ལེའུ་བརྒྱད་པ། ནཱ་ལེནྡྲའི་དཔེ་མཛོད་དང་བསྒྱུར་གཞུང་།
ཀ༽ དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དཔེ་མཛོད།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དཔེ་མཛོད་ཆེ་འབྲིང་གསུམ་ཡོད། དེ་ཡང་དཔལ་ནཱ་ལེནྡྲའི་དྷརྨཱ་གཉྫ་སྟེ་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་ས་གཱ་ར་དང་། རཏྣ་ད་དྷི། རཏྣ་རཎྚ་ཀ་ཞེས་བྱ་བའི་དཔེ་མཛོད་ཁང་ཆེན་པོ་གསུམ་ཡོད་པ་དེ་དག་ཏུ་ཐེག་ཆེན་གྱི་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་བཞུགས་སུ་གསོལ་ཞིང་།
རཏྣ་ད་དྷི་ཞེས་པ་དེ་ལའང་གཙུག་ལག་ཁང་དགུ་ཐོག་ཡོད་པར་གྲགས། དེ་ལྟའི་གླེགས་བམ་རྣམས་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་བྱུང་བ་དང་། གླེགས་བམ་རྣམས་ནཱ་ལེནྡྲར་ཇི་ལྟར་གདན་དྲངས་ཚུལ་སོགས་ནི། སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-?) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[1]། བསྡུ་བ་གསུམ་པ་བྱས་པའི་འོག་ཏུ་རྒྱལ་པོ་ཀ་ཎི་ཀ་ཡང་མྱ་ངན་ལས་འདས་སོ། །དེའི་བུས་ཕོ་བྲང་རྒྱལ་ལྡན་དུ་དགྲ་བཅོམ་པ་སོགས་དགེ་སློང་བརྒྱ་ཕྲག་གཅིག་ལ་ལོ་ལྟར་དུས་སྟོན་བྱས། ཆོས་སྨྲ་བའི་བཙུན་པ་དབྱིག་བཤེས་དང་དབྱངས་སྒྲོགས་སོགས་བྱུང་། གྲོང་ཁྱེར་མེ་ཏོག་ཏུ་བྲམ་ཟེ་དུཿཙིས་བྱ་བ་བྱུང་། སྡེ་སྣོད་གསུམ་སོ་སོར་ཤླཽ་ཀ་འབུམ་འབུམ་ཡོད་ཅིང་། དེ་གསུམ་གྱི་གླེགས་བམ་སྟོང་ཚར་བཞེངས་ནས་མཆོད་པའི་ཡོ་བྱད་སྤེལ་བ་བྱས། ལྷོ་ནུབ་ཀྱི་ཡུལ་དུ་བྲམ་ཟེ་རིགས་ལྡན་ཞེས་བྱ་བ་བྱུང་། ཐེག་པ་ཆེན་པོ་སྟོན་པའི་གནས་བརྟན་དགྲ་བཅོམ་པ་ནནྡཱ་ཞེས་བྱ་བ་ཐེག་པ་ཆེན་པོ་ཉན་པའི་དོན་དུ་སྤྱན་དྲངས། དུས་དེ་ཙམ་ན་ཡུལ་ཐ་དད་པ་ནས་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་གཅིག་བྱུང་ལ། དེ་ཐམས་ཅད་ཀྱང་སྤྱན་རས་གཟིགས་དང་། གསང་བའི་བདག་པོ་དང་། འཇམ་དཔལ་དང་། བྱམས་པ་ལ་སོགས་པ་སོ་སོ་ལ་ཆོས་གསན་པ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་སྟེ་ཆོས་སྟོན་པ་ལྔ་བརྒྱ་ཙམ་བྱུང་ནས་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་འབུམ། འདུས་པ་སྟོང་ཡོད་པ་དང་། ཕལ་ཆེན་ཆོས་ཀྱི་རྣམ་གྲངས་འབུམ་ཡོད་ལ་ལེའུ་སྟོང་དང་། ལངྐར་གཤེགས་པ་ཉིས་ཁྲི་ལྔ་སྟོང་པ་དང་། རྒྱན་སྟུག་པོ་བཀོད་པ་སྟོང་ཕྲག་བཅུ་གཉིས། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་མདོ་སྡེ་ཁ་ཤས་ཤིག་གི་གླེགས་བམ་ཡང་ལྷ་དང་ཀླུ་དང་དྲི་ཟ་དང་སྲིན་པོ་ལ་སོགས་པ་ས་གནས་ཐ་དད་པ་རྣམས་ལས། ཀླུའི་ཡུལ་ནས་བྱུང་བ་ཤས་ཆེ་བའི་ཚུལ་གྱིས་བྱུང་བར་བྱས། དེ་ལྟ་བུའི་སློབ་དཔོན་དེ་དག་ཕལ་ཆེ་བ་བྲམ་ཟེ་དེས་སྤྱན་དྲངས། གཏམ་དེ་རྒྱལ་པོ་ལཀྵ་ཨ་ཤྭས་ཐོས་ནས་དད་པ་ཆེར་སྐྱེས་ཏེ་ཨ་ནུ་ཞེས་བྱ་བའི་རི་ལ་རྩེ་མོར་གཙུག་ལག་ཁང་ལྔ་བརྒྱ་བཞེངས་ཏེ་དེ་རྣམས་ལ་ཕུལ། རྒྱལ་པོ་ཉིད་ཀྱིས་འཁོར་དད་པ་ཆེ་ཞིང་བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ་ཐེག་པ་ཆེན་པོ་ཉན་དུ་བཅུག
