ག༽ སློབ་དཔོན་ལེགས་ལྡན་འབྱེད་འཁྲུངས་ཡུལ།

ག༽ སློབ་དཔོན་ལེགས་ལྡན་འབྱེད་འཁྲུངས་ཡུལ།

 

སློབ་དཔོན་ལེགས་ལྡན་འབྱེད་གང་དུ་སྐུ་འཁྲུངས་པའི་ཡུལ་ནི་མ་ལ་ཡ་སྟེ། ལེགས་སྦྱར་གྱི་མ་ལ་ཡ་ཞེས་པ་བོད་སྐད་དུ་བསྒྱུར་ན་དྲི་ལྡན་གྱི་དོན་ཡིན་ཏེ། ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པའི་འགྲེལ་པ་དྲི་མ་མེད་པའི་འོད་ལས[1]། མ་ལ་ཡ་ཞེས་པ་ཙན་དན་ཡིན་ཏེ། ཙན་དན་གྱི་དྲི་ཕུན་སུམ་ཚོགས་པ་ལ་སྲོག་ཆགས་འདུ་བ་ལྟར། ཚོགས་ཀྱི་འཁོར་ལོའི་དུས་སུ་ཡང་དཔའ་བོ་དཔའ་མོ་རྣམས་འདུ་བས། འདུ་བ་མ་ལ་ཡ་རྫར་བརྗོད། །ཅེས་གསུངས་པ་ལྟར་རོ།།

དེ་ཡང་། ཀུན་འདུས་རིག་པའི་མདོ་ལས[2]། ངག་གི་དབང་ཕྱུག་རྡོ་རྗེའི་གདོང་། །ལང་ཀའི་ཡུལ་གྱི་གྲོང་རྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །རྐོ་རྐ་ཐང་མར་རྒྱ་མཚོའི་དོང་། །ཞེས་གསུངས་པ་ལྟར་ཤྲཱི་ལངྐའི་རི་བོ་མ་ལ་ཡ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡ། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་ནུབ་ཕྱོགས་ན་ཡོད་པའི་བྲག་ཞུན་དང་། ཅོང་ཞི། ཆུ་ཚན་སོགས་སྨན་རིགས་སྐྱེ་བའི་རི་བོ་མ་ལ་ཡ། བུ་སྟོན་ཆོས་འབྱུང་ལས། དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་རི་མ་ལ་ཡ་ཞེས་གསུངས་པ་ལྟར། ཕུན་སུམ་ཚོགས་པ་ལྔའི་ནང་གསེས་འོག་མིན་དང་། དགའ་ལྡན་སོགས་ལྷ་ཡུལ་དང་། ཝཱ་རཱ་ཎ་སཱི། བྱ་རྒོད་ཕུང་པོའི་རི་བོ། སངས་རྒྱས་ཀྱི་ཆོས་གསུངས་པའི་གནས་རི་བོ་མ་ལ་ཡ། གཞན་ཡང་རིགས་ལྡན་ཕོ་བྲང་ཀ་ལཱ་པའི་མདུན་དུ་དུས་འཁོར་གྱི་བློས་བསླངས་དཀྱིལ་འཁོར་ཡོད་སའི་མ་ལ་ཡའི་སྐྱེད་མོས་ཚལ་སོགས་མ་ལ་ཡའི་མིང་ཅན་མང་དུ་ཡོད་པ་ལས། སྐབས་འདིའི་རི་བོ་མ་ལ་ཡ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡ་སྟེ། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[3]། རི་མ་ལ་ཡའི་ཤར་ལྷོར་མ་ལ་ཝ་ར་ཟེར་བའི་ཡུལ་ཡོད་པ་དེར་དྷ་ན་ཀོ་ཊ་ཟེར་བའི་མཁར་ཆེན་པོ་དང་། མ་ཁ་ལླཱ་མེར་དང་། ཨ་ཧེ་རཾ་ཀ་པ་ཊ་ན་དང་། ཧ་ར་ཕོ་རུཾ་དང་། ཏནྟི་ཀུ་ལ་སོགས་གྲོང་ཁྱེར་མང་དུ་ཡོད་ཅིང་། སློབ་དཔོན་ལེགས་ལྡན་གྱི་འཁྲུངས་ཡུལ་དེ་ཡིན་ཞེས་ཏཱ་ར་ནཱ་ཐས་བཤད་འདུག །རི་མ་ལ་ཡའི་ལྷོ་མཐའ་ཤར་ཕྱོགས་ཀྱི་རྒྱ་མཚོ་དང་ཉེ་སར་མ་ད་ར་ (Madharas) ཟེར་བའི་ཡུལ་ཡོད་པ་དེའི་ལྷོ་མཐའ་འཛམ་གླིང་གྲུ་གསུམ་པའི་རྩེ་མོ་ཕྲ་སར་གནས་ཉེར་བཞིའི་ནང་ཚན་རཱ་མོ་ཤྭ་ར་སྟེ་དགའ་བའི་དབང་ཕྱུག་ཟེར་བའི་གནས་རྒྱ་གར་ཡོངས་ལ་གྲགས་པ་ཡོད། ཅེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་འཁྲུངས་ཡུལ་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡར་འཁྲུངས་པར་གསུངས་སོ།།

