ང༽ ཨཱརྱ་དེ་ཝ་འཁྲུངས་ཡུལ་སིངྒ་ལ་ངོ་སྤྲོད།
དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) མཆོག་གིས་མཛད་པའི་བསྟོད་ཚོགས་ལས[1]།
འཕགས་མཆོག་རྒྱལ་བའི་བསྟན་པ་གནས་བྱའི་ཕྱིར། །ལྷ་བུ་གཞོན་ནུའི་ཚུལ་དུ་སིང་ག་ལར། །
དྲི་མེད་འདབ་བརྒྱའི་ཚལ་དུ་སྐུ་འཁྲུངས་ཏེ། །འཇིག་རྟེན་རྒྱས་མཛད་གང་དེ་ལ་ཕྱག་འཚལ། །
ཞེས་གསུངས་པ་ལྟར། སློབ་དཔོན་འཕགས་པ་ལྷ་སྐུ་འཁྲུངས་པའི་ཡུལ་སིངྒ་ལ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། སིངྒྷའི་གླིང་། རྒྱ་གར་སྐད་དུ་ཤྲི་ལངྐ་ཟེར་བའི་སྒྲ་ཟུར་ཆག་པ་སྟེ་བོད་སྐད་དུ་སིངྐ་ལ་ཟེར་བའི་ཡུལ་དེ་ཡིན། འདིའི་ལོ་རྒྱུས་བོད་ཡིག་ཐོག་བྲིས་པའི་ནང་སྔར་ཡུལ་དེ་སྲིན་པོ་མི་ཤ་ཟ་བའི་རྒྱལ་ཁམས་ཡིན་པ་ལ། སྤྱན་རས་གཟིགས་ཀྱིས་དེ་འདུལ་བའི་ཆེད་དུ་ཚོང་དཔོན་ཆེན་པོ་སེངྒེ་བྱ་བར་སྐྱེ་བ་བཞེས་ནས་ཡུལ་དེའི་སྲིན་པོ་རྣམས་ཚར་བཅད་དེ་རིམ་གྱིས་མི་ཡུལ་གྱི་གྲོང་ཁྱེར་ཞིག་ཏུ་གྱུར་པ་དེ་ལ་རྗེས་དྲན་ཞུ་བའི་ཆེད་དུ་ཡུལ་གྱི་མིང་སིངྐ་ལ་ཞེས་འབོད་པ་ཡིན་ཟེར་སྲོལ་འདུག །ཅེས་གསུངས་པ་ལྟར། སིངྒ་ལ་ཞེས་པ་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ལས[3]། དེ་ཡང་མདོ་ལས་ཕྱི་མའི་དུས་ན་བསྟན་པ་ལྷོ་དང་བྱང་དུ་རྒྱས་པར་ལུང་བསྟན་པ་བཞིན། ལྷོ་ཕྱོགས་ཀྱི་རྒྱ་མཚོའི་མཐའ་ཐུག་པར་ཆགས་པའི་ནང་པའི་རྒྱལ་ཁམས་ཆེན་པོ་གསུམ་ལས། སིངྒ་ལ་ནི་ཡུལ་གཞན་གཉིས་སུ་ཡང་ཉན་ཐོས་ཀྱི་སྡེ་སྣོད་དར་བའི་རྩ་བའི་འབྱུང་ཁུངས་ཉིད་ཡིན། ཞེས་གསལ་བ་ལྟར་སློབ་དཔོན་འཕགས་པ་སྐུ་འཁྲུངས་པའི་ཡུལ་ནི་སིངྒ་ལ་ཡིན་ནོ།།
དེ་ཡང་སིངྒ་ལ་ནི་ལེགས་སྦྱར་སྐད་ཡིན་ལ། བོད་སྐད་དུ་བསྒྱུར་ན། སེངྒེ་འཛིན་ཞེས་བྱ་བ་སྟེ། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ལས[4]། དེ་ལ་གླིང་འདིའི་མིང་ཆེས་ཡོངས་སུ་གྲགས་པ་ནི། ལངྐ་བྱ་བ་ཡིན་ཅིང་། ཁོང་པ་རྣམས་ཀྱང་རང་ཡུལ་ལ་མིང་དེ་ག་དང་། རྒྱ་གར་ལ་འཛམ་བུ་གླིང་ཞེས་འབོད། དེའི་འོག་ན་གྲགས་ཆེ་བའི་མིང་ནི་སིངྒྷ་ལ་སྟེ་ཡི་གེ་མཚམས་སྦྱར་བ་དང་། སིཾཧལ་སྟེ་མཚམས་སྦྱོར་མེད་པ་འདི་ཡང་ཀུན་གྱིས་འབོད་པའི་མིང་ཡིན་ཅིང་། དོན་ནི་སེངྒེ་འཛིན་བྱ་བར་འགྱུར། མིང་གཞན་ཡང་ཙམརདཱིཔ་བྱ་བ་སྟེ། ཁོང་ཅག་གི་རྒྱལ་རབས་ན་ཡང་མིང་དེ་གསལ་ཞིང་། རང་ཅག་གི་གཞུང་མང་པོར་ཡང་སིངྒ་ལ་དང་དེ་གཉིས་དོན་གཅིག་ཏུ་གསུངས། དེ་བཞིན་ཏཱམྲདྭིཔ་སྟེ་ཟངས་གླིང་ཡང་འདི་ལ་ཟེར་བ། རང་རེའི་འདུལ་བའི་དཔེ་མེད་པའི་བྱུང་བའི་སྐབས་ན་ཡང་གསལ་ལ། ཁོང་དག་ལ་ཡང་རྒྱུས་འདུག །རྒྱ་གར་ནུབ་ཀྱི་ཀླ་ཀློ་རྣམས་ནི་གླིང་འདི་ལ་སོརྞདཱི་པ་སྟེ་གསེར་གླིང་དུ་འབོད་ཅིང་གནས་ཆེན་དུ་བརྩི། ལངྒའི་གསེར་བྱ་བ་རྒྱ་གར་གྱི་གཏམ་རྒྱུད་རྣམས་ན་ཡང་ཤིན་ཏུ་མང་། ཞེས་གསལ་བ་ལྟར། སིངྒ་ལ། སིཾཧལ། ལངྐ་། ཤྲཱི་ལངྐ་། ཟངས་གླིང་། ཙམར་དྭཱི་པ། ཏཱམྲདྭི་པ་ཞེས་བྱ་བ་རྣམས་མིང་གི་རྣམ་གྲངས་ཡིན་ལ། བཅོམ་ལྡན་འདས་ཀྱིས་སྔོན་བདུད་འབུམ་གཅིག་བཏུལ་བ་དང་། ལངྐར་གཤེགས་པའི་མདོ་བྱ་བའི་ལངྐ་ཡང་འདི་རང་ཡིན། དེ་སྲིན་པོ་ལངྐ་མགྲིན་བཅུའི་ཡུལ་ཡིན་པ་ནི་རླུང་ལྟར་གྲགས་པའོ།།
དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་ལས[5]།
སིང་ག་ལར་འཁྲུངས་འཕགས་པས་རྗེས་སུ་བཟུང་། །གྲུབ་པ་མཆོག་བརྙེས་ལུང་དང་རིགས་པ་ཡིས། །
ལོག་སྨྲ་ཚར་གཅོད་ཡང་དག་ལམ་བསྟན་པ། །ཨཱརྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །
ཞེས་སློབ་དཔོན་ཨཱརྱ་དེ་ཝ་སིངྒ་ལར་འཁྲུངས་པར་གསུངས་པ་ལྟར་སིངྒ་ལ་ངོས་འཛིན་ཚུལ་དང་། མིང་གི་རྣམ་གྲངས་ཀྱི་སྐོར་ནི། བུ་སྟོན་རིན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[6]ཀྱང་། གཞན་ཡང་། རྒྱ་གར་དང་། ཁ་ཆེ་དང་། བལ་ཡུལ་དང་། ལི་དང་། རྒྱ་ནག་དང་། རྒྱ་ནག་ཆེན་པོ་དང་། པར་སིག་དང་། ཙམ་པ་ཀ་དང་། སྤྲེའུ་དང་། གསེར་མིག་དང་། རུག་མ་དང་། རམ་མ་དང་། ཟངས་གླིང་དང་། སིཾ་ག་ལའི་གླིང་དང་། པྲི་ཡང་ཀུའི་གླིང་དང་། ཡ་མུ་ནའི་གླིང་དང་། གསེར་གླིང་དང་། ཟླ་བའི་གླིང་དང་། མ་ཁ་དང་། ཁ་ཤ་དང་། གྱི་ལྗང་དང་། ཞང་ཞུང་དང་། བྲུ་ཤ་དང་། འ་ཞ་དང་། སུམ་པ་དང་། ཟ་ཧོར་དང་། མི་ཉག་དང་། འཇང་ཡུལ་དང་། ཡོ་གུར་དང་། ཐོ་གར་དང་། ཨུ་རྒྱན་དང་། འགྲོ་ལྡིང་བའི་ཡུལ་དང་། ལོང་བའི་ཡུལ་དང་། ཙོ་ལ་དང་། ཀ་ལིང་ག་ལ་སོགས་པའི་ཡུལ་ཆེན་པོ་རྣམས་དང་། བོད་ཡུལ་རྣམས་ན་བསྟན་པ་དར་བ་དང་ནུབ་པ་དང་མགོ་ཟུག་པའི་ཚུལ་གྱིས། ཐེག་པ་གསུམ་ཚང་བ་དང་མ་ཚང་བ་ཅི་རིགས་སུ་གནས་སོ། །ཞེས་ཟངས་གླིང་དང་། སིཾ་ག་ལའི་གླིང་། གསེར་གླིང་བཅས་སོ་སོར་བྱུང་ངོ་།།
