ཙ༽ བྱས་ཅན་ལོ་པཎ་གྱི་བཀའ་དྲིན་ལ་བསྟོད་པ།
དེ་ཡང་ས་སྐྱ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་གི་མཆོད་བརྗོད་ལས[1]།
བོད་ཡུལ་མཐའ་འཁོབ་མུན་པའི་སྨག་རུམ་འདིར། །
དམ་པ་ཆོས་ཀྱི་སྒྲོན་མེ་ཆེན་པོ་སྤར། །
བོད་འབངས་སེམས་ཅན་བདེ་ལ་འགོད་མཛད་པ། །
སྤྲུལ་པའི་རྒྱལ་བློན་རྣམས་ལ་ཕྱག་འཚལ་ལོ། །
ཕན་བདེའི་འབྱུང་གནས་བསླབ་གསུམ་རྒྱན་གྱིས་མཛེས། །
བཀའ་དང་བསྟན་བཅོས་སྒྲ་བསྒྱུར་གཏན་ལ་འབེབས། །
སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི ། །
མཁས་གྲུབ་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་འཕགས་བོད་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བཀའ་བསྟན་གསུང་རབ་རྣམས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ཅིང་ཞུས་ཏེ་བཀས་བཅད་ཀྱིས་གཏན་ལ་ཕབ་པ་སོགས་ཀྱི་མཛད་རྗེས་བླ་ན་མེད་པ་བོད་གངས་ཅན་ལྗོངས་ཀྱི་ཆོས་རྒྱལ་རྣམས་དང་། ལྷག་པར་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མེད་སྙིང་དབུས་སུ་བཅངས་དགོས་ལ། དེ་དག་གི་བཀའ་དྲིན་ཇི་ལྟ་བུ་སྙམ་ན། དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། སྤྲུལ་པའི་ཆོས་རྒྱལ་དམ་པ་དེ་རྣམས་ཀྱི། །གཞལ་དུ་མེད་པའི་ཐུགས་རྗེའི་བཀའ་དྲིན་ལས། །འཕགས་པའི་ཡུལ་དང་ཁྱད་པར་དབུས་འགྱུར་ཚལ། །ཀསྨི་ར་དང་ཟ་ཧོར་བལ་པོ་དང་། །རྒྱ་ནག་ལ་སོགས་ཐུབ་བསྟན་དར་བའི་ས། །དམ་པའི་ཆོས་ཀྱི་འབྱུང་ཁུངས་ཆེ་རྣམས་ནས། །ཐུན་མོང་རིག་གནས་བཟོ་གསོ་སྒྲ་ཚད་བྱུང་། །ཁྱད་པར་སྡེ་སྣོད་གསུམ་དང་རྒྱུད་སྡེའི་ཚོགས། །ནང་དོན་རིག་པའི་གནས་ལ་མངའ་བརྙེས་པའི། །པཎྜི་ཏ་དང་རིག་པ་གྲུབ་པའི་ཚོགས། །མང་ཞིག་བོད་ཀྱི་ཡུལ་དུ་བྱོན་ནས་ནི། །སྐལ་ལྡན་སྐྱེ་འགྲོ་མཐའ་ཡས་སྨིན་གྲོལ་མཛད། །རྒྱ་བོད་ཡུལ་གྲུའི་སྐད་གཉིས་ལ་བྱང་ཞིང་། །ལེགས་སྦྱར་བརྡ་སྤྲོད་གནས་ཀུན་ཁོང་ཆུད་པ། །འཇིག་རྟེན་མིག་གྱུར་ལོ་ཙཱ་རྣམས་ཀྱིས་ནི། །འཛམ་གླིང་ཡུལ་གྲུ་དུ་མ་མྱུལ་མཛད་ནས། །མདོ་རྒྱུད་བསྟན་བཅོས་ངོ་མཚར་རྙེད་དཀའ་རྣམས། །སཾ་སྐྲི་ཏ་དང་ཡུལ་གྲུ་སྣ་ཚོགས་པའི། །སྐད་དང་ཡི་གེ་བརྡ་དང་ཐ་སྙད་ཚོགས། །རྣམ་མང་རྒྱ་མཚོ་ལྟ་བུར་གནས་པ་ལས། །རང་ཅག་བོད་ཡུལ་སྐྱེ་བོའི་ཡི་གེ་དང་། །བོད་ཀྱི་སྐད་དུ་བསྒྱུར་ཏེ་གོ་སླར་མཛད། །སླར་ཡང་རྒྱ་དཔེའི་བྱེ་བྲག་དུ་མ་དང་། །པཎྜི་ཏ་ལ་གཏུགས་ཏེ་དག་པར་བཅོས། །བཤད་རྒྱུན་སྒྲུབ་རྒྱུན་མན་ངག་རྒྱུན་ལྡན་པའི། །བཤད་ཉན་ཚུལ་བཞིན་སྤྱོད་པས་གཏན་ལ་ཕབ། །དེ་ཕྱིར་ལོ་པཎ་དམ་པ་དེ་རྣམས་ཀྱི། །བཀའ་དྲིན་ཁྲག་ཁྲིག་བྱེ་བའི་ཆ་ཙམ་ཡང་། །རང་ཅག་བོད་ཡུལ་སྐྱེ་བོ་ཐམས་ཅད་ཀྱི། །ལུས་སྲོག་ལོངས་སྤྱོད་བཅས་པ་ལན་སྟོང་དུ། །ཚང་བར་ཕུལ་ཡང་ཆ་ཙམ་ག་ལ་ཁེར། །བོད་ཡུལ་རྨོངས་པའི་མུན་པ་ཀུན་བསལ་ནས། །ཡང་དག་ཆོས་ཀྱི་སྣང་བ་རྒྱས་མཛད་པ། །བོད་ཡུལ་བྱོན་པའི་ལོ་པཎ་ཐམས་ཅད་ལ། །བཀའ་དྲིན་དྲན་པས་རྟག་ཏུ་ཕྱག་བགྱིའོ། །ཞེས་གསུངས་པ་ལྟར་བཀའ་དྲིན་བསམ་བརྗོད་ལས་འདས་སོ།།
དེ་བཞིན་རྙིང་མ་རྒྱུད་འབུམ་ལས[3]། ཐུབ་བསྟན་སྡེ་སྣོད་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་ཐོགས་མེད་ཕྱོགས་ཀྱི་གླང་། །འགྲེལ་མཛད་དབྱིག་གཉེན་འཕགས་པ་ལྷ་དང་ཆོས་ཀྱི་གྲགས་པ་འཛམ་གླིང་རྒྱན། །སྒྲ་གཅན་འཛིན་དང་དཔའ་བོ་ཆོས་སྐྱོང་ཡོན་ཏན་འོད་སྟེ་ཆེན་པོ་བཞི། །ཞི་བའི་ལྷ་དང་ཙནྡྲ་གོ་མིའི་རྣམ་དཔྱོད་རྒྱལ་བསྟན་སྲོག་ཤིང་ཉིད། །འདི་ན་གངས་ཅན་མུན་པའི་གླིང་གི་སྤུན་ཟླར་བྱས་ཏེ་ཤིན་ཏུའང་། །བློ་ལ་གདུང་བའི་ཁུར་དུ་ལྕིད་ལ་ཆོས་རྒྱལ་མེས་དབོན་གསུམ་མཉམ་ཡང་། །ཐུགས་བསྐྱེད་དཔུང་པ་བཙན་པོའི་འཕྲུལ་འཁོར་དམ་བཅའི་རི་མོ་མ་རྨད་པས། །ལྗོངས་འདིར་རྒྱལ་བསྟན་ཤིང་རྟའི་ཁ་ལོ་དྲངས་པ་མིན་ནམ་ཁྲི་སྲོང་རྗེ། །སྲིད་ལ་ངེས་འབྱིན་སྡོམ་བརྩོན་ཡོངས་ཀྱི་སྐྱེད་བྱེད་མཁན་པོ་ཞི་བའི་འཚོ། །ཆོས་རབ་འབྱེད་པའི་སྤྱན་མི་འཛུམ་པ་འཇིག་རྟེན་མིག་གཅིག་བཻ་རོ་ཙ། །རྨ་གཉགས་ལ་སོགས་སྐད་གཉིས་སྨྲ་དབང་བསྟན་པའི་གསལ་བྱེད་ལོ་པཎ་ཚོགས། །གྲུབ་བརྙེས་དབང་པོ་བཅུ་ཕྲག་གཉིས་དང་ལྷག་བཅས་ལྔ་ཡི་འཁོར་ལོར་འདུད། །ཅེས་ཀྱང་གསུངས་སོ།།
གཞན་ཡང་རོང་སྟོན་ཤེས་བྱ་ཀུན་རིག་ (1367-1449) གིས་མཛད་པའི་ལོ་ཙཱ་བ་ཆེན་པོ་རྣམ་གསུམ་ལ་བསྟོད་པ་སྨྲ་བའི་རྒྱན་ལས་[4]ཀྱང་། འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཞེས། །ཡོངས་སུ་གྲགས་པ་སྐད་གཉིས་སྨྲ་བའི་དབང༌། །ཡེ་ཤེས་སྡེ་དང་ཀླུ་ཡི་རྒྱལ་མཚན་དང༌། །དཔལ་བརྩེགས་ཞེས་བྱའི་མཁས་པ་རྣམ་པ་གསུམ། །བོད་ཡུལ་འགྲོ་བ་ཀུན་གྱི་མིག་གཅིག་པུ། །སྒྲ་སྐད་ཀུན་སྦྱངས་མཁས་པ་ཕུལ་དུ་ཕྱིན། །བཀའ་དང་བསྟན་བཅོས་མཐའ་ཡས་སྒྱུར་བྱེད་མཁས། །ལེགས་པར་བསགས་པའི་ཚོགས་གཉིས་ཕུལ་བྱུང་བས། །མཐའ་ཡས་གསུང་རབ་རྒྱ་མཚོ་ཐུགས་ལ་རྫོགས། །སོ་སོ་ཡང་དག་རིག་པའི་བློ་རྒྱས་ཤིང༌། །འགྲོ་བ་ཀུན་ལ་བརྩེ་བའི་བདག་ཉིད་ཅན། །བོད་ཡུལ་རྨོངས་པའི་མུན་པ་རྣམས་བསལ་ཞིང༌། །འཇིག་རྟེན་སྒྲོན་མེ་འཇིགས་མེད་སྤོབས་པ་ཅན། །ཀུན་ལས་རྣམ་པར་རྒྱལ་བའི་སྨྲས་པ་བ། །ཐུབ་པའི་རིང་ལུགས་རྣམ་པར་རྒྱལ་བའི་དཔལ། །དཔལ་ལྡན་སྐད་གཉིས་སྨྲ་བ་རྣམ་པ་གསུམ། །མཆོག་ཏུ་དད་པས་ཡིད་ཀྱིས་བསྟོད་པར་བགྱི། །དེ་ལས་དགེ་བ་གང་གིས་ཐོབ་པ་ཡི། །སྨྲ་བའི་དབང་པོ་མཆོག་ཏུ་འགྱུར་བར་ཤོག །ཅེས་བསྟོད་ཕྱག་མཛད་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢
[2] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༥༠༩
[3] རྙིང་མ་རྒྱུད་འབུམ། དཀར་ཆག །མཚམས་བྲག་དགོན་པའི་བྲིས་མ། དཔེ་གཟུགས། ཤོག་གྲངས་ ༣ན༤
[4] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༡༡
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༥ ནས་ ༣༦༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།