དེ་བཞིན་མ་ལ་ཡ་ཞེས་པ་ཡུལ་གང་གི་སྐད་ཡིན་པ་དང་། མིང་དོན་གང་ཡིན་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) མཆོག་གིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ལས[4]། སྙན་དངགས་ལ་གྲགས་ཆེ་བའི་མ་ལ་ཡཱ་དེ་རྒྱ་གར་ལྷོ་ན་ཡོད། སྤྱིར་མ་ལ་ཡཱ་བྱ་བ་ཏ་མི་ལའི་སྐད་དེ། རིའི་མིང་ཙམ་ཡིན་ཅིང་། ཏྲཱི་མ་ལ་ཡཱ་བྱ་བ་ཡང་དེ་དག་གི་སྐད་དེ། ཤྲཱི་མ་ལཱ་ཡ་དང་དོན་གཅིག་ཅིང་། དཔལ་གྱི་རི་བོ་བྱ་བ་ཡིན། ཞེས་གསུངས་ལ། རྒྱ་གར་ཆོས་འབྱུང་ལས་མ་ལྱ་ར་ཞེས་དང་། འཛམ་གླིང་རྒྱས་བཤད་དུ་མ་ལ་ཡ། སིངྒ་ལའི་ལོ་རྒྱུས་སུ་མལཡཱ་སོགས་དག་ཆ་འབྲི་ཚུལ་འགའ་ཞིག་ཀྱང་བྱུང་ངོ་།།

དེ་ཡང་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡ་ནི་སྔོན་ཙན་དན་གྱི་ནགས་ཚལ་ཡོད་པའི་རི་བོ་ཞིག་སྟེ། གནའ་བོའི་སྐབས་རི་དེ་ལས་རླུང་གིས་ཙན་དན་གྱི་དྲི་བསུང་ཕྱོགས་ཀུན་བསྐྱོད་པའི་སྣང་ཚུལ་གྱིས་མི་རྣམས་ལ་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་ཚོར་སྣང་སྟེར་བར་བྱེད་པས་ན། ཆོས་གཞུང་དང་སྙན་ངག་སོགས་སུ་རི་བོ་མ་ལ་ཡར་བསྔགས་བརྗོད་དང་ཆེ་བསྟོད་སོགས་མང་དུ་མཛད་ཡོད་པ་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་ས་སྐྱ་ལེགས་བཤད་ལས[5]།

རྟག་ཏུ་དམ་པའི་ཡོན་ཏན་རྣམས། །སྐྱེ་བོ་དམ་པས་ལྷག་པར་སྒྲོགས།།

མ་ལ་ཡ་ཡི་ཙན་དན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད།།

ཅེས་དོན་གསལ་བྱེད་ཀྱི་དཔེའི་སྒོ་ནས་རི་བོ་མ་ལ་ཡའི་རང་བཞིན་ལྷན་སྐྱེས་ཀྱི་ཆ་གསལ་བར་བསྟན་ཡོད་ལ། སློབ་དཔོན་དབྱུག་པ་ཅན་གྱིས་བརྩམས་པའི་སྙན་ངག་མེ་ལོང་མ་ལས[6]། མ་ལ་ཡ་ཡི་རླུང་གིས་ནི། །ཙནྡན་ལྗོན་པ་གསར་པ་ཡི། །ཡལ་འདབ་སྐྱོད་པར་བྱེད་པ་འདིས། །ཀུན་གྱི་དགའ་བ་སྐྱེད་པར་བྱེད། །དགའ་བ་སྐྱེད་པར་འོས་པ་ཡི། །རང་བཞིན་ཉེ་བར་སྦྱར་བ་འདི། །རྒྱན་ཉིད་ཀྱིས་ནི་རབ་བསྟན་དེ། །ལྡོག་པ་དག་ཀྱང་དེ་དང་མཚུངས། །མ་ལ་ཡ་ཡི་ཆུ་རྒྱུན་ལ། །རེག་ཅིང་ཙནྡན་ནགས་བསྐྱོད་པ། །རླུང་འདི་མགྲོན་པོ་རྣམས་དག་ནི། །ཉམས་པར་བྱ་ཕྱིར་ཉེ་བར་གནས། །ཞེས་དང་། དཔལ་ལྡན་དགའ་བའི་ལྷས་ (590-648) བརྩམས་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལས་[7]ཀྱང་།

དགའ་ལྡན་ཕྱོགས་ཀྱི་གླང་པོ་འགྲམ་པའི་ངོས་འདར་ཙན་དན་དག་ནི་ཆག་ཅིང་ཟག །ཆུ་གཏེར་རླབས་རྣམས་རབ་ཏུ་བསྣུན་པས་ཕུག་དང་ལུང་པ་དག་ནི་ཆོ་ངེས་སྒྲོགས། །གྲུབ་པའི་བུད་མེད་བགྲོད་པ་རྣམས་ཀྱི་རྐང་པའི་སྨུག་རྩིས་དམར་བ་མུ་ཏིག་རྡོ། །བསྟེན་བྱ་རི་བོ་མ་ལ་ཡ་འདིས་བདག་གི་སེམས་ནི་ཅི་ཡང་སྲེད་ལྡན་བྱེད། །ཅེས་སྙན་ངག་གི་གཞུང་དང་། ཟློས་གར་གྱི་བསྟན་བཅོས་སོགས་སུ་རི་དེར་ཙན་དན་གྱི་ནགས་ཚལ་སྟུག་པོ་ཡོད་པར་གསལ་ཞིང་། སི་ཏུ་པདྨ་ཉིན་བྱེད་དབང་པོས་ (1774-1853) མཛད་པའི་བསང་མཆོད་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་ཕན་བདེ་བདུད་རྩིའི་གཏེར་མཛོད་ལས[8]།

ཕྲེང་བ་དཀྲིགས་འདྲ་མ་ལ་ཡ་རླུང་གིས། །བསྐྱོད་པའི་ཧ་རི་ཙནྡན་ངད་ལྡང་བའི། །

བསང་མཆོད་འདི་འབུལ་ཚིམ་ཞིང་དགྱེས་པར་རོལ། །མི་གཙང་ངན་སྤྱོད་གྲིབ་ཀྱིས་གོས་པ་བསང༌། །

ཞེས་ཧ་རི་ཙནྡན་ཏེ་ལྷའི་ལྗོན་ཤིང་ངམ་ཙན་དཀར་པོ་དང་། གཞན་ཡང་ཙནྡན་གོ་ཤིརྵ་ཞེས་པ་དེ་ཡང་རི་བོ་མ་ལ་ཡར་སྐྱེས་པའི་ཙན་དན་དཀར་པོའི་རིགས་ཤིག་ཡིན་ཚུལ་ཚིག་མཛོད་ཁག་ཏུ་གསལ་བར་མ་ཟད། ཙནྡན་གྱི་མངོན་བརྗོད་ལའང་མ་ལ་ཡར་སྐྱེས་སུ་གྲགས་ཀྱང་། དེང་སྐབས་རི་བོ་མ་ལ་ཡར་ཤིང་ནགས་སྟུག་པོ་མ་མཆིས་ཁར། སྔར་དེ་ལྟར་བྱུང་མྱོང་བའི་རྟགས་མཚན་ཡང་དེ་ཙམ་མི་སྣང་ངོ་།།

