མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས།

མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་མདོར་བསྡུས།

 

འཕགས་པ་ཀླུ་སྒྲུབ་ནི་འཕགས་པའི་གང་ཟག་ཁྱད་པར་ཅན་ཞིག་སྟེ། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་དཔལ་ལྡན་ཅེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བསྒྲུབས་ཏེ། །རབ་ཏུ་དགའ་བའི་ས་བགྲོད་ནས། །བདེ་བ་ཅན་དུ་དེ་འགྲོའོ། །

ཞེས་ལུང་བསྟན་པ་ལྟར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེ་འབྱོར་ལྡན་ཅན་ཞིག་གི་རིགས་སུ་སྐུ་འཁྲུངས་ཤིང་། དེ་ལ་མཚན་ལྟས་མཁན་གྱིས་ཚེ་རིང་ཤོས་ལ་ལོ་བདུན་ལས་མི་ཐུབ་ཞེས་ལུང་བསྟན་པས། ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མིག་གིས་མཐོང་མ་བཟོད་པར་སྐུ་ན་ཆུང་ངུའི་དུས་ནས་གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་པར་བཏང་། རིམ་གྱིས་རྒྱ་གར་ཡུལ་དབུས་དགོན་དཔལ་ནཱ་ལེནྡྲའི་ཆོས་སྡེར་ཕེབས། མཁན་པོ་དགྲ་གཅན་འཛིན་གྱི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས་ཏེ་མཚན་དགེ་སློང་དཔལ་ལྡན་ཞེས་བཏགས། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས་སྐུ་ཚེ་རིང་དུ་སོང་། དགོན་པ་དེའི་ཆོས་སྒོར་བཞུགས། དགེ་འདུན་གྱི་ཞལ་ཏ་བ་མཛད། ཡུལ་དུ་མུ་གེ་བྱུང་བ་ན་གསེར་འགྱུར་གྱི་རྩི་བསྒྲུབས་ནས་མུ་གེའི་འཇིགས་པ་ལས་བསྐྱབས། མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་མཐར་ཕྱིན་པ་མཛད་པས་ཕུལ་དུ་བྱུང་བའི་མཁས་པ་ཆེན་པོར་གྱུར་ཏེ་སྐལ་ལྡན་གྱི་སྐྱེ་བོ་མང་པོ་ལ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་འཆད། ཀླུའི་ཡུལ་དུ་བྱོན་ནས་ཤེར་ཕྱིན་འབུམ་པ་གདན་དྲངས་པ་དང་། བྱང་སྒྲ་མི་སྙན་དུ་ཕེབས་ནས་འགྲོ་དོན་མཛད་པར་ཡང་གྲགས། རྡོ་རྗེ་གདན་གྱི་མཆོད་རྟེན་ལ་རྡོའི་དྲ་མིག་བསྐོར། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་ཁོར་ཡུག་ཏུ་བསྐོར། ཐེག་པ་ཆེན་པོ་དབུ་མའི་སྲོལ་གསར་དུ་ཕྱེས་པས་ཤིང་རྟ་ཆེན་པོ་ཞེས་ཡོངས་སུ་གྲགས། དགེ་སློང་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀ་སུན་འབྱིན་པར་བྱེད་པའི་ཆེད་དུ་རིག་པའི་རྒྱན་ཞེས་བྱ་བའི་གཞུང་ལུགས་འབུམ་ཕྲག་བཅུ་གཉིས་བྱས་པ་དེ་གདུལ་བྱའི་དོན་དུ་ནཱ་ལེན་དྲར་ཆོས་རྒྱ་ཆེར་གསུངས། གཞན་ཡང་ཕྱི་ནང་གི་རྒོལ་བ་མང་པོ་རྩོད་པའི་འཕྲིན་ལས་ཀྱིས་བཅད་ནས་ཐེག་པ་ཆེན་པོའི་ལམ་དུ་བཅུག་སྟེ་རྒྱལ་བའི་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟ་བུར་གྱུར། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི་ནང་ནས་གཙོ་བོར་གྱུར། སློབ་དཔོན་འདི་ཉིད་དགུང་ལོ་དྲུག་བརྒྱ་ལ་བཞུགས་ཟེར་བ་དང་སུམ་བརྒྱ་ལ་བཞུགས་ཟེར་བའི་བཤད་སྲོལ་གཉིས་ཡོད།

མདོ་སྔགས་རིག་གནས་དང་བཅས་པ་མང་དུ་འཆད་པའི་འཕྲིན་ལས་ཀྱིས་ཐེག་པ་ཆེན་པོའི་བསྟན་འཛིན་གྱི་སྐྱེས་བུ་མཐའ་ཡས་པ་ཞིག་བྱོན་པ་ལས། གཙོ་བོར་གྱུར་པ་སྲས་ཀྱི་ཐུ་བོ་རྣམ་པ་བཞི་སྟེ། ཤཱཀྱ་མི་ཏྲ། ནཱ་ག་བོ་དྷི། ཨཱརྱ་དེ་བ། མ་ཏིངྐ་པ། ཉེ་བའི་ཐུགས་སྲས་གསུམ་སྟེ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་བཅས་བདུན་དུ་གྲགས། མཛད་པའི་བསྟན་བཅོས་སུ་དེ་བཞིན་གཤེགས་པའི་བཀའ་འཁོར་ལོ་རིམ་པ་དང་པོའི་དགོངས་འགྲེལ་དུ། སྐྱེ་བོ་གསོ་ཐིག ཤེས་རབ་སྡོང་བུ། བཤེས་པའི་སྤྲིངས་ཡིག་ལ་སོགས་བརྩམས། འཁོར་ལོ་བར་བའི་དགོངས་འགྲེལ་དུ། དབུ་མ་རིགས་ཚོགས་དྲུག་བརྩམས། འཁོར་ལོ་ཐ་མའི་དགོངས་འགྲེལ་དུ། ཆོས་དབྱིངས་བསྟོད་པ་དང་། དཔེ་མེད་པའི་བསྟོད་པ་ལ་སོགས་པ་བརྩམས་པར་མཛད། དེ་ལྟར་གཏམ་ཚོགས་དང་རིགས་ཚོགས། བསྟོད་ཚོགས་ཏེ་ཚོགས་གསུམ་གྱི་བསྟན་བཅོས་བརྩམས་ནས་རྒྱལ་བའི་བཀའ་འཁོར་ལོ་གསུམ་གྱི་དགོངས་པ་གསལ་བར་བྱས་པ་དང་། གཞན་ཡང་མདོ་ཀུན་ལས་བཏུས་པ་དང་བསླབ་པ་ཀུན་ལས་བཏུས་པ་སོགས་ཀྱི་འཁོར་ལོ་གསུམ་ཀའི་ཐུན་མོང་གི་དགོངས་འགྲེལ་དང་། སྔགས་རྒྱུད་ཀྱི་གསང་བ་འདུས་པའི་འགྲེལ་པ་རིམ་ལྔ་ལ་སོགས་པ། རྒྱུད་སྡེ་རྣམས་ཀྱི་འགྲེལ་པ་དང་། སྤྱི་དོན། དོན་བསྡུས། སྒྲུབ་ཐབས། བསྐྱེད་རྫོགས། བསྙེན་ཡིག་ཟིན་བྲིས་སོགས་ཤིན་ཏུ་མང་པོ་བརྩམས་པ་གནང་བ་དང་། མདོ་ལའང་མདོ་སོ་སོའི་འགྲེལ་པ་དང་། མདོ་ཆོག་གཤིན་པོ་རྗེས་འཛིན། སྒོམ་རིམ་སོགས་མདོ་སྡེ་ཕལ་ཆེར་གྱི་དགོངས་པ་བཀྲལ་བར་མཛད་པ་སོགས་ལ་བརྟེན་ནས་རྒྱལ་བའི་དགོངས་པ་རང་སྟོབས་ཀྱིས་གསལ་བར་བྱེད་པའི་ཤིང་རྟ་ཆེན་པོ་ཞེས་ཡོངས་སུ་གྲགས་སོ། །ཐུན་མོང་རིག་གནས་སྐོར་ལའང་སྐུ་གཟུགས་ཀྱི་ཐིག་ཚད་སྟོན་པ་སོགས་བཟོ་རིག་པ་དང་། གསོ་རིག་སྐོར་ལ་སྦྱོར་བ་བརྒྱ་པ་དང་། རྩྭ་ཨ་བའི་ཆོ་ག སྨན་འཚོ་བའི་མདོ་ཚིགས་སུ་བཅད་པ་སོགས་མང་དུ་བརྩམས་པར་མཛད་པ་འདི་དག་ནི་ཀུན་གྱིས་ཚད་མར་འཛིན་པ་དང་ཁུངས་གཏུག་ས་ཞིག་ཡིན།

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱི་སྨན་ཡིག་གཅེས་བཏུས། མཛད་པ་པོ། དཔོན་ཀླུ་སྒྲུབ། མི་རིགས་དཔེ་སྐྲུན་ཁང་ནས་ ༢༠༠༨ ལོར་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས་ཀྱི་པོད་ཕྲེང་ ༧༣ པར་དཔར་འགྲེམས་གནང་བའི་རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *