོག་དགོས་པ་ལས། དེ་མིན་ཡོང་ཐུབ་ཐབས་མེད།
དེ་བཞིན་རྫོགས་པ་ཆེན་པོ་སྒོམ་པའི་སྐབས་སུ་ཡང་། ངོ་བོ་ཀ་དག་དང་། རང་བཞིན་ལྷུན་གྲུབ། གདངས་འགག་མེད་ཀྱི་ཐུགས་རྗེ་ཞེས་པའི་སྐབས་ཀྱི་ཀ་དག་ཅེས་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་གོ་བ་གཉིས་ལས། ཐུན་མོང་བའི་གོ་བ་ནི་རང་བཞིན་རྣམ་དག་སྟོང་ཉིད་ཀྱི་ཐོག་ཏུ་བསམ་བློ་གཏོང་དགོས་པ་ལས། དེ་མིན་གོ་རྒྱུ་ཁྱད་པར་མེད། དེས་ན་རྫོགས་ཆེན་པ་དང་། ཕྱག་ཆེན་པ། ས་སྐྱའི་ལམ་འབྲས་པ་གང་ཞིག་ཡིན་ནའང་། གསལ་བ་སེམས་ཀྱི་མཚན་ཉིད་དང་། སྟོང་པ་སེམས་ཀྱི་རང་བཞིན་ཞེས་གསུངས་སྐབས་སྟོང་ཉིད་ཀྱི་ལྟ་བར་གོ་བ་ཆགས་པ་ཞིག་མ་བྱུང་ན། འགྲེལ་བརྗོད་ཇི་ལྟར་དུ་བྱེད་དགོས་སམ།
མདོར་ན་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཚང་མས་དབུ་མའི་ལྟ་བར་ཡིད་གཟབ་ཀྱི་སྦྱོང་དགོས་པ་ལས། དེ་དག་གི་རྣམ་གཞག་གང་ཡང་མི་ཤེས་པར། ཆོ་ག་འདོན་ཏེ་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་དེ་བསམ་བློ་གཏོང་རྒྱུ་གང་ཡང་མེད་པར་འདོན་ན་ཞབས་འདྲེན་དང་། ངོ་ཚ་བའི་གནས་ཡིན། དུས་ད་ལྟ་བར་དུ་ལོ་ངོ་བརྒྱ་ཕྲག་མང་པོ་འདི་ལྟར་དུ་བསྐྱལ་ཡོད། ད་ཆ་ང་ཚོ་གཉིད་བསད་ནས་རིག་པ་བསྒྲིམས་ཏེ་བསམ་བློ་གཏོང་དགོས་པ་ལས། ང་ཚོ་སྔར་ནས་ད་བར་ཁུངས་འདི་ལྟར་དུ་བསྐྱལ་བ་ཡིན། ད་དུང་ཡང་ཁུངས་འདི་ལྟར་དུ་སྐྱེལ་གྱི་ཡིན་ཞེས་བརྗོད་ན། དུས་རབས་ཉེར་གཅིག་པའི་ནང་དུ་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་སྐམ་འགྲོ་བ་ལས་བསྡད་ཐུབ་ཐབས་མེད། ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱུང་ན། དུས་རབས་ཉེར་གཅིག་པ་ཙམ་མིན་པར་དུས་རབས་ཉེར་གཉིས་དང་ཉེར་གསུམ་པའི་ནང་དུའང་གནས་ཐུབ་ངེས་ཡིན།
སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །
ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །
འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །
མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །
འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །
བྱ་བས་དུས་འདའ།
ཞེས་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་རིས་མེད་འདུས་སྡེ་ཀུན་ལ་ཐོས་བསམ་སྒོམ་གསུམ་དང་། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དུས་འདའ་བ་ལས། དེ་མིན་ལོག་འཚོས་འཚོ་སྟེ། ཞབས་བརྟན་བསྒྲུབས་ཤིང་། བསྙེན་བཀུར་དང་སྐུ་འགྱེད་དང་། མང་ཇ་སོགས་ལེན་པ་ལས་བསམ་བློ་གཏོང་རྒྱུ་གང་ཡང་མེད་པར་བསྡད་ན། ཕྱིའི་རྣམ་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་དགེ་འདུན་རབ་ཏུ་བྱུང་བའི་རྟགས་དང་ཆ་ལུགས་འཆང་ཞིང་། ནང་གི་སེམས་པ་ཁྱིམ་པའི་བསམ་བློ་རང་དུ་གནས་ནས་བསྡད་ན་ཞབས་འདྲེན་ཡིན། དེས་བསྟན་པར་ཕན་རྒྱུའི་ཚབ་ཏུ་གནོད་ཀྱི་ཡོད། དེས་ན།
ལོག་འཚོ་ཡོངས་སྤངས་པའི། །
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །
འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །
དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །
གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །
ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །
ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས་གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།། །།
ངོས་ནས་འདི་ལྟར་བརྗོད་འདོད་བྱུང་ཞིང་། ཁྱེད་རང་ཚོས་ཉན་གྱི་རེད་སྙམ་ནས་བརྗོད་པ་ཡིན། ཁྱེད་རང་ཚོས་གནད་འགག་རྣམས་ཤེས་སོང་ངམ། སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ལས་སླ་པོ་ཞིག་མེད། དཀའ་ལས་བརྒྱབ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ལས། ལས་སླ་པོའི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཞིག་མེད། ད་བར་གྱི་འགྲོ་ལུགས་དེ་དག་གིས་འཐུས་སྒོ་ཚང་མིན་རང་རང་སོ་སོས་བསམ་བློ་ལེགས་པར་བཏང་། མཁན་པོ་ལས་སྣེ་དག་གིས་ཀྱང་བསམ་བློ་ལེགས་པར་གཏོང་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན། ཞེས་བཀའ་སློབ་སྩལ་ཏོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།