༼རི་བོ་མ་ལ་ཡ་སྟེ། (Bettadapura Hills) འདྲ་པར།༽

གཞན་ཡང་རི་བོ་མ་ལ་ཡ་ཇི་ལྟ་བུ་ཞིག་ཡོད་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས་ལས[9]། དེ་ཡང་རི་མ་ལ་ཡ། རྒྱ་གར་ལྷོ་ཕྱོགས་ཀྱི་མཐའ་སྣེར་ཡོད་པའི་རི་ཞིག་གི་མིང་། རྒྱ་གར་གྱི་ས་དབྱིབས་ཟླ་གམ་གཟུགས་སུ་ཡོད་པའི་རྩེ་མོ་རྣོ་ཤོས་ན་མ་རུ་ཀུ་ཋསྟེ་ཡོངས་གྲགས་སུ་ར་མེ་ཤྭ་རི་[10]ཟེར་བ་དེར། ཙནྡན་དང་། ག་པུར་གྱི་རིགས་ཧ་ཅང་མང་པོ་སྐྱེས་པའི་རི་ཞིག་ཡོད་པ་དེའི་མིང་ལ་མ་ལ་ཡ། ཞེས་འབོད་པ་དང་རི་དེའི་རྩེ་མོར་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལེགས་པོ་ཞིག་ཡོད་ལ། རི་དེའི་ལོགས་ཤིག་ནས་བརྡོལ་བའི་ཆུ་མིག་རི་དེ་ལ་ལན་ཉི་ཤུས་བསྐོར་ནས་འབབ་པའི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོར་ཐུག་པ་ཞིག་ཡོད་པ་དངོས་སུ་གཟིགས་པར་བཤད། ཅེས་ཐང་སན་ལམ་ཡིག་ཏུ་གསལ་བ་ལུང་འདྲེན་གྱི་གསུངས་པ་ལྟར། རི་རྩེར་ཞིག་རལ་རྙིང་གོག་ཏུ་གྱུར་པའི་ལྷ་ཁང་འགའ་ཞིག་འདུག་པ་ནི། ཐང་ཟན་ཙང་རྒྱ་གར་དུ་ཕེབས་སྐབས་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལེགས་པོ་ཞིག་ཡོད་པར་གསུངས་པའི་སྐབས་ནས་ད་བར་ལོ་ངོ་ ༡༣༠༠ ལྷག་འདས་པས་ན། དེའི་རིང་ཆག་འཇིག་འཕོ་འགྱུར་སྣ་མང་བརྒྱུད་ཡོད་སྟབས། དེང་གི་ཆར་སྤྱན་རས་གཟིགས་ཀྱི་ལྷ་ཁང་དེའི་རྗེས་ཤུལ་ཡིན་མིན་ཁ་ཚོན་གཅོད་དཀའ་ལ། རི་རྩེར་རྡོ་རིང་གླང་གཟུགས་ཏོག་ཅན་གཉིས་དང་། བྲག་ངོས་སུ་བ་གླང་གི་རྐང་རྗེས་གསལ་བར་མངོན་པ་བདུན་བརྒྱད་ཙམ་དང་། རི་ངོས་ཀྱི་རྡོ་སྐས་དང་ལྷ་ཁང་སོགས་ཀྱི་སྟེང་བརྐོས་པའི་རི་མོ་དང་སྐུ་བརྙན། བ་གླང་གི་གཟུགས་བརྙན་སོགས་ལས་ཧིན་དྷུའི་ཆོས་ལུགས་དར་ཁྱབ་ཆེ་སྐབས་འཛུགས་སྐྲུན་བྱས་པ་ལྟ་བུར་སྣང་ངོ་།།