དེ་ནས་རྒྱལ་པོས་གླེགས་བམ་བྲི་བར་འདོད་དེ་ཐེག་པ་ཆེན་པོའི་སྡེ་སྣོད་ཇི་ཙམ་ཞེས་དྲིས་སོ། །སྤྱིར་ཚད་བཟུང་བར་མི་ནུས་མོད་ཀྱིས་ད་ལྟར་ཡོད་པ་ནི་འབུམ་ཕྲག་བརྒྱའོ། །རྒྱལ་པོས་སྨྲས་པ་མང་མོད་ཀྱིས་བྲི་བར་བྱའོ་ཞེས་ཐམས་ཅད་བྲིས་ཏེ་དགེ་སློང་རྣམས་ལ་ཕུལ་ལོ། །མཐར་གླེགས་བམ་རྣམས་དཔལ་ནཱ་ལེནྡྲར་སྤྱན་དྲངས་སོ།།
དུས་དེ་ཙམ་ན་ཐེག་པ་ཆེན་པོའི་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་ན། ཉན་ཐོས་རྣམས་ཀྱི་བློར་མ་ཤོང་ནས། ཐེག་པ་ཆེན་ལ་བཀུར་བ་བཏབ་བོ། །དེའི་ཚེ་མ་གྷ་དྷར་[2]བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་བྱུང་སྟེ། ཐེག་པ་མཐའ་དག་གི་ཆོས་ལ་མཁས་པར་སྦྱངས། སངས་རྒྱས་དང་མུ་སྟེགས་པའི་བཟང་ངན་གྱི་ཁྱད་ཤན་འབྱེད་པའི་ཕྱིར་མཐོ་བཙུན་གྱིས་ཁྱད་པར་འཕགས་བསྟོད་དང་། བདེ་བྱེད་ཀྱིས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས། ཚོང་འདུས་དང་རྒྱལ་པོའི་ཕོ་བྲང་སོགས་ཡུལ་ཀུན་ཏུ་དབྱངས་སུ་ལེན་པ་བྱུང་ངོ་། །ཞེས་གསལ་བ་ལྟར་རོ།།

གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་། བདེ་བྱེད་བདག་པོ་རྣམ་གཉིས་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་པར་གྲགས་ལ། བཀའ་བསྡུ་གསུམ་པ་བྱས་རྗེས་མཐར་གླེགས་བམ་རྣམས་དཔལ་ནཱ་ལེནྡྲར་སྤྱན་དྲངས། ཞེས་དང་། དེ་བཞིན་ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་ལམ་རིམ་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[4]། དེ་ནས་བཀའ་བཅད་གསུམ་པ་བྱས་པའི་རྗེས་སུ་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་དེར་ཐེག་པ་ཆེན་པོའི་ཆོས་བསྟན་ན་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་གཟིགས་ནས། བྲམ་ཟེ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་མཐའ་དག་བཞུགས་པར་བྱས་སོ། །ཞེས་གསུངས་པ་ལྟར། ཐོག་མར་ནཱ་ལེནྡྲར་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་གཉིས་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། གསུང་རབ་གླེགས་བམ་མཐའ་དག་བཞུགས་སུ་གསོལ་བ་ནས་བཟུང་སྟེ་དཔེ་མཛོད་ཁང་གྲུབ་པར་གསལ་ལོ།།
གླེགས་བམ་ཇི་ཙམ་ཇི་ཡོད་པ་དང་། གླེགས་བམ་དེ་དག་སུས་བཞེངས་པ་ནི། བསམ་གྲུབ་ཚེ་རིང་གིས་བརྩམས་པའི་དྲིས་ལན་བརྒྱ་རྩ་བརྒྱད་པའི་བདག་ཉིད་ཅན་ལས[5]། སྔོན་རྒྱལ་པོ་ལཀྵ་ཨ་ཤྭས་བཞེངས་པའི་ཐེག་ཆེན་གྱི་གླེགས་བམ་འབུམ་ཕྲག་བརྒྱ་ཡོད་པ་ཕྱིས་སུ་ནཱ་ལེནྡྲར་སྤྱན་དྲངས་པའང་མཐོ་བཙུན་སྐུ་མཆེད་ཀྱིས་ལྷ་ཁང་འདིར་བཞུགས་པས། ཕྱིས་སུ་ནང་པ་སངས་རྒྱས་པའི་དགེ་འདུན་པའི་གནས་ཆེ་ཤོས་སུ་གྱུར་པ་ཡིན། ཞེས་གསལ་བ་ལྟར། མཐོ་བཙུན་སྐུ་མཆེད་ཀྱི་སྐུ་དུས་ནས་གླེགས་བམ་ ༡༠༠.༠༠༠༠༠ ཡོད་པར་གསུངས་སོ།།
བར་དུ་རྒྱ་གར་དུ་བསྟན་པ་ལ་དགྲ་ལན་གསུམ་བྱུང་བའི་ཐ་མའི་སྐབས་སུ་ནཱ་ལེནྡྲའི་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་སཱ་གཱ་ར། རཏྣ་ད་དྷི། རཏྣ་རཎྜ་ཀ་ཞེས་བྱ་བའི་ལྷ་ཁང་ཆེན་པོ་གསུམ་ཡོད་པ་དེ་གསུམ་ཆར་ཚིག་པའི་སྐབས་སུ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལས། མདོ་ཕལ་ཆེར་གྱི་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་བ་ཙམ་ལུས་པར་གྲགས་སོ།།
གཞན་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དེ་ལྟའི་མེར་སྲེག་གི་འཇིག་པ་ལན་འགའ་ཞིག་བྱུང་བ་སྟེ། ཕྱི་ལོའི་དུས་རབས་དགུ་པར་སྦ་གསལ་སྣང་གིས་བརྩམས་པའི་སྦ་བཞེད་ཞབས་བཏགས་མ་ལས[6]། དེ་ནས་རྗེ་བློན་ཀུན་ཆོས་བྱ་བར་མོས་ནས། རྒྱའི་ལོ་ཙཱ་ནི་ལོ་ཙཱ་ཆེན་མོ་ཡེ་ཤེས་དབང་པོ། མཆན་བུ་ཁ་ཆེ་ཨ་ནནྟ་དང༌། རྒྱ་མེ་འགོས་བྱས། རྒྱ་ནག་པོའི་ལོ་ཙཱ་ནི་བྲན་ཀ་ལེགས་ཀོ་དང་། ལྷ་ལུང་ཀླུ་གོང་དང་། འགོ་གོམ་དམུལ་གོང་གསུམ། དེའི་མཆན་བུ་མཁན་བུ་ཁྱུང་པོ་ཙེ་ཙེ་ལ་སོགས་པས་བྱས། རྒྱའི་ཧྭ་ཤང་མ་ཞང་མེ་སྐོལ་སྤྱན་དྲངས་ནས་རྒྱ་ནག་པོའི་ཆོས་བསྒྱུར།
རྒྱ་དཀར་པོའི་ཆོས་གང་བསྒྱུར་བ་ཡང་། རྩ་བའི་སྡེ་བཞིར་གནས་པ་ལ། ཕལ་ཆེན་པའི་སྡེ་པ། གནས་བརྟན་པའི་སྡེ་པ། མང་པོས་བཀུར་བའི་སྡེ་གསུམ། ཤ་ལ་ཡངས་པས་བོད་ལ་མི་འཚམ་པར་མཁྱེན་ནས་མ་བསྒྱུར། དང་པོ་ལུང་སྡེ་བཞི་པོ་བསྒྱུར། དེ་ནས་རྩ་བའི་ལུང་ཉི་ཤུ་པ་དང༌། གང་པོའི་རྟོགས་པ་བརྗོད་པ་ཉུང་བ་བསྒྱུར། མངོན་པར་ཉོས་ཀྱི་ཀ་ཤ་བསྒྱུར། ཡོ་ག་མུ་སྟེགས་བྱེད་དགེ་བ་ལ་བཟུར་པའི་ཆེད་དུ་གཙང་རྨེ་མེད་པར་བསྟན་པ་ཆོས་གཞུང་ཇི་ལྟ་བ་མ་གཏོགས་ཏེ། ལོག་པར་འཇལ་བའི་རྟོག་པར་གྱུར་པས་བོད་ལ་མི་འཚམ་པས་མ་བསྒྱུར། ཀྲི་ཡ་བྲམ་ཟེ་དགེ་བ་ལ་གཞུག་པའི་དོན་དུ་གསུངས་ཏེ། བོད་གཙང་སྦྲ་ཆུང་བས་མ་བསྒྱུར། ཨ་ནུ་སྨེ་བག་ཅན་ལ་བསྟན་པ་བོད་རྣམ་རྟོག་ཆེ་བས་མ་བསྒྱུར། ཨུ་པ་ཡ་བོད་ལ་རན་པར་མཁྱེན་ནས་ཡེ་ཤེས་དབང་པོས་གསོལ་ནས་བསྒྱུར། མདོ་སྡེ་དང་། གཟུངས་རྒྱ་གར་ཡུལ་དུ་མ་ལུས་པ་བཙན་པོའི་ཐུགས་ལ་བཅགས་པ་ཙམ་བསྒྱུར། དེ་ནས་བཙན་པོ་ན་རེ། ཡེ་ཤེས་དབང་པོ། རྒྱ་དང་རྒྱ་གར་གྱི་དྷརྨ། ཐེག་པ་ཆེན་པོའི་ཆོས་ཀྱི་དཔེ་ཕལ་ཆེར། དཔལ་ཤྲཱི་ན་ལེན་ཏྲ་ན་ཡོད་པ་དེ་མེས་ཚིག །དེའི་དཔེ་ད་ལྟ་རྒྱ་ནག་ན་ཚང་བར་ཡོད་པ་ཤས་ཤིག་མ་འགྱུར་བ་ངའི་ཡིད་ལ་བཅགས་སོ་གསུངས། དེའི་ཚེ་གུས་པ་ཡོད་པ་ཀུན་གྱིས་བཀའ་རྙེད་ཚད་བསྒྱུར་རོ། །ཞེས་བྱུང་ངོ་།།
དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[7]། ཡང་བཙན་པོའི་ཞལ་ནས། བར་དུ་སྟོན་མིན་གྱི་ཚིག་ཉན་ཏེ་ཆོས་སློབ་པ་དང་དྷརྨའི་དཔེ་ལེན་དུ་ཡང་མི་ཀུན་མ་བཏུབ། རྒྱ་གར་གྱི་ཆོས་དཔེ་ཡིད་ལ་མ་བཅགས་པ་ཙམ་དུ་བླངས་ཏེ་བསྒྱུར་ཟིན་ན་ཤྲཱི་ནཱ་ལེནྡྲར་རྒྱ་གར་གྱི་དྷརྨ་མེས་ཚིག་སྟེ་མ་ཚང་བ་རྒྱ་ཡུལ་དུ་ཆོས་བྱུང་ནས་ལོ་སྟོང་ཉིས་བརྒྱ་ལོན་ཏེ་གསུང་རབ་ཀྱི་དཔེ་ཚང་བར་བཞུགས་ན་རྒྱའི་ཆོས་མ་བསྒྱུར་བ་ཡིད་ལ་བཅགས་སོ་ཞེས་གསུངས་ནས་ཐུགས་ངན་མཛད། ཅེས་དང་། གཙང་མཁན་ཆེན་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་ (1610-1684) བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས་[8]ཀྱང་། དེ་ནས་བསམ་ཡས་སུ་ཕེབས་ཏེ། རྒྱ་དཔེ་གཟིགས་ཤིང་སྐོར་བ་མཛད། དེའི་ཚེ་ཇོ་བོའི་ཞལ་ནས། རྒྱ་གར་དུ་མེའི་དགྲ་ལན་གསུམ་བྱུང་བས་ཚིག་པ་འདྲ། རྒྱ་གར་ན་མེད་པའི་དཔེ་མང་པོ་འདི་ན་འདུག་གསུངས་ནས་དབུ་མ་སྣང་བ་དང་། ཕལ་པོ་ཆེ་ལ་སོགས་པ་བཞེངས་ཏེ་རྒྱ་གར་དུ་བསྐུར་རོ། །སྔར་མ་གཟིགས་པའི་རྒྱུད་ཀྱང་མང་དུ་སྣང་བས། ངས་མི་ཡུལ་གྱི་རྒྱུད་རྣམས་མ་ཟད། མཁའ་འགྲོ་མས་བསྟན་པ་ཡང་དཔག་ཏུ་མེད་པ་མཐོང་སྟེ། དེ་རྣམས་ན་ཡང་འདི་ཀུན་མི་འདུག །གསང་སྔགས་འདི་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ། སློབ་དཔོན་པདྨས་སྲིན་པོའི་ཡུལ་སོགས་ནས་བླངས་པར་ངེས། སྤྱིར་སློབ་དཔོན་པདྨས་ནཱ་ལེནྡྲའི་རྒྱུད་ཀྱི་རྒྱ་དཔེ་རྣམས་རྫུ་འཕྲུལ་གྱིས་བླངས་པས་མང་བ་ཡིན་གསུངས། དེས་ན་བོད་འདིར་མཁས་པ་ཆེན་པོ་དག་རྙིང་མའི་རྒྱུད་འབུམ་སོགས་ལ་དགག་པ་མཛད་པ་ནི་གཡག་ཞར་བས་རྩྭ་ཟ་བའི་དཔེ་དང་འདྲའོ་སྙམ་མོ། །གཞན་ཡང་དེའི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་བ་འདུག །རཱ་ཛཱ་བོ་དྷི་སཏྭ་གསུངས་ཤིང་རྗེས་སུ་ཡི་རང་མཛད་ཅིང་། བོད་ཀྱི་རྒྱལ་བརྒྱུད་ཡིན་ཟེར་བ་ཀུན་ལ་ཡང་ཤིན་ཏུ་གུས་པར་མཛད་དོ། །ཞེས་གསུངས་པ་ལྟར་ནཱ་ལེནྡྲའི་གཙུག་ལག་ཁང་གི་དཔེ་མཛོད་དུ་མེའི་འཇིག་པ་ཐེངས་འགའ་ཞིག་བྱུང་བར་གསལ་ལོ།།
བོད་དུ་བཞུགས་པའི་རྒྱ་དཔེ་རྣམས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དཔེ་མཛོད་ཆེན་མོ་ནས་གདན་དྲངས་པ་ཞིག་སྟེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[9]། པདྨའི་བཀའ་ཆེམས་ལས་ཀྱང་། གསང་སྔགས་ཀྱི་རྒྱ་དཔེ་རྣམས། ཤྲཱི་ན་ལེན་དྲའི་གཙུག་ལག་ཁང་ན་བཞུགས་པ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་བླངས་ནས་རྒྱ་དཔེ་རྣམས་རྒྱ་གར་དུ་མ་ལུས་པར་བོད་དུ་ཕེབས་ནས་བསམ་ཡས་ཀྱི་དཔེ་དཀར་དཀོར་མཛོད་གླིང་ན་བཞུགས་སོ། །ཞེས་གསལ་བ་ལྟར་ཉང་ཆོས་འབྱུང་[10]དུའང་དེ་བཞིན་བྱུང་ལ། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་རྒྱ་དཔེ་རྒྱ་གར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བཞུགས་པ་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ལ་གདན་དྲངས་ནས་བསམ་ཡས་དཀོར་མཛོད་ན་བཞུགས་སུ་གསོལ་ལོ།།
ཇོ་བོ་རྗེའི་རྣམ་ཐར་ལས། སློབ་དཔོན་པདྨ་རྡོ་རྗེ་འཆང་གཉིས་པ་དེའི་དྲིན་ལས། རྒྱ་གར་ནའང་ཡོངས་སུ་མ་གྲགས་པའི་མཁའ་འགྲོའི་གསང་ཆོས་མང་པོ་བོད་དུ་འགྱུར་ནས། བསམ་ཡས་ཀྱི་དཔེ་དཀར་དཀོར་མཛོད་གླིང་ན་བཞུགས་འདུག་ཅེས་མངོན་ནོ། །ཞེས་གསུངས་པ་ལྟར། རྒྱ་དཔེ་དུ་མ་བཞུགས་སུ་གསོལ་སའི་བསམ་ཡས་གཙུག་ལག་ཁང་ནི། སྔར་བོད་ཡུལ་གྱི་ཆོས་ཀྱི་དཀོར་མཛོད་ཆེ་ཤོས་ཡིན་ལ། བཙན་པོ་གླང་དར་གྱི་སྐབས་སུའང་བསམ་ཡས་སུ་བཞུགས་པའི་རྒྱ་དཔེ་དག་ལ་ཉམས་ཆག་ཆེར་མ་བྱུང་བར་མངོན། དེ་རྗེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ (972-1054) བོད་དུ་ཕེབས་སྐབས་བསམ་ཡས་ན་རྒྱ་དཔེ་མང་པོ་བཞུགས་ཡོད་པའི་ལོ་རྒྱུས་ལས་རྟོགས་ཐུབ།
དེ་བཞིན་ཞབས་དཀར་ཚོགས་དྲུག་རང་གྲོལ་ (1781-1851) གྱིས་མཛད་པའི་ལེགས་བཤད་ཀུན་བཟང་མཆོད་སྤྲིན་ལས[11]། མི་ཡུལ་ན་ཐེག་པ་ཆུང་ངུའི་འདུལ་བ་ཉུང་། དེ་བས་ཐེག་པ་ཆུང་ངུའི་མདོ་སྡེ་མང་། དེ་རྣམས་བས་ཐེག་པ་ཆེན་པོའི་མདོ་སྡེ་མང་། དེ་ཐམས་ཅད་བས་ཐེག་པ་ཆེན་པོའི་མངོན་པ་མང་། དེ་ཐམས་ཅད་བས་བྱ་བའི་རྒྱུད་མང་། དེ་ཐམས་ཅད་བས་རྣལ་འབྱོར་གྱི་རྒྱུད་མང་། དེ་ཐམས་ཅད་བས་མ་རྒྱུད་མང་། དེ་ཐམས་ཅད་ཕྱོགས་གཅིག་ཏུ་བཞག་པ་བས་ཤེས་རབ་ཀྱི་རྒྱུད་མང་སྟེ། མི་ཡུལ་ན་བཞུགས་པར་མ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་གནས་ན་ཡང་བསམ་གྱིས་མི་ཁྱབ་པ་བཞུགས། འགྲོ་བ་མཐོ་དམའི་དོན་ཡང་འདིའི་སྒོ་ནས་བྱས་པ་མང་གསུངས།
ཡང་ཇོ་བོའི་ཐུགས་དགོངས་ལ། འོན་ཀྱང་མི་ཡུལ་ན་བཞུགས་པའི་ཐེག་པ་ཆེན་པོའི་གསང་སྔགས་ལ་ང་ལས་མཁས་པ་མེད་སྙམ་པའི་ཐུགས་རྒྱལ་མངའ་བ་ལ། ཕྱིས་བོད་དུ་བྱོན་ནས། བསམ་ཡས་དཔེ་ཧར་གླིང་གི་དཀོར་མཛོད་ཅིག་ཁ་ཕྱེ་ནས་རྒྱ་དཔེ་ལ་གཟིགས་པས། སྔར་གསན་གཟིགས་མ་མཛད་པའི་རྒྱུད་སྡེ་མང་པོ་བཞུགས་ཤིང་གདའ་སྐད་དེ། སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་ལྷ་ཀླུའི་ཡུལ་དང་། དཔལ་ཤྲཱི་ན་ལེནྟྲ་ནས་རྒྱུད་སྡེ་ཐམས་ཅད་བསམ་ཡས་སུ་སྤྱན་དྲངས་པས་མང་བ་ཡིན་གསུངས། ཇོ་བོའི་ཞལ་ནས་གསང་སྔགས་འདི་ལ་མི་ཤེས་པ་མེད་སྙམ། མཁའ་འགྲོ་མ་རྣམས་ཀྱིས་ཀྱང་ནམ་མཁའ་ནས་གཞལ་ཡས་ཁང་དཔག་ཏུ་མེད་པའི་སྒོ་ཕྱེ་ནས་རྒྱུད་སྡེ་མང་པོ་བསྟན་པ་ཡིན་པ་ལ་འདི་རྣམས་མི་གདའ། ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་རྒྱལ་པོ་ལ་རྗེས་སུ་ཡི་རང་མཛད་ནས་བོད་ཀྱི་བསྟན་པ་དར་དུས་དེ་འདྲ་བ་རྒྱ་གར་དུ་ཡང་མ་བྱུང་བར་འདུག་གསུང་ངོ་། །ཞེས་གསུངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་བཞུགས་པའི་བཀའ་བསྟན་གྱི་རྒྱ་དཔེ་རྣམས་ཀྱང་ཕལ་མོ་ཆེ་ནཱ་ལེནྡྲའི་གཙུག་ལག་ཁང་ནས་བོད་དུ་གདན་དྲངས་པ་ཞིག་ཡིན་ནོ།།
དེ་ཡང་དུས་རབས་དགུ་པར་བྱོན་པའི་སྦ་གསལ་སྣང་གིས་མཛད་པའི་རྦ་བཞེད་ལས[12]། ནུབ་ངོས་མདོ་རྒྱུད་ཆོས་ཀྱི་བང་མཛོད་གསུམ་ན། རྒྱ་དཔེ། བོད་དཔེ། རྒྱ་ནག་གི་དཔེའི་གླེགས་བམ་རྣམས་ཀྱིས་བཀང་སྟེ། ཨ་ཙ་ར་ལག་ན་སྤུ་གྲི་ཐོགས་པ་མཆེད་གསུམ་ལ་གཏད། ཅེས་འབྱུང་བ་འདི་ལས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱ་དཔེ་མང་པོ་བོད་སྐད་དུ་བསྒྱུར་ཅིང་། སྐབས་དེར་རྒྱ་དཔེ་དང་། བོད་དཔེ། རྒྱ་ནག་གི་དཔེའི་གླེགས་བམ་ཕལ་མོ་ཆེ་བསམ་ཡས་གཙུག་ལག་ཁང་གི་འཁོར་ས་བར་པའི་ནུབ་ངོས་ཀྱི་དཀོར་མཛོད་གསུམ་དུ་བཞུགས་སུ་གསོལ་བ་རྟོགས་ཐུབ།
གཞན་ཡང་རཀཿབཀྲས་མཐོང་ཐུབ་བསྟན་ཆོས་དར་ (1925-2012) མཆོག་ནས་བརྩམས་པའི་ཇོ་བོ་ཡབ་སྲས་ཀྱི་རྣམ་ཐར་ཡིག་རྙིང་ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག་ནས་བཏུས་པ་ལས་[13]ཀྱང་། སློབ་དཔོན་ཞི་བ་འཚོས་དེ་དུས་ནས་ཀྱང་། རྒྱ་གར་ལ་ཁ་ཆེས་བསྟན་པ་སྣུབ་དོགས་ཐུགས་ཀྱིས་མ་བཟོད་པར་ཁྲི་སྲོང་ལ་ཞུས་ཏེ། ནཱ་ལནྟ་སོགས་ནས་བཀའ་བསྟན་ཕལ་ཆེ་བ་བོད་དུ་གདན་དྲངས། རྒྱ་ནག་ནས་ཀྱང་ཉུང་ཤས་ཤིག་བཞེས་དགོས་དགོངས་ཀྱང་ཕྱག་ལ་མ་སོན་ཚུལ་གཙུག་ཕྲེང་གི་རྒྱལ་རབས་སུ་གསལ། བོད་ལ་སད་མི་བདུན་རབ་བྱུང་གི་མཁན་པོ་སློབ་དཔོན་ཞི་བ་འཚོ་དང་། ཁ་སྐོང་དགེ་སློང་རྣམས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་འདུན་རྣམས་དཔལ་ནཱ་ལེནྡ་ནས་ཡིན་པ་དང་། བསྒྲུབ་བྱ་ཚང་མ་ལ་ཤཱནྟ་རཀྵི་ཏའི་མཚན་ཟུར། རཀྵི་ཏ་ཡོད་པར་ཏཱ་ར་ནཱ་ཐས་གསུངས། ཞེས་དང་། ཡང་དེ་ཉིད་ལས[14]། ཕྱིས་སུ་ཇོ་བོ་རྗེ་ཕེབས་ནས་བསམ་ཡས་ཀྱི་དཔེ་མཛོད་ཁང་གཟིགས་སྐོར་ལ་པཎྜི་ཏ་རཱ་ཧུལ་གྱིས། ངོ་མཚར་འཁྲུངས་ཏེ། ཕྱག་དཔེ་མང་པོ་རྒྱ་གར་ལ་བསྐུར་བར་མཛད་ཅེས་བཤད། རྒྱ་གར་ལ་ཁ་ཆེས་བསྟན་པ་སྣུབ་དོགས་ཀྱིས་རྒྱ་དཔེ་རྣམས་བོད་གདན་དྲངས་པའོ། །ཞེས་གསལ་བ་ལྟར་སླར་ཡང་རྒྱ་དཔེ་སྐོར་ཞིག་བོད་ནས་རྒྱ་གར་དུ་བསྐུར་བ་སྟེ། དེ་ཡང་ཕྱིས་སུ་ཇོ་བོ་རྗེ་གཤེགས་རྗེས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་ཁོང་གི་ཕྱག་དཔེ་དྲིལ་བ་མི་ཁུར་ཆུང་ངུ་ལོང་བ་ཙམ་ཞིག་ཡོད་པ་རྒྱ་གར་དུ་བསྐུར་བའི་ལོ་རྒྱུས་ཀྱང་ཡོད།

ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། (པཎྜི་ཏ་ར་ཧུལ་གྱིས་བོད་ནས་རྒྱ་གར་ལ་གདན་དྲངས་པའི་རྒྱ་དཔེ།)
རྒྱ་གར་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས་ཀྱང་རྒྱ་དཔེ་བོད་དུ་གདན་དྲངས་པར་མཛད་པ་ནི། རྒྱ་གར་གྱི་ཁྲི་འཛིན་ (Dr. Rajendra Prasad (1884-1963) མཆོག་གི་གསུང་བཤད་ལས[15]། འདི་གའི་དཔེ་མཛོད་འདི་ནི་ཨེ་ཤི་ཡ་ཡོངས་ནས་ཆེ་ཤོས་ཤིག་ཡིན་ཏེ། འདིའི་ནང་གི་བསྟན་བཅོས་དུ་མའི་འདྲ་ཤུས་རྣམས་ཀྱང་འདི་ནས་རྒྱ་ནག་ཏུ་འཁྱེར་ཞིང་། བསྟན་བཅོས་རྣམས་རྒྱ་ནག་གི་སྐད་ཡིག་ཏུ་བསྒྱུར་ཏེ་ད་ལྟའི་ཆ་ལའང་རྒྱ་ནག་ཏུ་ནང་པའི་ཆོས་དར་བཞིན་པའི་བཀའ་དྲིན་ཡང་འདི་ནས་ཡིན་མོད། ཕྱི་ལོ་ ༡༢༠༠ འདས་པའི་རྗེས་སུ་འདི་གའི་དཔེ་མཛོད་རྣམས་ཉམས་ཆགས་ཤོར་ཏེ་བསྟན་བཅོས་ལྷག་མ་རྣམས་ནི་བོད་དང་བལ་ཡུལ་སོགས་སུ་དར་ཁྱབ་བྱུང་བ་རེད། ལར་འདི་ནང་གི་དགེ་འདུན་ཚང་མ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་ཉམས་སུ་བླངས་ཏེ་ཁྱད་པར་འདིའི་ནང་གི་སློབ་གཉེར་བ་མཐའ་དག་རིག་པའི་གནས་ལྔ་ལའང་སྦྱངས་པ་བསྟེན་དགོས་ཤིང་། དེ་སྐབས་ཨ་ཙརྱ་ཤཱི་ལ་བྷ་དྲ་ཞེས་པ་འདིའི་ནང་གི་མཁན་པོའི་གཙོ་བོ་ཞིག་རེད། ཅེས་གསུངས་སོ།།
ཕྱི་ལོ་ ༡༡༩༣ ལོར་ཏུར་ཀེའི་རྒྱལ་ཁབ་ཀྱི་ཁ་ཆེའི་དམག་སྤྱི་ཆེན་མོ་བྷ་ཁཱ་ཌི་ཡར་ཁཱལ་རྗི་ (Bakhtiyar Khilji)[16] བཙན་འཛུལ་འོག་ནས་རིག་དངོས་རྐུ་འཁྱེར་འཕྲོག་བཅོམ་བྱས་ཤིང་། དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་མ་ལག་དང་། ལྷག་པར་གཞི་ཁྱོན་ཤིན་ཏུ་ཆེ་བའི་གསུང་རབ་གླེགས་བམ་བཞུགས་སའི་དཔེ་མཛོད་ཁང་དང་བཅས་པ་གཏོར་བཤིག་བྱས་པའི་ཚུལ་ནི། དཔྱད་གཞིའི་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དཔེ་མཛོད་ཁང་དེ་ཉིད་ནི། འཛམ་གླིང་ནང་དཔེ་མཛོད་སྣ་ཁ་འཛོམས་ཤོས་ཤིག་ལ་ངོས་འཛིན་བྱེད་ཅིང་། དཔེ་མཛོད་ཁང་དེའི་ནང་དུ་ནང་པ་ཙམ་མིན་པར་ཧིན་དྷུ་སོགས་ཕྱི་རོལ་པའི་དཔེ་ཆ་དང་། གནམ་རིག །རྩིས་རིག །ལྟ་གྲུབ། ཚད་མ་རིག་པ་སོགས་ཀྱི་གསུང་རབ་གླེགས་བམ་ས་ཡ་ ༩ ལྷག་བཞུགས་སུ་གསོལ་བ་རྣམས་ཏུར་ཀེའི་བཙན་འཛུལ་བས་ཟླ་བ་གསུམ་ (ལ་ལར་ཟླ་བ་དྲུག་ཙམ་ཞེས་ཀྱང་གསལ།) ལྷག་རིང་མེར་སྲེག་བཏང་མཐར་གསུང་རབ་གླེགས་བམ་བཞུགས་ཡུལ་གྱི་དཔེ་མཛོད་ཁང་ཡང་མེར་བསྲེགས་པ་དང་། ཁཱལ་རྗི་ཡིས་ནང་ཆོས་རྩ་གཏོར་བཏང་སྟེ། རལ་གྲིའི་འོག་ནས་ཁ་ཆེའི་ཆོས་ལུགས་སྤེལ། ནཱ་ལེནྡྲའི་དཔེ་མཛོད་མེར་སྲེག་པ་ཟླ་ཤས་ལ་འབར། དཔེ་ཆ་ལག་བྲིས་མ་རྣམས་སྲེག་པའི་དུ་བས་ཉིན་མོ་ཡང་མཚན་མོ་ལྟར་ནག་ཅིང་། ཉེ་འཁོར་གྱི་རི་ཕྲན་རྣམས་དུ་བས་ཁེབས། ཞེས་གསལ་བ་ལྟར་རྒྱལ་ཁབ་ཀྱི་གཏམ་རྒྱུད་ཅེས་པའི་དེབ་ཏུའང་། ཀློ་ཀློའི་དམག་གིས་ནཱ་ལེནྡྲར་དཔུང་འཇུག་བྱས་པའི་ཡུལ་དངོས་ཞིབ་བྲིས་བྱས་པ་གསལ་ཡོད་འདུག།

དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ལ་གཏོར་བཤིག་ཚབས་ཆེན་ཕོག་པའི་དཔང་རྟགས་ཀྱི་ཚུལ་དུ་དེང་སྐབས་དགོན་ཤུལ་གྱང་རོ་དང་། རྩིག་རྨང་ཙམ་ལས་ལྷག་མེད་པས། འདས་པའི་ལོ་ངོ་སྟོང་ཕྲག་རིང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། པཎ་གྲུབ་དང་བཅས་པའི་མཚན་སྙན་དང་། བྱུང་རབས་སོགས་ལ་བསམས་ཚེ་ཡིད་ངོར་བཟོད་ཐབས་བྲལ་བའི་སྐྱོ་བ་སྐྱེ་བའི་གནས་ཤིག་ལས་མེད་ཀྱང་། སྔོན་བྱོན་བོད་ཀྱི་ལོ་པཎ་མཁས་གྲུབ་རིམ་བྱོན་དག་གིས་ལོ་ངོ་སྟོང་ཕྲག་ལྷག་རིང་། ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རང་ཅག་གངས་ཅན་པ་རྣམས་ཀྱིས་ལུང་རིགས་གཉིས་ཀྱི་ཐོག་ནས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་ལས་གསུམ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་དང་། དེ་ཡང་དབང་ལུང་མན་ངག་གི་རྒྱུན་དང་བཅས་ཤིང་། བོད་ཀྱི་མཁས་གྲུབ་ལོ་པཎ་དག་གིས་ཀྱང་འགྲེལ་པ་འགྲེལ་བཤད་དང་བཅས་པའི་གླེགས་བམ་ཁྲི་ཕྲག་འགའ་ཞིག་མཛད་པ་སོགས་རིན་བྲལ་གྱི་ཤུལ་བཞག་ཆོས་རིག་དྲི་མ་མེད་པ་འདིའི་ཆེད་དུ་ལོ་པཎ་མཁས་གྲུབ་དུ་མའི་གཅེས་པའི་སྐུ་སྲོག་ཚུན་ཆད་བློས་བཏང་མཛད་དེ་འཛིན་སྐྱོང་སྤེལ་གསུམ་དང་། དར་ཞིང་རྒྱས་པར་མཛད་པས་བོད་བརྒྱུད་ནང་བསྟན་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་ཞེས་བསྔགས་བརྗོད་གནང་བ་དེ་ཡང་མིང་དོན་མཚུངས་པ་ཞིག་གོ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཇི༽ དབུ་མེད་བྲིས་མ། ཤོག་གྲངས་ ༧༦ན༣
[2] མ་ག་དྷ་ཞེས་པའི་གོ་དོན་ནི་ཡུལ་དབུས་ཀྱི་ལྟེ་བ་སྟེ། འདི་ལ་ཁ་ཅིག་གིས་བྱིང་འཛིན་དང་། འགའ་ཞིས་གིས་ཉམས་དཀའ་ཞེས་བསྒྱུར་ཀྱང་། རང་ལུགས་སུ་དབུས་འགྱུར་འཆང་ཞེས་པ་ཡིན་ནོ། །ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༥༨༤ ཐོག་གསལ་ལོ།།
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༨༥
[4] ཨཱཀྱ་ཡོངས་འཛིན་གྱི་བཀའ་འབུམ། སྟོད་ཆ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༣
[5] དྲིས་ལན་བརྒྱ་རྩ་བརྒྱད་པའི་བདག་ཉིད་ཅན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༦༩
[6] སྦ་བཞེད་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༦
[7] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༤༠༣
[8] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༥༢
[9] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༤༣༢
[10] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༠༤
[11] ལེགས་བཤད་ཀུན་བཟང་མཆོད་སྤྲིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༠
[12] སྦ་བཞེད་ཕྱོགས་བསྒྲིགས། བདེ་སྐྱིད་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༢༣
[13] ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༡༣
[14] ནག་ཚོའི་གསུང་སྒྲོས་དང་འབྲོམ་སྟོན་གྱི་ལམ་ཡིག །དེབ་གཟུགས། ཤོག་གྲངས་ ༡༥
[15] ལྕགས་ཡོས་ཧོར་ཟླ་ ༡༠ ཚེས་ ༣ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༡༢ ཚེས་ ༡ འདས་ལོ་ ༡༩༥༡ ཤོག་ངོས་ ༣ དང་། ལྕགས་ཡོས་ཧོར་ཟླ་ ༡༢ ཚེས་ ༦ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༢ ཚེས་ ༡ འདས་ལོ་ ༡༩༥༢ ཤོག་ངོས་ ༢
[16] གནའ་དུས་ཏུར་ཀེ་དང་དེང་སང་ཨ་ཧྥུ་གྷ་ནི་སི་ཋན་དུ་ཕྱི་ལོ་ ?-1206 ལོར་གྲོངས།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༠༩ ནས་ ༤༢༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།