ད༽ རྒྱལ་སྲས་ཞི་བ་ལྷའི་རྟོགས་པ་བརྗོད་པ།

ད༽ རྒྱལ་སྲས་ཞི་བ་ལྷའི་རྟོགས་པ་བརྗོད་པ།

 

དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། དེ་ལྟར་བདག་ཉིད་ཆེན་པོ་འདིའི་མཛད་པ་དེ་དག་ཐམས་ཅད་བསྟན་པ་དང་སེམས་ཅན་གྱི་དོན་དུ་མཛད་པ་ཤ་སྟག་སྟེ། རྒྱལ་བས་མི་ནི་ཨ་མྲའི་འབྲས་བུ་དང་མཚུངས་པས་ཕྱི་སྨིན་ལ་ནང་མ་སྨིན་པ་དང་། ནང་སྨིན་ལ་ཕྱི་མ་སྨིན་པ་དང་། ཕྱི་ནང་གཉིས་ཀ་སྨིན་པ་དང་།

ཕྱི་ནང་གཉིས་ཀ་མ་སྨིན་པ་སྣ་ཚོགས་སུ་ཡོད་པར་གསུངས་པ་ལྟར་སོ་སོ་སྐྱེ་བོ་རང་ག་བ་དག་གིས་གཞན་གྱི་རྒྱུད་ཚོད་ཤེས་པ་ཤིན་ཏུ་དཀའ་བས། སྤྱིར་ཡང་སེམས་ཅན་སུ་ལའང་སྐྱོན་རྟོག་གི་བློ་མ་ཤོར་བར་བྱ་བ་དང་། ལྷག་པར་རྒྱལ་བའི་བསྟན་པ་ལ་ཞུགས་པ་རྣམས་ལ་སྐྱོན་བརྗོད་པ་ནི་ཐལ་བས་གཡོགས་པའི་མེ་དོང་དང་མཚུངས་པར་ཤིན་ཏུ་ཉེན་ཆེ་བའི་གནས་ཡིན་པས་ཕ་རོལ་སུ་ལའང་སྐྱོན་བརྗོད་མི་བྱ་བར་དག་སྣང་སྦྱོང་དགོས་སོ་ཞེས་འདོམས་པ་དང་། བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བ་རྣམས་ཀྱིས་ལམ་ལྟར་སྣང་དང་ཕྱོགས་རེ་བས་ཚིམ་པར་མི་བྱ་བར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སློབ་ཚུལ་སྤྱོད་འཇུག་དང་། བསླབ་བཏུས་གཉིས་སུ་བརྗོད་པ་ལྟར་བྱ་དགོས་སོ་ཞེས་འདོམས་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ལྷག་པའི་ལྷར་བསྟེན་ན་འདི་ལྟ་བུའི་ཡོན་ཏན་ཐོབ་པར་འགྱུར་རོ་ཞེས་འདོམས་པ་དང་། མུ་སྟེགས་ཀྱི་གཞུང་ལུགས་ནི་རྣམ་པ་ཀུན་ཏུ་ཡིད་བརྟན་མི་རུང་བའི་གནས་དང་། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཡིན་ནོ་ཞེས་འདོམས་པ་སོགས་ཀྱི་ཆེད་དུ་མཛད་པ་དེ་ལྟར་མཛད་དོ། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས་ཤིང་། བདག་ཉིད་ཆེན་པོ་འདིའི་གཞུང་འདི་དག་ལ་གཙིགས་ཆེར་བཟུང་ནས་ཐོས་བསམ་སྒོམ་པས་འཇུག་པ་ལ་འབད་པར་བྱའོ། །ཞེས་གསུངས་ལ། གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས[2]། དེ་བས་ན་དད་གུས་ཆོས་ལ་བྱས་པས་བྷུ་སུ་ཀུས་མཚན་གཅིག་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རྟོགས་པ་བརྗོད་པ་ནི།

བདག་གིས་མ་རྟོགས་བར་དུ་འབྲས་ཆན་རོ་ཡི་ཁྱད་པར་ཆེ། །

རྟོགས་ནས་མངར་བའི་འབྲས་ཆན་དག་དང་རོ་འདི་ཁྱད་པར་མེད། །

དེ་བཞིན་མ་རྟོགས་བར་དུ་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །

རྟོགས་པའི་དུས་སུ་འཁོར་བ་ཡེ་ནས་སངས་རྒྱས་བདེ་བ་ཆེ། །

ཞེས་གསུངས་ནས་འགྲོ་དོན་དཔག་ཏུ་མེད་པ་མཛད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །ཞེས་གསུངས་སོ།།

དེ་བཞིན་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ལས[3]། གུ་རུ་བྷུ་སུ་ཀུའི་ཞལ་ནས།

བདག་གིས་མ་རྟོགས་བར་དུ་རོ་ལ་ཁྱད་པར་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །

རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་བའི་རིན་ཆེན་བཞིན། །

ཞེས་སོ། །འདིའི་དོན་ནི། དེ་ལ་བདག་གིས་ཅེས་པ་ནི་བྷུ་སུ་ཀུ་པ་བདག་གིས་སོ། །མ་རྟོགས་བར་དུ་ཞེས་པ་ནི། །ཚིག་དང་དོན་ལ་མི་མཁས་པའི་བྱིས་པ་སོ་སོ་སྐྱེ་བོའི་དུས་ཞེས་པའོ། །རོ་ལ་ཁྱད་པར་ཆེ་ཞེས་པ་དཔེ་ཡིན་ཏེ། འབྲས་ལ་སོགས་པ་དཀར་པོ་དང་། དམར་པོ་དང་། འབྲས་ཆན་དྲུག་ཅུ་པ་དང་། ཏིལ་དང་། སོ་བ་དང་། ཁྲེ་དང་། ཞུ་ཚེ་ལ་སོགས་པ་རྣམས་ལ་སྤོང་དང་། ན་ལི་ཁུ་ལ་སོགས་པའི་རྡོར་སྣ་ཚོགས་ཀྱིས་བརྒྱན་པའི་འབྲས་ཆན་གྱི་རོ་ལ་ཁྱད་པར་ཆེ། ཞེས་པའོ། །དཔེ་དེ་བཞིན་དུ་མ་རྟོགས་པའི་བྱིས་པ་སོ་སོ་སྐྱེ་བོའི་དུས་སུ་འཁོར་འདས་གཉིས་ཐ་དད་པའི་རང་བཞིན་དུ་རྟོགས་ཅེས་པའོ། །དེ་ཡང་རྟོགས་པའི་དུས་ན། འཁོར་འདས་བདེ་བ་ཆེན་པོ་སྟེ། །ཞེས་པ་སྟེ། དེ་ཇི་ལྟར་ཡིན་ན། འཁོར་བ་སྤངས་པའི་ཕ་རོལ་ན་སངས་རྒྱས་ཞེས་བྱ་བ་གཅིག་ལོགས་ན་མེད། འཁོར་བ་ཞེས་བྱ་བ་སངས་རྒྱས་ཀྱི་ངོ་བོ་ཡིན་པའོ། །ཇི་ལྟར་ཡིན་ན། འཁོར་བའི་རྩ་བ་ཉོན་མོངས་པ་ལས་བྱུང་བ་ཡིན་པས། ཉོན་མོངས་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་ཡིན་ནོ། །རྣལ་འབྱོར་པ་བྷུ་སུ་ཀུའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ། །ཞེས་ཀྱང་བྱུང་ངོ་།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༧

[2]  གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༨

[3]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གེ༽ དེབ་ཨང་ ༤༨ པ། ཤོག་གྲངས་ ༦༡༦

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༧ ནས་ ༡༠༩ བར་གསལ་བ་ལས་བཏུས།

 

Leave a Reply

Your email address will not be published. Required fields are marked *