༄༅། །འཕགས་བོད་གྲུབ་ཆེན་སྐྱེས་མའི་གསོལ་འདེབས་དད་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

 

སྲིད་ཞི་བདེན་སྟོང་མཉམ་པ་ཉིད་གཟིགས་པས། །

ཕོ་མོ་མཉམ་ཉིད་གདོད་ནས་དག་པའི་གཤིས། །

ངོ་མཚར་རྟེན་འབྱུང་ཆོས་ཉིད་གསལ་མཛད་པའི། །

ཐུབ་དབང་སྨྲ་བའི་དབང་པོར་མགོས་ཕྱག་འཚལ། །

 

བསྟན་ལ་ཞུགས་ནས་དབང་པོའི་རྟ་ཐུལ་ཞིང་། །

ཡིད་ལ་བསླབ་གསུམ་རྒྱན་གྱིས་མཛེས་པ་ཡི། །

སེམས་དཔའ་སེམས་མ་ཉན་རང་སློབ་མའི་ཚོགས། །

འདུས་པ་རྒྱ་མཚོར་གུས་པས་ཕྱག་འཚལ་ལོ། །

རབ་འབྱམས་གཞུང་ལ་ཐོས་བསམ་སྒོམ་པ་དང་། །

འཆད་རྩོད་རྩོམ་ཞིང་མཁས་བཙུན་བཟང་གསུམ་གྱི། །

ཐུགས་ཀྱི་བུམ་བཟང་ལེགས་གཏམས་འཕགས་བོད་ཀྱི། །

གྲུབ་ཆེན་སྐྱེས་མའི་ཚོགས་ལ་ཕྱག་འཚལ་ལོ། །

 

བསྟན་པ་གང་གི་ཕྱག་ཏུ་གཏད་པ་ཡི། །

རབ་མཛེས་བརྒྱུད་པའི་ཕྲེང་བ་ཚར་དུ་དངར། །

ཐུབ་པའི་གདུང་འཚོབ་སྐྱེས་མཆོག་དེ་རྣམས་ཀྱི། །

བཀའ་དྲིན་དྲན་བཞིན་དང་བས་ཕྱག་འཚལ་ལོ། །

 

 

༡༽ འབད་པ་དུ་མས་སྐྱེས་མའི་ལུས་རྟེན་གྱིས། །

བསྟན་པ་འདི་ལ་རབ་བྱུང་ཐོག་མར་མཛད། །

སྦྱང་ཡོན་མཆོག་གྱུར་དགྲ་བཅོམ་གོ་འཕང་བརྙེས། །

སྐྱེ་དགུའི་བདག་མོ་ཆེན་མོར་གསོལ་བ་འདེབས། །

 

༢༽ འཁོར་བསྒྱུར་བཙུན་མོ་སྒྲ་གཅན་འཛིན་གྱི་ཡུམ། །

རྒྱལ་བས་རང་ཡུལ་བྱོན་ཚེ་ཐབས་ཀྱིས་བཏུལ། །

དབང་པོའི་སྒོ་སྡོམ་འཛེམ་པ་མཆོག་གྱུར་པ། །

དགྲ་བཅོམ་གྲགས་འཛིན་མ་ལ་གསོལ་བ་འདེབས། །

 

༣༽ བསྟན་པའི་རྩ་བ་འཁོར་ལ་རག་ལས་ཕྱིར། །

མ་ཡི་སོ་ཐར་སྤེལ་ལ་གླེང་གཞིའི་མཆོག །

ཐུབ་པའི་བཅས་མཚམས་རྫོགས་པར་བྱེད་པའི་གཉེན། །

དགྲ་བཅོམ་སྦོམ་དགའ་མོ་ལ་གསོལ་བ་འདེབས། །

 

༤༽ ཁྱིམ་ན་གནས་པ་ཉེས་པ་སྟོང་གིས་མནར། །

ཤཱཀྱ་ཐུབ་པའི་རྗེས་འཇུག་ལམ་ལ་བསླབས། །

གུས་རྟག་སྦྱོར་བས་དགྲ་བཅོམ་འབྲས་བུ་བརྙེས། །

ཨུཏྤལ་མདོག་ཅན་མ་ལ་གསོལ་བ་འདེབས། །

 

༥༽ སྟོན་པས་དགྱེས་བཞིན་འཕྲིན་གྱིས་བསྙེན་པར་རྫོགས། །

དེ་མུར་རབ་བརྩོན་ཁྱིམ་ནང་དགྲ་བཅོམ་ཐོབ། །

སྐྱེས་མའི་ཆོས་འཆད་མཆོག་ཏུ་ལུང་བསྟན་པ། །

དགྲ་བཅོམ་ཆོས་སྦྱིན་མ་ལ་གསོལ་བ་འདེབས། །

༦༽ ཕུན་ཚོགས་རྒྱལ་སྲིད་མཆིལ་མ་བཞིན་དུ་དོར། །

སྙུན་མཛེས་མནར་ཡང་ཇི་མི་སྙམ་པར་འབད། །

འཕགས་པས་རྗེས་བཟུང་གྲུབ་པའི་གོ་འཕང་བརྙེས། །

དགེ་སློང་བྱང་སེམས་དཔལ་མོར་གསོལ་བ་འདེབས། །

 

༧༽ ཚེ་དཔག་མེད་མགོན་རབ་དད་དྲག་པོས་བསྙེན། །

དངོས་སུ་མཇལ་ནས་གསུང་གི་བདུད་རྩི་མྱངས། །

རིག་འཛིན་སར་གཤེགས་ཚེ་ཡི་གདམས་པའི་རྒྱུན། །

འཇོ་མཛད་གྲུབ་པའི་རྒྱལ་མོར་གསོལ་བ་འདེབས། །

 

༨༽ པཎ་ཆེན་ན་རོས་བརྩེ་བས་རྗེས་སུ་བཟུང་། །

གསང་སྔགས་ཕོ་ཉ་མཛད་དེ་མཆོག་ཐུན་བརྙེས། །

འཕགས་བོད་གདུལ་བྱར་ཆོས་དྲུག་གདམས་པ་སྤེལ། །

གྲུབ་ཆེན་ནི་གུ་མ་ལ་གསོལ་བ་འདེབས། །

 

༩༽ ཀུ་ཀུ་རི་པས་རྗེས་བཟུང་ཐུགས་རྒྱུད་སྨིན། །

དབང་བསྐུར་བསྐྱེད་རྫོགས་ཟུང་འཇུག་གདམས་པ་ཐོབ། །

རྩེ་གཅིག་སྒྲུབ་ལ་གཞོལ་བས་མཁའ་སྤྱོད་གཤེགས། །

གྲུབ་ཆེན་མཎི་བྷ་དྲར་གསོལ་བ་འདེབས། །

 

༡༠༽ ཀ་ན་པ་ཡིས་དབང་བསྐུར་རྗེས་བཟུང་སྟེ། །

དབུ་བཅད་ལུས་ཀྱིས་སྤྲུལ་པ་སྣ་ཚོགས་འགྱེད། །

ཡེ་ཤེས་སྤྱན་མངའ་མཁའ་སྤྱོད་གནས་གཤེགས་པ། །

གྲུབ་ཆེན་མེ་ཁ་ལ་ལ་གསོལ་བ་འདེབས། །

༡༡༽ བསོད་ནམས་རྒྱ་ཆེས་ས་ཡི་བདག་མོར་གྱུར། །

གངས་ཅན་བུད་མེད་རབ་བྱུང་དང་པོར་མཛད། །

གཙུག་ལག་ཁང་བཞེངས་བསྟན་ལ་བྱ་བ་བྱས། །

ཆེ་བཙུན་བྱང་ཆུབ་རྗེ་མོར་གསོལ་བ་འདེབས། །

 

༡༢༽ ཁ་བའི་ལྗོངས་སུ་རྒྱལ་བསྟན་དབུ་བརྙེས་ནས། །

གྲུབ་བརྙེས་ནམ་མཁའི་སྐར་ཚོགས་བཀྲ་བའི་དབུས། །

སྐྱེས་མས་གྲུབ་པ་ཐོབ་དང་མཛངས་མའི་ཕུལ། །

གཏེར་བདག་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །

 

༡༣༽ རྒྱལ་བས་ལུང་བསྟན་ཤེར་ཕྱིན་ཟབ་མོའི་དོན། །

ཕུང་སོགས་བདུད་བཞི་བཅོམ་པའི་ལམ་དུ་འཁྱེར། །

སྟོང་ཉིད་སྙིང་རྗེ་ཁོང་བརྡོལ་གཅེས་འཛིན་ཞིག །

གྲུབ་བརྙེས་ལབ་ཀྱི་སྒྲོལ་མར་གསོལ་བ་འདེབས།།

 

༡༤༽ སྐུ་ལུས་བཀྲ་ཤིས་རི་མོས་མཛེས་པར་མཚན། །

རྨ་ལོ་གཙུག་བསྟེན་བཀའ་བཀོད་སྒྲུབ་ལ་གཞོལ། །

དངོས་གྲུབ་བཞི་ཐོབ་ལུས་ཀྱི་སྤྲུལ་བསྒྱུར་མཁྱེན། །

གྲུབ་བརྙེས་མ་གཅིག་ཞ་མར་གསོལ་བ་འདེབས། །

 

༡༥༽ རྗེ་བཙུན་མི་ལས་རྗེས་བཟུང་མན་ངག་གསན། །

ཉམས་ལེན་རྟགས་བཅུ་ཡོན་ཏན་བརྒྱད་མངའ་ཞིང་། །

སྤངས་རྟོགས་མངོན་གྱུར་མཁའ་སྤྱོད་གནས་གཤེགས་པ། །

གྲུབ་བརྙེས་རས་ཆུང་མ་ལ་གསོལ་བ་འདེབས། །

༡༦༽ ཐུགས་རྒྱུད་ཞི་དུལ་རིགས་བཟང་མཁའ་འགྲོ་མ། །

རྡེག་འཚོག་དཀའ་སྤྱད་འཁོར་བར་ཡིད་འབྱུང་སྟེ། །

བླ་མའི་དྲུང་ནས་དབང་བསྐུར་གྲུབ་པ་བརྙེས། །

འདས་ལོག་སྣང་ས་འོད་ལ་གསོལ་བ་འདེབས། །

 

༡༧༽ བོ་དོང་ཕྱོགས་ལས་རྣམ་རྒྱལ་ཐུགས་སྲས་གྱུར། །

བཙུན་མས་དགོན་བཏབ་བསྟན་འགྲོའི་བྱ་བ་མཛད། །

གངས་ལྗོངས་སྐྱེས་མའི་མཆོག་སྤྲུལ་བསམ་སྡིང་གི །

རྗེ་བཙུན་ཆོས་ཀྱི་སྒྲོན་མར་གསོལ་བ་འདེབས། །

 

༡༨༽ མ་གཅིག་ལབ་སྒྲོན་རྣམ་རོལ་གུང་རུར་འཁྲུངས། །

ཤེལ་དགོན་བྲག་ནས་ཡ་མཚན་གཏེར་བུམ་བཞེས། །

མངོན་ཤེས་རྫུ་འཕྲུལ་སྟོན་ལ་ཐོགས་མེད་པ། །

གུང་རུ་མཁའ་འགྲོའི་ཞབས་ལ་གསོལ་བ་འདེབས། །

 

༡༩༽ སྨྱོས་རིགས་ལས་འཁྲུངས་བསྟན་ལ་རབ་ཏུ་བྱུང་། །

ལོ་ཆེན་དྲུང་ནས་ངོ་མཚར་གདམས་པ་གསན། །

འཆད་རྩོད་རྩོམ་པས་མཁས་པའི་བྱ་བ་མཛད། །

མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་བ་འདེབས། །

 

༢༠༽ ཟབ་ཆོས་གསུང་ངག་ལམ་འབྲས་ཚོགས་སློབ་ཀྱི། །

མན་ངག་བརྒྱུད་འཛིན་འཆད་པས་སློབ་ཚོགས་བསྐྱངས། །

ཁྱད་འཕགས་གདུང་རབས་ཌཱ་ཀིའི་གཙོ་མོ་སྟེ། །

རྗེ་བཙུན་རྟ་མགྲིན་དབང་མོར་གསོལ་བ་འདེབས། །

༢༡༽ གནས་མཚོ་པདྨར་བཅོ་ལྔའི་ཟླ་ཤར་འཁྲུངས། །

ངེས་མེད་གནས་ཀྱིས་བླ་མར་ཟབ་དགུ་གསན། །

རབ་བྱུང་དུས་མཐར་གྲུབ་བརྙེས་ཤུག་གསེབ་ཀྱི། །

རྗེ་བཙུན་ཆོས་ཉིད་བཟང་མོར་གསོལ་བ་འདེབས། །

 

དེ་ལྟར་འཕགས་བོད་སྐྱེས་མ་མཁས་དང་གྲུབ། །

ཇི་སྙེད་བྱོན་པའི་རྨད་བྱུང་རྣམ་ཐར་ཚུལ། །

དད་པས་སྒྲོག་ཅིང་གུས་པས་ཐོས་པའི་མཐུས། །

རྒྱལ་བསྟན་མི་ནུབ་ཡུན་རིང་གནས་གྱུར་ཅིག །

ཅེས་པ་འདི་ནི་དུས་རིང་སྔོན་ནས་སྟོན་པ་ཐུབ་པའི་དབང་པོར་འཕགས་བོད་སྐྱེས་མ་མཁས་གྲུབ་རྩོད་མེད་རྣམས་ཀྱིས་བསྐོར་བའི་བྲིས་ཐང་ཞིག་བཞེངས་འདུན་ཡོད་ཐོག །ཕྱི་ལོ་ ༢༠༠༨ ལོར་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་གྲོས་འགོ་བཏོན་པ་བཞིན་ཉེ་ལམ་བྱེས་འབྱོར་བལ་ཡུལ་ནང་སྡོད་དད་ལྡན་ཤངས་རྣམ་གླིང་རྫོང་ཁོངས་བཀྲ་ཤིས་བདེ་སྐྱིད་ཁྱིམ་ཚང་ནས། དེ་ལྟའི་བྲིས་ཐང་བཞེངས་སྐྲུན་འགྲེམས་སྤེལ་རྒྱ་གང་ཆེ་དང་སྤུས་གང་ལེགས་ཀྱི་འགྲོ་གྲོན་ཕངས་མེད་གཏོང་རྒྱུའི་བློ་སྟོབས་བསྐྱེད་ཅིང་དེ་དག་གི་འཆར་བཀོད་དང་། སྐྱེས་ཆེན་མ་དེ་རྣམས་ཀྱི་གསོལ་འདེབས་ཀྱང་དགོས་པའི་བསྐུལ་མ་བྱུང་བར། འདི་ནས་བཀོད་མངགས་ལྟར་རྣམ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་གྱིས་རྣམ་ཐར་ཕྱོགས་བསྒྲིགས་དང་བཅས་པ་ཞིབ་འཇུག་གང་ལེགས་བྱུང་འདུག་པར། ཡོངས་གྲགས་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་འདི་ལ་མཛད་པ་དམིགས་བསལ་ཅན་སྐྱེས་ཆེན་མ་གོང་སྨྲོས་དེ་རྣམས་ཀྱིས་མཛེས་པར་བསྐོར་བའི་ཐང་ག་བྲིས་འཐུས་དང་། དེ་དག་གི་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ཚིགས་སུ་བཅད་པ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་ཅེས་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ། ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས། བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་འབྲུག་ལོའི་ཟླ་ ༣ ཚེས་ ༡༥ ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༣ ཉིན་སྦྱར་བ་དགེ། ༎

 

Leave a Reply

Your email address will not be published. Required fields are marked *