དེ་བཞིན་ཐང་སན་བླ་མས་ (603-664) བརྩམས་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་བཀོད་པའི་དཀར་ཆག་ལས[11]། རི་བོ་མ་ལ་ཡ། གྲོང་ཁྱེར་གྱི་ཤར་ཕྱོགས་སུ་རི་བོ་མ་ལ་ཡ་ཡོད་དོ། །དེ་ནི་བགྲོད་དཀའ་བ་རྩུབ་པ་རྡོ་དང་གསེག་མས་གཏམས་པ་བྲག་ཕུག་ཟབ་མོ་དང་འགའ་ཞིག་སངས་ཐལ་དུ་ཡོད། དེར་ཙན་དན་དང་ཙན་དན་ཞེས་པའི་ཤིང་གི་ནགས་ཚལ་ཡོད་དོ། །ཙན་དན་ནི་དབྱིབས་དང་ཁ་དོག་རྣམ་པ་ཐམས་ཅད་ཙན་དན་དཀར་པོ་དང་འདྲ་ལ། ཁྱད་པར་ཅུང་ཟད་མི་འདྲ་བ་ནི་ཤིང་དེ་ཤིན་ཏུ་ཆེ་ལ་མཐོ་བ། དྲི་བསུང་རྒྱང་རིང་དུ་བྲོ་བ། དགུན་དུས་མ་གཏོགས་ལེན་དཀའ་བ། རྒྱུ་མཚན་ནི་ཤིང་དེ་ཤིན་ཏུ་བསིལ་བས་དུག་སྦྲུལ་གྱིས་དཀྲིས་ཏེ་གནས་པའི་ཕྱིར་རོ། །དགུན་དུས་སུ་དུག་སྦྲུལ་ཉལ་ཟིན་པའི་དུས་སུ་ལེན་ནོ། །དེའི་ཐང་ཆུ་ནི་ཀརྦུ་ར་སྟེ་ག་བུར་རོ། །དབྱིབས་དང་ཁ་དོག་འཁྱགས་རོམ་དང་འདྲའོ། །ཞེས་གསལ་བ་ལྟར་གྱི་མ་ལ་ཡའི་ཡུལ་དུ་སློབ་དཔོན་འདི་ཉིད་སྐུ་འཁྲུངས་པའོ།།

དེ་ལྟའི་ལྷོ་ཕྱོགས་མ་ལ་ཡའི་རི་བོ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ (Karnataka) མངའ་སྡེའི་ཁོངས་གཏོགས་མའེ་སོར་ (Mysore) གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཆགས་ཡོད་ལ། རྒྱ་གར་བ་རང་ཉིད་ཀྱི་མིང་ལ་ (Bettadapura Hills) ཞེས་འབོད། སྦེལ་ཀོབ་ཏུ་ཆགས་པའི་སེ་ར་ཐེག་ཆེན་གླིང་ནས་ཀྱང་རི་འདི་ཉིད་མཐོང་ཐུབ་པ་སྟེ། སྒོ་མང་མཁན་ཟུར་ངག་དབང་ཉི་མའི་ (1907-1990) གསུང་ལས[12]། འཕགས་ཡུལ་མ་ལ་ཡའི་རི་དང་སྐྱེད་ཚལ་ཟེར་བ་དེ་སྦེ་ལ་ཀོ་པིར་འདུག་ཟེར། ཞེས་བྱུང་བ་ལྟར། རི་བོ་དེ་ཉིད་རྒྱང་རིང་ནས་བལྟས་ཚེ་དམའ་ན་ཡང་། རི་གཤམ་ནས་རི་རྩེ་བར་རྡོ་སྐས་ཆིག་སྟོང་སུམ་བརྒྱ་ལྷག་འཛེགས་དགོས་ལ། རི་འདབས་ནས་ཐོག་ཁེབས་ཀྱི་ལྷ་ཁང་གསར་དུ་བཞེངས་པའི་རྡོ་ཡི་སྒོ་ཆེན་རྙིང་པ་ཞིག་ཡོད་པ་ལས་ཆས་ཏེ། བར་མཚམས་རྣམས་སུ་རྡོའི་རྒྱལ་སྒོ་རེ་བསླངས་པའི་གནའ་ཤུལ་གྱི་རྡོ་སྐས་རིང་མོ་ཞིག་བརྒྱུད་དེ་བསྐྱོད་ན་རི་རྩེར་སླེབས་ཐུབ།

རི་དངོས་ནི་བྲག་རྡོ་ཤིན་ཏུ་མང་བའི་བྲག་རི་མཐོན་པོ་ཞིག་སྟེ། རྩེ་མོར་སླེབས་ཚེ་ཕྱོགས་མཚམས་རྣམས་ནི་མཁའ་ཐོག་ནས་བལྟས་པ་ལྟར་མཐོང་ཐུབ་པར་མ་ཟད། དེ་ཁུལ་དུ་ཡོད་པའི་རི་བོ་ཆེས་མཐོ་ཤོས་ཀྱང་དེ་ཉིད་ཡིན། རི་དེ་ནི་ཕྱི་རོལ་པ་རྣམས་ཀྱིས་གནས་རྩ་ཆེན་ཞིག་ཏུ་བརྩི་བ་དང་། ནང་པས་ཀྱང་བདེ་མཆོག་གི་གནས་སུ་ངོས་འཛིན་བྱེད་པ་སྟེ། གཟུངས་བསྡུས་ལས[13]། མ་ལ་ཡ་ཡི་རི་བོ་ལ། །གནས་ཤིང་རྒྱན་འབར་ཐོགས་རྣམས་དང་། །ཁྱབ་འཇུག་ལྷ་ཆེན་ལ་སོགས་པ། །ལྷ་ཡི་བདག་པོ་རྣམས་དང་ནི། །ལག་ན་རྡོ་རྗེ་ལ་སོགས་པ། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །ཞེས་སོགས་གསུངས་ལ། སྤྲིན་གྱི་བཞོན་པའི་རྟོགས་བརྗོད་ཀྱི་བསྟན་བྱ་གཙོ་བོའི་རྒྱལ་པོ་ཡང་། རྒྱ་གར་གྱི་ལྷོ་ཕྱོགས་རི་བོ་མ་ལ་ཡ་དང་ཉེ་བའི་སར་འཁྲུངས་པ་ཞིག་ཡིན་ནོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ཉ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༨བ༢

[2]  བཀའ་འགྱུར་དཔེ་བསྡུར་མ། རྙིང་བརྒྱུད། ༼ཀ༽ དེབ་ཨང་ ༡༠༡ པ། ཤོག་གྲངས་ ༣༥༩

[3]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༠༡

[4]  སིངྒ་ལའི་ལོ་རྒྱུས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༧

[5]  ས་སྐྱ་ལེགས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༣༠

[6]  སྙན་ངག་རྩ་འགྲེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༣༦

[7]  བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼ཨུ༽ དེབ་ ༩༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༣༧

[8]  པདྨ་ཉིན་བྱེད་དབང་པོའི་གསུང་འབུམ། ༼༣༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡༡བ༣

[9]  དེབ་ཐེར་དམར་པོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༦༨

[10]  ར་མེ་ཤྭ་རི། དགའ་བའི་དབང་ཕྱུག་ཟེར་བའི་ཡུལ་གནས་ཉེར་བཞིའི་ནང་ཚན་དེ་ཡིན་ཅིང་། རྒྱ་གར་གྱི་ས་དབྱིབས་གྲུ་གསུམ་དུ་ཆགས་པའི་རྩེ་མོ་རྣོ་ཤོས་ལྷོ་ཕྱོགས་སུ་གཏད་པའི་རྒྱ་མཚོའི་འགྲམ་གྱི་སྣེ་དེར་ཡོད་ཅིང་། འདི་ནས་ཤར་ལྷོའི་ཕྱོགས་སུ་གྲུ་བཏང་ནས་ཕྱིན་ན་ལངྐའི་གྲོང་ཁྱེར་རམ་ལངྐའི་གླིང་ཕྲན་ཞེས་རྒྱལ་པོ་དགའ་བྱེད་ར་མ་ཎས་སྲིན་ཡུལ་དུ་དམག་དྲངས་པར་བཤད་པའི་ཡུལ་དེ་ཡོད། དེང་སང་སིངྒ་ལའམ་ཤིས་ལན་ཞེས་འབོད་པ་དེ་ཡིན། རྭ་མ་ཎའི་གཏམ་རྒྱུད་ནང་འཁོད་པ་ལྟར་ས་གནས་སིངྒ་ལའི་གླིང་བར་རི་ཡི་ཟམ་པར་གྲགས་པའི་རི་ཆུང་རྡོག་ཙམ་བར་མ་ཆད་པར་མཐོང་རྒྱུ་ཡོད་ཟེར། ར་མེ་ཤྭ་རི་ཞེས་པ་བོད་སྐད་དུ་བསྒྱུར་ན་དགེ་བ་ཅན་ཞེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགའ་ཞིག་ལས་བཤད། ཅེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༡༨༨༡ ཐོག་གསལ་ལོ།།

[11]  རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༦༢

[12]  རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། པོད། ༼༣༽ སྒོ་མང་དཔེ་མཛོད་ཁང་། ༢༠༠༣ ཤོག་གྲངས་ ༦༢༢

[13]  བཀའ་འགྱུར་དཔེ་བསྡུར་མ། གཟུངས་བསྡུས། ༼ཨེ༽ དེབ་ ༩༧ པ། ཤོག་གྲངས་ ༢༨༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༣ ནས་ ༢༨༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *