ད༽ དབུ་མ་སྙིང་པོའི་མཚན་གྱི་རྣམ་གྲངས།

ད༽ དབུ་མ་སྙིང་པོའི་མཚན་གྱི་རྣམ་གྲངས།

 

དེ་ཡང་སྒོམ་སྡེ་ཚིག་མཛོད་ཆེན་མོ་ལས[1]། རྒྱ་གར་སྐད་དུ། མདྷྱཱ་མ་ཀ་ཧྲི་ད་ཡ་ཀཱ་རི་ཀཱ། དབུ་མའི་སྙིང་པོའི་ཚིག་ཚིག་ལེའུར་བྱས་པ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད། ཇོ་བོ་རྗེ་དང་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། དབུ་མ་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་ཡིན་པའི་ཆ་ནས་དབུ་མའི་སྙིང་པོ་ཞེས་བརྗོད་པ་ཡིན། སྡེ་དགེ་བསྟན་འགྱུར་དབུ་མ་ ༼ཛ་པ༽ ན་བཞུགས་ཤིང་། དེ་ལ་ཤོག་ལྡེབ་བཞི་བཅུ་དང་ངོས་བརྒྱད་ཅུ་ཡོད།

བསྟན་འགྱུར་དཀར་ཆག་འགའ་ཞིག་ཏུ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་ཞེས་གསལ་ནའང་། བྷ་བྱ་ཞེས་པ་ལེགས་ལྡན་གྱི་སྐད་དོད་དོ། །ཞེས་དང་། དབུ་མ་སྙིང་པོའི་ཚིག་ལེའུར་བྱས་པ་དབུ་མ་སྙིང་པོ་དང་འདྲ་ལ། དབུ་མ་ཤེས་རབ་སྒྲོན་མ་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་[2]ཡིན་པ་དང་། རྟོག་གེ་འབར་བ་ནི་དབུ་མ་སྙིང་པོའི་རང་འགྲེལ་ཡིན་པར་གསལ།

ཡང་དབུ་མའི་སྙིང་པོ་བསྡུས་པ་དང་དབུ་མ་སྙིང་པོ་འདྲ་བ་དང་། དབུ་མའི་སྙིང་པོ་བསྡུས་པ་དང་། དབུ་མའི་དོན་བསྡུས་པ་འདྲ་བ་བཅས་དེ་དག་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་པས་དཔྱད་དགོས་པར་སྣང་ལ། དབུ་མ་སྙིང་པོའི་ལེགས་སྦྱར་ཕྱི་མོ་ད་ལྟ་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད་ཀྱང་། རྟོག་གེ་འབར་བ་ནི་དེང་སྐབས་བོད་འགྱུར་ཙམ་ལས་མ་བཞུགས་སོ།།

སྐབས་སུ་བབ་པ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[3]། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སེམས་ཙམ་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་འགོག་པའི་ཚུལ་དབུ་མ་སྙིང་པོ་རྩ་འགྲེལ་ལས་ཤིན་ཏུ་རྒྱས་པར་གསུངས་པ་འདི་དག་སྔ་མ་སུས་ཀྱང་གསལ་བར་བཤད་པ་མི་སྣང་ལ། ཤིང་རྟ་ཆེན་པོའི་རིགས་པའི་གནད་ཤིན་ཏུ་ཕྲ་བ་ཞིག་ཏུ་འདུག་པས། བློ་གྲོས་དང་ལྡན་པ་རྣམས་གཞུང་ལུགས་དེ་དག་ལ་གཟིགས་པའི་རྐྱེན་དུ་འགྱུར་རམ་སྙམ་ནས་བདག་གིས་བློ་གྲོས་ཆུང་ངུས་དཔོགས་ཚོད་ཙམ་བྲིས་པ་ཡིན་པས་རྒྱས་པར་གཞུང་དེ་དག་ཉིད་དུ་གཟིགས་པར་འཚལ་ལོ། །སློབ་དཔོན་འདིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་ཀྱང་སེམས་ཙམ་པའི་མཚན་ཉིད་གསུམ་གྱི་རྣམ་གཞག་འགོག་ཚུལ་མདོར་བསྡུས་ཤིག་གསུངས་པ་ནི་རྗེ་བདག་ཉིད་ཆེན་པོས་ལེགས་བཤད་སྙིང་པོར་བཀའ་དྲིན་དུ་སྩལ་བ་ལྟར་ཡིན་ལ། དེ་ནི་ཕྱོགས་གཞན་དུ་འཆད་པར་འདོད་དོ། །ཞེས་གཞུང་འདི་ཉིད་ལ་བསྔགས་པ་ཆེས་ཆེར་མཛད་པ་ལྟར་དབུ་མ་སྙིང་པོ་ནི། དབུ་མའི་སློབ་དཔོན་ཆེན་པོ་བྷ་བྱ་ཀ་རའམ་ལེགས་ལྡན་འབྱེད་ཅེས་བྱ་བ་སྐུ་ཚེ་ཕྱི་མར་མཆོག་གི་དངོས་གྲུབ་བརྙེས་པར་གྲགས་པ་དེ་ཉིད་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་སྙིང་པོ་བསྡུས་པ་རང་གཞན་གྱི་གྲུབ་མཐའི་འདོད་ཚུལ་རྒྱས་པར་སྟོན་ཅིང༌། གཙོ་བོར་བྱང་ཆུབ་ཀྱི་སེམས་དང་ཞི་ལྷག་སོགས་དབུ་མ་པའི་ལྟ་སྒོམ་སྤྱོད་གསུམ་དང་། གཞི་ལམ་འབྲས་གསུམ་གྱི་ཟབ་རྒྱས་གཉིས་ཆར་སྟོན་པའི་གཞུང་ཞིག་ཡིན་ནོ།།

ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[4]། དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་གཉིས་ཏེ། འདི་ལས་ཕྱི་པ་དང་ནང་པའི་གྲུབ་མཐའི་ཁྱད་པར་དུ་མ་ཞིག་བྱུང་ཞིང་། དབུ་མ་པའི་ལྟ་སྒོམ་སྤྱོད་པའི་གནད་འགག་རྒྱས་པར་བྱུང་བས་མཉམ་མེད་ཇོ་བོ་ཆེན་པོས་ཀྱང་རྒྱ་གར་དང་བོད་དུ་རྟོག་གེ་འབར་བའི་བཤད་པ་ལན་དུ་མར་མཛད་འདུག་གོ །ཞེས་གསུངས་པ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་[5]། དེ་བཞིན་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོ་དང༌། དེའི་རང་འགྲེལ་རྟོག་གེ་འབར་བའི་ནང་དུ་མུ་སྟེགས་པའི་འདོད་པའི་ལུགས་མང་པོ་ཞིག་ཞིབ་ཕྲ་བཀོད་ནས་དགག་པ་བསྐྱོན་གནང་མཛད་ཡོད། དེའི་ནང་དུ་རྟོག་གེ་སྡེ་ལྔ་ཕལ་མོ་ཆེ་ཡོད་ཅིང་། དེ་དག་ཚང་མའི་འདོད་པ་བཀོད་ནས་དེ་དག་འགོག་བཞིན་དུ་ཧ་ཅང་རྒྱས་པར་གསུངས་ཡོད། ཅེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སྒོམ་སྡེ་ཚིག་མཛོད་ཆེན་མོ། གླེགས་བམ་གསུམ་པ། ཐེ་ཝན་པར་མ། ༢༠༡༣ ལོ། ཤོག་གྲངས་ ༢༥༨

[2]  འགྲེལ་པ་རིགས་གསུམ། ཚིག་དོན་དཀའ་གསུམ་སྟེ། ༡. ཚིག་འགྲེལ། གཞུང་གི་ཚིག་རེ་རེ་བཞིན་དུ་གོ་བ་སྐྱེ་བའི་འགྲེལ་བཤད་བྱས་པ་དང༌། ༢. དོན་འགྲེལ། ཐོག་མར་ནང་དོན་བསྡུས་པའི་ས་བཅད་བསྟན་པ། རྗེས་སུ་དཀའ་གནད་ལ་དོགས་པ་ཆོད་ངེས་ཀྱི་གསལ་བཤད། ཐ་མར་བཤད་ཟིན་པའི་དོན་གྱི་སྙིང་པོ་གོ་བདེ་བར་འཆད་པ། ༣. དཀའ་འགྲེལ། གཞུང་གི་བརྗོད་དོན་དཀའ་གནད་ཡོད་པའི་རིགས་ལ་གསལ་བཤད་བྱས་པ། ཞེས་དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༦༣༥ ཐོག་གསལ་ལོ།།

[3]  ལྕང་སྐྱ་གྲུབ་མཐའ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༢༧༥

[4]  ལྕང་སྐྱ་གྲུབ་མཐའ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༢༣༡

[5]  གྲུབ་མཐའ་རིན་ཆེན་ཕྲེང་བའི་བཀའ་ཁྲིད། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༠༩ ལོ། ཤོག་གྲངས་ ༣༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༡ ནས་ ༣༧༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *