ཛ༽ འཕགས་པ་ལྷས་མཛད་པའི་བསྟན་བཅོས།
ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་སློབ་དཔོན་ཨཱརྱ་དེ་བ་ལ་བསྟོད་པ་འཕགས་པ་དགྱེས་པའི་གླུ་དབྱངས་ལས[1]། ཞལ་གདམས་གསུང་གི་བདུད་རྩི་ནི། །དང་པོ་བསོད་ནམས་མིན་བཟློག་ཆེད། །གཙང་བདེ་རྟག་འགོག་རབ་བྱེད་གསུམ། །བར་དུ་བདག་ལྟ་བཟློག་བྱེད་གཅིག །ཐ་མར་ལྟ་ངན་ཀུན་བཟློག་ཆེད། །རབ་བྱེད་ལྷག་མ་བཅུ་གཉིས་ཏེ། །བཅུ་དྲུག་བདག་ཉིད་བཞི་བརྒྱ་པ། །
གཞན་ཡང་དབུ་མ་ལག་ཚད་མ། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས། །གསང་སྔགས་སྤྱོད་བསྡུས་སྒྲོན་མ་དང་། །སེམས་ཀྱི་སྒྲིབ་སྦྱོང་ལ་སོགས་པ། །ཀླུ་སྒྲུབ་ཐུགས་ཀྱི་བཅུད་ཕྱུང་བ། །མདོ་དང་སྔགས་ཀྱི་ལེགས་བཤད་ཀྱི། །བང་མཛོད་ལེགས་པར་ཕྱེ་བ་ཡིས། །བློ་གསལ་སྐལ་ལྡན་བྱེ་བའི་ཚོགས། །ཚིམ་མཛད་ཁྱོད་ལ་གསོལ་བ་འདེབས། །དཔལ་ལྡན་གསང་བ་འདུས་པ་ཡི། །ཏིང་འཛིན་གསུམ་གྱི་འོད་དཀར་གྱིས། །སྐྱེ་ཤི་བར་དོའི་མུན་སེལ་བའི། །བསིལ་ཟེར་ཅན་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སློབ་དཔོན་ཝེན་ཚེགས་[2] (613-695) ཀྱིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས[3]། རྒྱ་ཆེར་རྣམ་པར་འབྱེད་པ་ནི་བསྟན་བཅོས་ཤིན་ཏུ་རྒྱས་པ་བརྒྱ་པ་དང་། སློབ་དཔོན་འཕགས་པའི་ལྷས་གཞུང་རྣམ་པ་བཞི་འཇིགས་པའི་བསྟན་བཅོས་མཛད་པ་ལས་བསྟན་པ་བཞིན་ནོ། །ཞེས་སློབ་དཔོན་འཕགས་པ་ལྷས་དགོངས་འགྲེལ་གྱི་བསྟན་བཅོས་མཛད་པའི་ཚུལ་ལ། རང་བཞིན་མེད་པའི་དོན་ནམ་མཐའ་བྲལ་དབུ་མའི་ལྟ་བ་རྒྱས་པར་བཤད་པ་དབུ་མ་བཞི་བརྒྱ་པ་དང་། དེ་མདོར་བསྡུས་ནས་བཤད་པ་དབུ་མ་ལག་པའི་ཚད། དེ་ལ་རྩོད་པ་སྤོང་བ་འཁྲུལ་བ་བཟློག་པའི་གཏན་ཚིགས་གྲུབ་པ། མདོ་སྔགས་གཉིས་ཀའི་གྲུབ་མཐའི་རྣམ་གཞག་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་དེ་དག་གི་དོན་གསལ་ཞིང་རྒྱས་ལ་མ་འཛིངས་པ། ཁ་སྐོང་གཞན་ལ་རག་མ་ལས་པའི་མཚན་ཉིད་ཅན་གསང་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་ལ་མདོ་རྒྱུད་རྟོག་པའི་ལུང་བསྲེས་ནས་སྒྲུབ་པའམ་དཔེ་དོན་འགྲོལ་བའི་ཕྱིར་སྤྱོད་པ་བསྡུས་པའི་སྒྲོན་མ། བག་ཆགས་སྦྱོང་བའམ་དེ་རིགས་པས་སྒྲུབ་པ་སེམས་ཀྱི་སྒྲིབ་སྦྱོང་། སྨིན་བྱེད་དབང་གི་ཆོ་ག་ལ་རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས། བསྐྱེད་རིམ་སྟོན་པ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། གཏོར་ཆོག །རྫོགས་རིམ་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ། སྒྱུ་ལུས་གསལ་བར་བྱེད་པ་ལ་བདག་བྱིན་གྱིས་བརླབ་པའི་རིམ་པ་རྣམ་པར་དབྱེ་བ། གཞན་ཡང་ཤེར་ཕྱིན་ཚིགས་བཅད་ཆེན་མོ། དབུ་མ་རྟེན་འབྲེལ་སྙིང་པོ་[4]དང་། དུག་ལྔ་སྦས་པའི་ལམ་མཆོག་གསང་བ་བསམ་གྱིས་མི་ཁྱབ་པ། སྒྲོན་མ་གསལ་བ་ཞེས་བྱ་བའི་འགྲེལ་བཤད་སོགས་མདོ་སྔགས་ཀྱི་ཆོས་སྐོར་དཔག་ཏུ་མེད་པ་མཛད་ཡོད་པ་ལས། ད་ལྟ་བསྟན་འགྱུར་པར་མ་ཁག་ཏུ་བཞུགས་ཤིང་། ང་ཚོས་མཇལ་རྒྱུ་ཡོད་པའི་བསྟན་བཅོས་ཁག་ ༣༢ ཙམ་ཡོད་པ་དེ་དག་གི་ཞིབ་ཕྲའི་དཀར་ཆག་ཟུར་དུ་བཀོད་པ་དེར་གཟིགས་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཨཱརྱ་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༧ བར།
[2] མཁན་པོ་ཝེན་ཚེག་ནི། འདི་བོད་རྒྱ་ཚིག་མཛོད་ཆེན་མོར། འདི་སྔར་ཐང་ཟན་བླ་མའི་སློབ་མ་ཁྲའོ་ཞན་ (Korea) གྱི་སློབ་དཔོན་ཡིན་ཞེས་གསལ་ལ། ༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༠༨ ཟླ་བ་ ༨ ཚེས་ ༣ ཉིན་ཀོ་རི་ཡའི་སློབ་མ་རྣམས་ལ་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་བཀའ་དྲིན་ཆེ་སྐབས། ཝེན་ཚེག་འདི་བཞིན་བོད་ལ་རྒྱའི་བཙུན་པ་ཡིན་པར་གྲགས་ཀྱང་རྗེས་སུ་བྱས་ཚེ་ཀོ་རི་ཡའི་མི་རིགས་རེད་འདུག་ཅེས་གསུངས། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་དུ། དབྱིག་གཉེན་གྱི་དངོས་སློབ་རྒྱའི་སློབ་དཔོན་ཝེན་ཚེག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་བརྩམས། ཞེས་པ་མ་དག་སྟེ། ཝན་ཚེག་ནི་ཐང་སང་བླ་མའི་སྲས་མཆོག་བཞིའི་ཡ་གྱལ་ཡིན་ཅིང་། རྒྱ་གར་དུའང་ཕེབས་མ་མྱོང་ན་དབྱིག་གཉེན་གྱི་སློབ་མ་ཡིན་པ་ནི་ལྟ་ག་ལ་ཞིག་གོ །ཞེས་བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༡༦ ཐོག་གསལ་ལ། ཝེན་ཚེག་གིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་རྒྱ་ནག་ནས་བོད་སྐད་དུ་བསྒྱུར་བ་ཞིག་ཡོད་པ་རྗེའི་ལེགས་བཤད་སྙིང་པོ་སོགས་ལས་ཀྱང་ཤེས་ནུས་ཤིང་། ཁོང་གི་འདོད་ཚུལ་འགའ་ཞིག་རྗེའི་ལེགས་བཤད་སྙིང་པོའི་ནང་དྲངས་ཏེ་དགག་པ་ཡང་མཛད་ཡོད།
[3] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཏི༽ དེབ་ཨང་ ༦༨ པ། ༢༠༠༨ ལོ། ཤོག་གྲངས་ ༥༢
[4] འདི་སྡེ་བསྟན་དུ་མི་གསལ་ཞིང་། རོང་སྟོན་ཆེན་པོས་ནག་པོ་པས་མཛད་པར་གསུངས།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༥ ནས་ ༡༥༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།