དེ་བཞིན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས་[7]ཀྱང་། གཉིས་པ་ཡུལ་གྲུ་གཞན་འགའ་ཞིག་ཏུ་གྲུབ་མཐའ་བྱུང་ཚུལ་ནི། དེ་ཡང་ཁ་ཆེ་དང༌། བལ་ཡུལ་དང༌། པར་སིག་དང༌། ཙམ་པ་ཀ་དང༌། སྤྲེའུ་དང༌། གསེར་མིག་དང༌། རྒྱུག་མ་དང༌། རམ་མ་དང༌། ཟངས་གླིང་དང༌། སིངྒ་ལའི་གླིང་དང༌། པྲི་ཡང་ཀུའི་གླིང་དང༌། ཡ་མུ་ནའི་གླིང་དང༌། གསེར་གླིང་དང༌། ཟླ་བའི་གླིང་དང༌། མ་ཁ་དང༌། ཁ་ཤ་དང༌། གྱི་ལྗང་དང༌། ཞང་ཞུང་དང༌། བྲུ་ཤ་དང༌། འ་ཤ་དང༌། སུམ་པ་དང༌། ཟ་ཧོར་དང༌། མི་ཉག་དང༌། འཇང་ཡུལ་དང༌། ཡུ་གུར་དང༌། ཐོ་གར་དང༌། ཨོ་རྒྱན་དང༌། འགྲོ་ལྡིང་པའི་ཡུལ་དང༌། ལོང་བའི་ཡུལ་དང༌། ཙོ་ལ་དང༌། ཀ་ལིང་ཀ་ལ་སོགས་པའི་ཡུལ་ཆེ་ཆུང་མང་པོ་ན་སངས་རྒྱས་ཀྱི་ཆོས་ཐེག་པ་གསུམ་ཚང་བ་དང༌། མ་ཚང་བ་ཅི་རིགས་དང༌། ཡུལ་དེའི་འགྲོ་བ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་གདུལ་བྱ་ཁོ་ནའི་སྤྱོད་ཡུལ་ཅི་རིགས་པའི་ཚུལ་གྱིས་དར་བ་དང་ནུབ་པ་སྣ་ཚོགས་ཡོད་པར་བཤད་ལ། དེ་དག་ཏུ་ལྟ་བ་ངན་པའི་རིགས་ཀྱང་དུ་མ་ཡོད་ངེས་པས། དེ་རྣམས་མཐའ་དག་པ་ནི་བརྗོད་ཀྱིས་མི་ལངས་སོ། །ཞེས་གསལ་བ་ལྟར་ཟངས་གླིང་དང་། སིངྒ་ལའི་གླིང་། གསེར་གླིང་བཅས་ཡུལ་གྲུ་ཐ་དད་ཡིན་པར་གསལ་ལོ།།

གཞན་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་སིངྒ་ལའི་ལོ་རྒྱུས་ལས[8]། གསེར་གླིང་ནི་བྷར་མའི་ལྷོ་མཐའ་དང་དགེ་བའི་གླིང་ཕྲན་སུམཏུརདུ་ཟུར་ཆག་སྟེ་འབོད་པའི་གླིང་འདི་ཡིན་པར་ཐེ་ཚོམ་མེད་མོད། འོན་ཀྱང་ཇོ་བོ་བྱོན་པའི་གསེར་གླིང་དེ་འདི་ཡིན་པ་ཡང་སྲིད་སྙམ་སྟེ། སིངྒ་ལ་ན་ད་ལྟ་བཞུགས་པའི་མ་ག་དྷའི་སྐད་ཀྱི་བརྡ་སྤྲོད་པ་ཞིག་དང་། རཱུཔསིངྒྷ་གཟུགས་གྲུབ་བྱ་བའི་བསྟན་བཅོས་གཉིས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་བྱ་བ་དུས་ཚོད་ཀྱང་ཇོ་བོ་རང་ལ་བསྒྲིགས་བཏུབ་པ་ཞིག་མཆིས་པར་རྒྱ་གར་དུ་འགྲོ་ཕན་མཛད་པ་དང་། ནཱ་ལེནྡྲའི་སྟོབས་ཀྱི་ཉི་མའི་གཙུག་ལག་ཁང་གི་བདག་པོ་ཡིན་ཚུལ་སོགས་བཤད། དགེ་སློང་མཁས་པ་འགའ་རེས་ཀྱང་ཁྱེད་ཀྱི་ཇོ་བོ་དེ་འདི་རང་ཡིན་པར་འདུག་ཟེར་གྱིན་གདའ། འོ་ན་དེ་བདེན་ཚེ་ཆོས་ཀྱི་གྲགས་པ་བྱ་བའི་གནས་བརྟན་ཞིག་གིས་མཛད་པའི་གཞུང་འགའ་ཡང་སྣང་བས། དེ་ཡང་བླ་མ་གསེར་གླིང་པ་ཡིན་ཨེ་སྲིད་སྙམ། འགའ་ཞིག་གིས་འདིའི་མར་མེ་མཛད་དེ་ཙོ་ལའི་ཡུལ་དུ་འཁྲུངས་པའི་མར་མེ་མཛད་སངས་རྒྱས་ཞབས་བྱ་བ་དེ་ཡིན་ཟེར། ཞེས་གསལ་ལོ།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[9]། རྒྱ་གར་ལྷོ་ཕྱོགས་ར་མེ་ཤྭ་ར་ནས་མཚོ་ཐོག་ཏུ་ཅུང་ཟད་སོང་ན་སིངྐ་ལའི་གླིང་དུ་སླེབས་ཤིང་། ཡུལ་དེར་བྱེ་བྲག་སྨྲ་བའི་རྩ་བའི་སྡེ་པ་གནས་བརྟན་སྡེ་པ་ལས་གྱེས་པའི་དགེ་འདུན་གྲངས་མེད་པ་བཞུགས་པ་དང་། སྡེ་པ་བཅོ་བརྒྱད་ཀྱི་ནང་ཚན་འཇིགས་མེད་རི་དང་། རྒྱལ་བྱེད་ཚལ། གཙུག་ལག་ཁང་ཆེན་པོ་ལ་གནས་པ་གསུམ་ཀའི་རྩ་བའི་གནས་གཞི་ཡང་གླིང་དེར་ཡོད། སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་གྱི་དུས་རྒྱལ་པོ་མྱ་ངན་མེད་ཀྱི་སྲས་གནས་བརྟན་དབང་ཆེན་སྡེ་དང་། དེའི་སྲིང་མོ་འཕགས་མ་དགེ་འདུན་རྩ་ལག་མ་གཉིས་ཀྱིས་གནས་འདིར་སངས་རྒྱས་ཀྱི་ཆོས་ལུགས་ཐོག་མར་སྤེལ། དེ་ནས་བཟུང་ལོ་ཉིས་སྟོང་ལྷག་ཙམ་གྱི་རིང་ལ་སངས་རྒྱས་ཆོས་ལུགས་མ་ཉམས་པར་གནས་པས་ནང་པ་སངས་རྒྱས་པའི་ཆོས་མ་ཉམས་པར་གནས་པའི་ཡུལ་ཀུན་གྱི་ནང་ནས་རྒན་ཤོས་ལྟ་བུ་ཡིན། གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་ཀྱི་བཀའ་དང་། དེའི་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་ཡོད། ཡུལ་དེའི་རྟེན་གྱི་གཙོ་བོ་ནི་ཀན་དྷི་ན་ཀ་ལིངྐའི་རྒྱལ་པོའི་གདུང་སྐལ་སངས་རྒྱས་ཀྱི་ཚེམས་མཆེ་བ་དང་། ཨ་ནུ་ར་བྷ་ར་ན་རྒྱལ་པོ་མྱ་ངན་མེད་ཀྱིས་སྐྱེས་སུ་བསྐུར་བའི་བྱང་ཆུབ་ཀྱི་ཤིང་། རི་བོ་ཤྲི་པ་དཱའི་རྩེར་སངས་རྒྱས་ཀྱི་ཞབས་རྗེས་བཅས་ཡོད་ཅིང་། ལོ་རེ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་མོ་སངས་རྒྱས་ལ་རྗེས་དྲན་ཞུ་བའི་དུས་སྟོན་ཆེན་པོ་བྱེད་ཀྱི་ཡོད་པ་སོགས་གསུངས་འདུག །ཞིབ་པར་ཁོང་གིས་མཛད་པའི་སིངྐ་ལའི་གནས་ཡིག་ཅེས་པའི་དཔེ་དེབ་ཅིག་ང་རང་ལོ་ན་ཆུང་དུས་སུ་མཐོང་མྱོང་བ་དེ་ཡི་ནང་སྐབས་དེར་དངོས་སུ་གཟིགས་པའི་གནས་ཚུལ་མང་པོ་ཞིག་གསལ་པོར་གསུངས་འདུག་པས་རྗེས་སུ་འཚོལ་དགོས། ཞེས་གསུངས་པ་ལྟར་རོ།།
མདོར་ན། བཀའ་གདམས་ཆོས་འབྱུང་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱ་གར་ཆོས་འབྱུང་། བུ་སྟོན་ཆོས་འབྱུང་། ཆོས་འབྱུང་ཀུན་གསལ་མེ་ལོང་། ཞོལ་བཀའ་འགྱུར་དཀར་ཆག །སློབ་དཔོན་ཨཱརྱ་དེ་ཝའི་བསྟོད་པ་སོགས་ཆོས་འབྱུང་གི་དེབ་ཐེར་དུ་མའི་བཞེད་པར་སློབ་དཔོན་འདི་ཉིད་སིངྒ་ལའི་གླིང་གི་རྒྱལ་པོའི་སྐྱེད་ཚལ་ནང་གི་མེ་ཏོག་པདྨ་ལས་བརྫུས་ཏེ་འཁྲུངས་པར་གསུངས་ལ། ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[10]། སློབ་དཔོན་འཕགས་པ་ལྷ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པས་དུས་ཚོད་ཀྱང་ཚོད་དཔག་ཐུབ་ལ། འཁྲུངས་ཡུལ་ནི་ལྷོ་ཕྱོགས་སིཧལཱའི་གླིང་ནས་ཡིན་པར་གྲགས་ཤིང་། གལ་ཏེ་སིཧལཱ་ནས་མ་ཡིན་པའི་དབང་དུ་བཏང་ཡང་རྒྱ་གར་ལྷོ་ཕྱོགས་ནས་ཡིན་པར་ཐེ་ཚོམ་མེད་པ་ཡིན། ཞེས་ཀྱང་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།
[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༤༠
[3] གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༣
[4] གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༥
[5] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡ན༢ ནས་ ༣༡བ༦ བར།
[6] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༧༢
[7] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༤༧
[8] གཏམ་རྒྱུད་གསེར་ཐང་། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༥
[9] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༤༠
[10] རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧ ནས་ ༢༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།