བ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།
དེ་ཡང་འཕགས་པ་ཡབ་སྲས་ཀྱི་རྟེན་འབྱུང་མཐར་ཐུག་གི་དགོངས་དོན་མིང་རྐྱང་བཏགས་ཡོད་ཙམ་དུ་བཀྲལ་བའི་སྒོ་ནས་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ལ་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། འཕགས་པ་ཡབ་སྲས་གཉིས་ཏེ་བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་བའི་དགོངས་པ་རྟེན་འབྱུང་མཐར་ཐུག་གི་དོན་ཏེ། གདགས་གཞི་དང་། ཆ་ཤས། རང་མཚན་ལ་ཚད་མར་སོང་བའི་བློ་གནོད་མེད་སོགས་ལ་བལྟོས་ནས་བཞག་པ་མིན་པར་བཏགས་ཡོད་མིང་རྐྱང་ཙམ་ལ་བདེན་གཉིས་དང་། བདེན་བཞི། རྒྱུ་འབྲས། ས་ལམ་གྱི་རྣམ་གཞག་སོགས་འཇོག་ཐུབ་པའི་ཟབ་མོའི་གནས་ཀྱི་གནད་ཆེས་ཤིན་ཏུ་ཕྲ་བ་དག་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཡོད་དོ་ཅོག་གི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་ཁྱད་དུ་འཕགས་པ་བུདྡྷཿཔཱ་ལི་ཏ་ལྗགས་རྩོམ་མཛད་ནས་ཆེས་ཤིན་ཏུ་གསལ་བར་མཛད་ཅིང་། དཔལ་མགོན་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་མན་ངག་དང་། གསང་སྔགས་ལ་བརྟེན་ནས་སྐུ་ཚེ་དེར་ཟུང་འཇུག་གྲུབ་པ་མཆོག་གི་ས་ལ་ཉེ་བར་གཤེགས་པའི་ཕྱོགས་འཛིན་དབུ་མའི་ཤིང་རྟ་བ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཞེས་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་དེ་ཡི་ཞབས་ལ་པཎ་གྲུབ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ། །ཞེས་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༨༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༡ ནས་ ༢༦༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།