ཏ༽ མཁན་ཆེན་ཞི་འཚོ་དགུང་ལོ་ཇི་ཙམ་བཞུགས་མིན།
དེ་ཡང་རོང་སྟོན་སྨྲ་བའི་སེངྒེས་ (1367-1449) མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]།
དངོས་འཛིན་དྲི་མ་མེད་པའི་ཐུགས་མངའ་ཞིང༌། །འཕགས་པའི་ཡུལ་གྱི་མཁས་པ་མཆོག་གྱུར་པ། །
གྲུབ་མཆོག་དཔལ་སྦས་ཡེ་ཤེས་སྙིང་པོ་དང༌། །གྲུབ་མཁྱེན་ཞི་བ་འཚོ་ལ་ཕྱག་འཚལ་ལོ། །
ཞེས་ཆེ་བསྟོད་མཛད་ཡུལ་གྱི་མཁན་ཆེན་ཞི་བ་འཚོ་དགུང་ལོ་ཇི་ཙམ་བཞུགས་མིན་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ (1713-1793) མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། བདག་ཉིད་ཆེན་པོ་འདི་ནི་དགུང་ལོ་བརྒྱ་ཕྲག་མང་པོ་བཞུགས་པས། སྐུ་ཚེའི་སྟོད་སྨད་བར་གསུམ་གྱི་སློབ་མ་རིམ་པ་མང་དུ་ཡོད་ཅིང་། སྲས་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བ་ནི་སློབ་དཔོན་སེང་གེ་བཟང་པོ་དང་། མཁས་མཆོག་ཀ་མ་ལ་ཤཱི་ལ་གཉིས་སོ། །མཁན་ཆེན་ཞི་བ་འཚོ་འདི་ནི་རྒྱལ་སྲས་གཞན་གྱིས་དཔག་པར་དཀའ་བའི་སྙིང་སྟོབས་དང་། བྱང་ཆུབ་ཀྱི་སེམས་ཤིན་ཏུ་སྟོབས་ཆེ་བས་སྙིགས་མའི་དུས་འདིར་འགྲོ་བའི་དོན་མཛད་པ་ལ་རྒྱལ་སྲས་ཀྱི་སྤྱོད་པ་ཆེས་ཕུལ་དུ་བྱུང་བ་ཞིག་སྟེ། དོན་གྱི་དབང་འདི་ལ་གཟིགས་ནས་རྗེ་བདག་ཉིད་ཆེན་པོས། རླབས་ཆེན་སྤྱོད་པའི་གཏེར་གྱུར་ཅེས་བསྔགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་མཁན་ཆེན་ཞི་བ་འཚོ་དགུང་ལོ་ཇི་ཙམ་བཞུགས་སམ་ཞེ་ན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་འཇམ་དཔལ་མ་ལས[3]།
བགྲང་བྱ་བརྒྱ་ཕྲག་དགུ་ཡི་གྲངས་བཞུགས་ཏེ། །འཕགས་ཡུལ་རྒྱ་ནག་གངས་ཅན་ལ་སོགས་པར། །
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་རབ་ཏུ་བསྒྲེངས། །བསྟན་པའི་རྒྱལ་མཚན་ཁྱེད་ལ་ཕྱག་འཚལ་ལོ། །
ཞེས་མཁན་ཆེན་ཞི་འཚོ་དགུང་ལོ་ ༩༠༠ བཞུགས་པར་གསུངས་ལ། མཁས་གྲུབ་ཐམས་ཅད་མཁྱེན་པས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས[4]། སློབ་དཔོན་ཞི་བ་འཚོ་ནི་དགུང་ལོ་སྟོང་དུ་གཅིག་གིས་མ་ཆོག་པ་བཞུགས་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་དུ་སྤྱན་དྲངས། ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་སློབ་དཔོན་པདྨ་འབྱུང་གནས་དང་བཅས་པ་སྤྱན་དྲངས་ནས། བོད་ཀྱི་མི་མ་ཡིན་གདུག་པ་ཅན་རྣམས་བཏུལ་ཞིང་། སད་མི་མི་བདུན་རབ་ཏུ་ཕྱུང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ་བཀའ་དྲིན་ཤིན་ཏུ་ཆེའོ། །ཞེས་གསུངས་ཤིང་། དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[5]། འདི་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཡོད་སྨྲའི་སྡེ་ལས་རབ་ཏུ་བྱུང་ཞིང་རིག་གནས་ལ་མཁས་པར་སྦྱངས། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ། ལོ་དགུ་བརྒྱ་དང་གོ་དགུ་བཞུགས་པར་གྲགས། ཞེས་གསུངས་པ་ལྟར་ན། མཁན་ཆེན་ཞི་འཚོ་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་དུ་གདན་དྲངས་པ་དང་། དེ་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་སློབ་དང་བཅས་པ་གདན་དྲངས་པ་དང་། ལྷག་པར་བླ་མ་སྐྱེས་ཆེན་དམ་པ་གཉིས་ཀས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༩༩ བཞུགས་པར་གསུངས།

གཞན་ཡང་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། མཁན་པོ་འདི་ཉིད་སྐུ་འཁྲུངས་པའི་དུས་སྐབས་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོར་དགུང་ལོ་ ༩༠༠ ལྷག་ཙམ་བཞུགས་པ་དང་། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་སྲིད་དབང་སྐྱོང་སྐབས་མཁན་ཆེན་འདིས་མདོ་སྡེ་དཔང་སྐོང་ཕྱག་རྒྱ་སོགས་བསྣམས་ནས་བོད་དུ་ཕེབས་པ་སྐབས་འདིའི་མཚན་ལི་ཐེ་སི་སྟེ་བློ་སེམས་འཚོ་ཟེར་[7]བ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་གཞི་ནས་བོད་དུ་གདན་དྲངས་ཏེ་བྱོན་པ། མཁན་ཆེན་འདི་སྐུ་ཚེ་ཡང་ཧ་ཅང་རིང་པོ་བཞུགས་པར་བརྟེན་སྐུ་ཚེ་སྟོད་དང་། བར། སྨད་བཅས་ཀྱི་སློབ་མ་མང་པོ་ཡོད་ཅེས་གསུང་སྲོལ་འདུག །ཅེས་གསལ་ལོ།།
ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ (དུས་རབས་13པ།) ཀྱིས་མཛད་པའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས[8]། ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་དྲིན་ལ། དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཡིན་ལ། དེའི་ལོ་རྒྱུས་ཞིབ་ཏུ་བཤད་ན། སྐྱེས་བུ་དམ་པ་དེས་རྒྱལ་སྲིད་འཛིན་པའི་ཚེ། ལི་ཐེ་སེ་དང་ཐོ་གར་[9]གྱི་ལོ་ཙཱ་བ་བློ་སེམས་འཚོ་གཉིས་ཀྱིས། རྒྱ་གར་པཎྜི་ཏ་མཁས་པ་ལེགས་བྱིན་སྤྱན་དྲངས་ནས་བྱོན་ཏེ། རྒྱལ་པོ་ལ་ཆོས་གསུངས་པས། བོད་ན་ཡི་གེ་མེད་པའི་སྟབས་ཀྱིས་བསླབ་ཏུ་མ་བཏུབ་ནས། ཟ་མ་ཏོག་བཀོད་པ། སྙིང་པོ་ཡི་གེ་དྲུག་མ་གསེར་གྱིས་བྲིས་པ་གཅིག་ལ་མུ་དྲའི་ཕྱག་རྒྱས་བཏབ་ནས་རྒྱལ་པོ་ལ་ཕུལ་ཏེ། འདི་ལ་ཕྱག་དང་བསྐོར་བ་དང་། མཆོད་པ་བགྱིས་ལ་གསོལ་བ་ཐོབ། གང་འདོད་པའི་བྱིན་རླབས་འབྱུང་གིས། ངས་བོད་དུ་བསྡད་ཀྱང་ཕན་མི་ཐོགས་པར་འདུག་གསུངས་ནས་རྒྱ་ནག་ཏུ་བཞུད་དོ། །ཞེས་ལོ་ཙཱ་བ་བློ་སེམས་འཚོ་ནི་ཐོ་གར་ནས་ཡིན་པར་གསུངས་པར་མ་ཟད། མཐར་རྒྱ་ནག་ཏུ་ཕེབས་པར་གསུངས་པས་དཔྱད་དགོས་པར་སྣང་ངོ་།།
འོན་ཀྱང་གོང་གསལ་དགུང་ལོ་ ༩༠༠ ལྷག་དང་། དགུང་ལོ་ ༩༩༩ བཞུགས་པ་དེ་དག་ནི་ཕྱེད་ལོར་ངོས་འཛིན་མཁན་ཡང་ཡོད་པ་སྟེ། གུ་རུ་བཀྲ་ཤིས་ (དུས་རབས་18པ།) ཀྱིས་མཛད་པའི་གུ་བཀྲའི་ཆོས་འབྱུང་ལས[10]། མཁན་པོ་དགུང་ལོ་དགུ་བརྒྱ་བཞེས་པའི་ཚེ་བོད་དུ་བྱོན་ཞེས་གྲགས་པ་ནི། མཁན་པོ་ཉིད་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་པ་ཙམ་བྱས་ན་བོད་དུ་བྱོན་གྱི་བར་ལ་རགས་རྩིས་ལོ་བཞི་བརྒྱ་ལྷག་ཙམ་སོང་བས་དགུ་བརྒྱ་ཞེས་པ་ནི་ཕྱེད་ལོ་ཡིན་པར་མངོན་ལ། དེ་ལྟར་ན་ཐོ་ཐོ་རིའི་དུས་ལོ་ཙཱ་བ་ལི་ཐེ་སེས་སྤྱན་དྲངས་པའི་པཎྜི་ཏ་བློ་སེམས་འཚོ་ཞེས་པ་དེ་ཡང་བོ་དྷི་ས་ཏྭ་བློ་སེམས་དང་། འཚོ་ཞེས་པ་ཞི་བ་འཚོ་ལ་འབྱོར་བ་མཁན་པོ་ཡིན་པར་འགོས་ལོ་ཙཱ་བ་ཆེན་པོ་བཞེད་པ་དང་། བོད་ཀྱི་རྒྱལ་རབས་དགུའི་བར་ཁྲི་སྲོང་སྒུག་གིན་བཞུགས་པ་སོགས་དང་ཡང་སྒྲིག་ནུས་སོ།།
དེ་ནས་བོད་ཀྱི་ཡུལ་འདིར་ཡང་ལོ་བཞི་བཅུའི་བར་དུ་བསྟན་པ་བསྐྱངས། མཐར་བྲག་དམར་གྱི་ཕོ་བྲང་དུ་རྟས་ཕྲ་བརྒྱབ་པའི་རྐྱེན་བྱས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ནས། སྐུ་གདུང་ཧས་པོ་རིའི་རྒྱབ་ཏུ་མཆོད་རྟེན་བཞེངས་པར་བཞུགས་སོ། །ཞེས་གསུངས་པ་ལྟར་མཁན་ཆེན་བོད་དུ་མ་ཕེབས་གོང་ནས་དགུང་ལོ་དགུ་བརྒྱར་ཕེབས་པ་དང་། བོད་དུ་ལོ་ངོ་བཞི་བཅུའི་རིང་བཞུགས་པར་གསུངས་ཤིང་། དགུང་ལོ་དགུ་བརྒྱ་བཞུགས་ཚུལ་ཡོངས་གྲགས་རྒྱལ་ཪབས་ཆོས་འབྱུང་གི་དེབ་ཐེར་མང་པོར་གསལ་བ་དེ་དག་ཕྱེད་ལོ་ཡིན་པར་གསུངས་པས། ཕྱེད་ལོར་བརྩིས་ན་དགུང་ལོ་ ༤༥༠ དང་། བོད་དུ་ལོ་ ༤༠ ཙམ་བཞུགས་པ་བསྡོམས་ན་དགུང་ལོ་ ༤༩༠ ཙམ་བཞུགས་པ་དང་། ལོ་ངོ་ཧྲིལ་པོར་ངོས་འཛིན་པ་ལྟར་ན་དགུང་ལོ་ ༩༠༠ དང་། ༩༩༩ བཞུགས་པའི་བཞེད་ལུགས་གཉིས་མཆིས་སོ།།
དེ་ལྟར་ཟུང་འཇུག་གི་སྐུ་བརྙེས་པས་དགུང་ལོ་རིང་པོ་དེ་ལྟར་བཞུགས་པ་ནི། ཞབས་དཀར་ཚོགས་དྲུག་རང་གྲོལ་ (1781-1851) གྱིས་མཛད་པའི་བཀའ་གདམས་སྤྲུལ་པའི་གླེགས་བམ་ལས[11]། དམ་པ་གོང་མ་ཐམས་ཅད་ཀྱིས་མདོ་སྔགས་ཀྱི་ལམ་གཉིས་ཟུང་འབྲེལ་དུ་ཉམས་སུ་བླངས་པ་ལ་བསྟེན་ནས་མཆོག་ཐུན་དངོས་གྲུབ་ཐོབ་ཚུལ་གྱི་ངོ་མཚར་བའི་རྣམ་ཐར་མཐའ་ཡས་ཏེ། སྔོན་མགོན་པོ་ཀླུ་སྒྲུབ་ཀྱིས་ཟུང་འཇུག་གི་སྐུ་བརྙེས་ནས་དགུང་ལོ་དྲུག་བརྒྱ་བཞུགས། མཁན་ཆེན་ཞི་བ་འཚོ་དགུང་ལོ་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བཞུགས། སློབ་དཔོན་པདྨ་དང་པཎ་ཆེན་བི་མ་མི་ཏྲ་རྣམ་གཉིས་འཆི་མེད་རྡོ་རྗེའི་སྐུ་བརྙེས། ཕ་དམ་པ་རྒྱ་གར་དགུང་ལོ་ལྔ་བརྒྱ་དང་བཅུ་བདུན་ཙམ་བཞུགས། གཤེགས་རྒྱུ་ཡིན་པའི་སྔ་ལོའི་ཉིན་གཅིག་ལོ་རྗེས་མའི་ད་ཙམ་དིང་རི་ལ་རྒྱ་གར་གྱི་ཨ་ཙ་ར་རྒན་པོ་ཞིག་གི་རོ་ཞིག་ཡོང་གསུངས། ཞེས་གསུངས་པ་ལྟར་རོ།།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད་ལས[12]། ནམ་རྒྱུན་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་ཏུ་མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་སྐབས་དགུང་ལོ་ ༩༠༠ ཐོག་བོད་དུ་ཕེབས་ཤིང་། དགུང་ལོ་ ༡༠༠༠ བཞུགས་ཚུལ་བརྗོད་བཞིན་ཡོད། ཐག་བཅད་ནས་བརྗོད་རྒྱུ་དཀའ་ཡང་། ཡོངས་གྲགས་ལྟར་ན་དགུང་ལོ་ ༧༥ ཐོག་རྒྱ་གར་འཕགས་ཡུལ་ནས་དཔལ་ནཱ་ལེནྡྲའི་མཁས་པ་བགྲེས་སོང་མཁན་ཆེན་ཞི་འཚོ་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་སྐབས་འཕྲུལ་འཁོར་གྱི་རིགས་མེད་ལ། གནམ་གྲུ་དེ་བས་ཀྱང་མེད་པས་ཕྱག་འཁར་འཛུགས་བཞིན་བོད་དུ་ཕེབས་པའམ་ཡང་ན་རྟ་བོང་དང་། སྐབས་རེ་མཛོ་གཡག་ལྟ་བུར་ཆིབས་ཏེ་སྐུ་ངལ་མང་པོ་ཞིག་བསྐྱོན་ནས་བོད་དུ་ཕེབས་ཤིང་། ལྷག་པར་རྒྱ་གར་ཚ་བའི་ཡུལ་གྱི་ས་བབ་དམའ་ས་ནས་བོད་ས་བབ་མཐོ་ལ་གནམ་གཤིས་གྲང་སར་ཕེབས་པར་བརྟེན། ནམ་རྒྱུན་རྒྱ་གར་འཕགས་ཡུལ་དུ་བཞེས་རྒྱུའི་འབྲས་དང་ལྡ་ལི་སོགས་མེད་སྟབས་རྩམ་པ་བཞེས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཞིག་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོར་དགོངས་ཏེ་སྐུ་ལས་བསྐྱོན་ནས་བོད་དུ་ཕེབས་པ་དེ་ཧ་ཅང་རྩ་ཆེན་པོ་རེད་འདུག
མཁན་ཆེན་ཞི་འཚོའི་རྗེས་དྲན་ཚོགས་འདུའི་སྐབས་རྒྱ་གར་ཧིན་དྷུའི་མཁས་པ་དང་། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་ཡོངས་གྲགས་དགུང་ལོ་ ༧༥ ཐོག་ལ་ཕེབས་ཚུལ་གསུངས་ཤིང་། བོད་ལ་ལོ་ཤས་བཞུགས་མཐར་དགུང་ལོ་དགུ་བཅུ་གོ་གྲངས་ཤིག་ལ་མྱ་ངན་ལས་འདས་པ་ཡིན་འདུག །ནམ་རྒྱུན་ང་ཚོ་བོད་པས་མཁན་ཆེན་ཞི་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་ ༩༠༠ ཙམ་ལ་ཕེབས་པ་དང་ཁྱོན་དགུང་ལོ་ ༡༠༠༠ བར་དུ་བཞུགས་ཚུལ་རྗོད་ཀྱི་ཡོད་ཀྱང་། ཝཱ་རཱ་ཎ་སཱིར་ཡོད་པའི་ངོས་ཀྱི་ངོ་ཤེས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཨུ་པ་དེ་ཝ་ཞུ་བ་ཞིག་ཡོད་པ་ཁོང་གིས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠ ཐོག་བོད་དུ་ཕེབས་པ་མིན་པར། དགུང་ལོ་ ༩༠ ཐོག་བོད་དུ་ཕེབས་པ་དང་། ཁྱེད་རང་ཚོ་བོད་པས་མཁན་ཆེན་ཞི་འཚོ་སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པ་རེད་ཅེས་བརྗོད་ན་དགའ་པོ་ཡོད་སྟབས། བོད་པས་ཀླད་ཀོར་ཞིག་བསྣན་ནས་ ༩༠༠ བཟོས་པ་རེད་ཅེས་བརྗོད་བྱུང་།
ཚན་རིག་གི་ཐོག་ནས་དགུང་གྲངས་ཇི་ཙམ་བཞུགས་མིན་ནི། མིའི་རུས་པར་བརྟག་དཔྱད་བྱས་ན་གསལ་པོ་ཤེས་རྟོགས་ཐུབ་ཚུལ་བརྗོད་ཀྱི་འདུག་པས། དོན་དངོས་ཐོག་མཁན་ཆེན་ཞི་འཚོ་དགུང་གྲངས་ཇི་ཙམ་བཞུགས་མིན་ལྷ་རབ་བྱུང་ན་བསམ་ཡས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་པའི་མཁན་ཆེན་ཞི་འཚོའི་མ་ལེའམ་ཨོལ་སྐོའི་སྐུ་རུས་དེ་ཉིད་ལ་གུས་ཞབས་ཆེན་པོའི་ཐོག་ནས་མ་འོངས་པར་སྐུ་རུས་དེ་ཉིད་མི་ལོ་ན་ཇི་ཙམ་ལོན་པའི་སྐུ་དུས་ཡིན་མིན་བརྟག་ཞིབ་བྱ་རྒྱུའི་གོ་སྐབས་ཡོང་ངེས་ཡིན་ལ། དེ་ལྟའི་བརྟག་དཔྱད་ཞིབ་འཇུག་ཅིག་བྱེད་ཐུབ་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཞེས་པ་ལྟར་ཡོང་ངེས་ཡིན།
དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་དུས་ནམ་ཞིག་བྱོན་མིན་ཐད་ལོ་ངོ་ ༣༠༠༠ ཕྱིན་པ་དང་། ལ་ལས་ལོ་ངོ་ ༢༨༠༠ ཕྱིན་པ། ཡོངས་གྲགས་ལོ་ངོ་ ༢༥༠༠ ལྷག་ཙམ་ཕྱིན་པ་སོགས་འདོད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད། དེ་ཡང་སྟོན་པ་བཀའ་དྲིན་ཅན་གྱི་སྐུ་རུས་འཁྲུལ་མེད་དང་། སྐུ་གདུང་གི་རིང་སྲེལ་དེ་དག་ལ་གུས་ཞབས་ཆེ་ཞིང་། གཙང་སྦྲ་དོད་པོའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཐུབ་ན། སྐུ་རུས་དེ་ལོ་ངོ་ཇི་ཙམ་ཕྱིན་པའི་སྐུ་རུས་ཡིན་མིན་བརྟག་དཔྱད་བྱེད་ཐུབ་ན་ཤེས་རྟོགས་ཐུབ་པ་ཞིག་ཡོང་ངེས་ཡིན། ཞེས་ལམ་སྟོན་ཞིབ་གསལ་དུ་སྩལ་བ་ལྟར་རོ།། །།

(བསམ་ཡས་གཙུག་ལག་ཁང་དུ་བཞུགས་པའི་མཁན་ཆེན་ཞི་འཚོའི་དབུ་ཐོད།)
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༧
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༡
[3] མི་ཕམ་རྒྱ་མཚོའི་གསུང་འབུམ། ༼ཝཾ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥བ༣ ནས་ ༤༧ན༡ བར།
[4] མཁས་གྲུབ་རྗེའི་གསུང་འབུམ།༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༣༣
[5] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༣
[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༢༣
[7] ཡིག་ཆ་གཞན་དུ་པཎྜི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལོ་ཐེ་སི་ཞེས་བྱུང་བའང་ཡོད།
[8] བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༡༤
[9] ཐོ་གར་ནི་དེང་སྐབས་ཏུར་ཀི་ (Turkey) ཞེས་པའི་ཡུལ་དེ་ཡིན་པར་བཤད་དོ།།
[10] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༡༦༠
[11] ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ། ༼༦༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༥༨༧
[12] པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༠༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༡ ནས་ ༢༡༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།