ང༽ པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ཀྱི་ཞལ་གྲངས།

ང༽ པཎ་གྲུབ་བཅུ་བདུན་གྱི་བསྟན་བཅོས་ཀྱི་ཞལ་གྲངས།

 

དང་པོ། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག

མགོན་པོ་ཀླུ་སྒྲུབ་ཀྱི་མཛད་བྱང་གསལ་བའི་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༥༣ དང་། ལེགས་སྦྱར་དང་རྒྱའི་སྐད་ནས་གསར་དུ་བསྒྱུར་བའི་བསྟན་བཅོས་གྲངས་ ༢། ལེགས་སྦྱར་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་གྲངས་ ༩ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་གྲངས་ ༢༣ བཅས་ཡོད། དེ་མིན་བསྟན་བཅོས་སྣ་ཚོགས་ཀྱི་མ་ཡིག་རྙེད་སོན་མ་བྱུང་བའི་གྲངས་ ༦༠ དང་།

གསོ་རིག་གི་བསྟན་བཅོས་མ་རྙེད་པའི་གྲངས་ ༣༡ བཅས་ཁྱོན་ ༩༡ གྱི་མ་ཡིག་མ་རྙེད། འོན་ཀྱང་བསྟན་འགྱུར་དུ་མ་འཁོད་པའི་གསོ་རིག་གི་བསྟན་བཅོས་རིགས་རྙེད་སོན་བྱུང་བ་གྲངས་ ༡༣ དང་། བསྟན་བཅོས་སྣ་ཚོགས་ཀྱི་མ་ཡིག་རྙེད་སོན་བྱུང་བ་གྲངས་ ༢༥ བཅས་དང་།
དེ་མིན་རོ་སྒྲུང་རྒྱས་འབྲིང་བསྡུས་ཀྱི་རིགས་ ༥ བཅས་གོང་གསལ་རོ་སྒྲུང་མ་བརྩིས་པའི་བསྟན་བཅོས་གྲངས་ ༣༢༡ ལྗགས་རྩོམ་མཛད་པ་ལས། ལེགས་སྦྱར་དང་རྒྱའི་སྐད་ནས་བོད་སྐད་དུ་མ་བསྒྱུར་བའི་བསྟན་བཅོས་ ༣༢ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༩༡ ཡོད་པ་ལས་དེ་འཕྲོས་བསྟན་བཅོས་གྲངས་ ༡༩༨ ཡོད་པ་ད་ལན་གསུང་འབུམ་གྱི་ཁྲོད་དུ་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

གཉིས་པ། རྒྱལ་སྲས་འཕགས་པ་ལྷའི་གསུང་གི་དཀར་ཆག

སློབ་དཔོན་ཨཱརྱ་དེ་ཝས་མཛད་པའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་ ༣༣ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་གྲངས་ ༥ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༡༠ བཅས་ཁྱོན་བསྟན་བཅོས་ ༤༨ ལྗགས་རྩོམ་མཛད་པ་ལས་ད་ལན་འདིར་བོད་ཡིག་ཐོག་བསྟན་བཅོས་ཁག་ ༣༣ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

གསུམ་པ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་གསུང་གི་དཀར་ཆག

སློབ་དཔོན་སངས་རྒྱས་བསྐྱངས་ཞབས་ཀྱིས་མཛད་པའི་བསྟན་བཅོས་མང་དུ་ཡོད་པར་གྲགས་ཀྱང་། བོད་འགྱུར་མ་ཡིག་རྙེད་སོན་བྱུང་བ་ནི། བུདྡྷཿཔཱ་ལི་ཏ་ཁོ་ན་ཡིན་པས། འདི་ཉིད་ད་ལན་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བཞི་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་དཀར་ཆག

སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་བསྟན་འགྱུར་ནང་བཞུགས་པའི་བསྟན་བཅོས་གྲངས་ ༩ དང་། བསྟན་བཅོས་མ་རྙེད་པ་གྲངས་ ༡ བཅས་བསྟན་བཅོས་གྲངས་ ༡༠ མཛད་པར་གསལ་བ་ལས། ད་ལན་འདིར་བོད་འགྱུར་བསྟན་བཅོས་ ༩ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

ལྔ་པ། དཔལ་ལྡན་ཟླ་བ་གྲགས་པའི་གསུང་གི་དཀར་ཆག

དཔལ་ལྡན་ཟླ་བ་གྲགས་པའི་གསུང་བསྟན་འགྱུར་ནང་བཞུགས་པའི་བསྟན་བཅོས་གྲངས་ ༡༨ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢ བཅས་བསྟན་བཅོས་གྲངས་ ༢༠ ལྗགས་རྩོམ་མཛད་པ་ལས། ད་ལན་འདིར་བོད་འགྱུར་བསྟན་བཅོས་གྲངས་ ༡༨ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

དྲུག་པ། རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག

རྒྱལ་སྲས་ཞི་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༣ དང་། ལེགས་སྦྱར་ནས་བོད་བསྒྱུར་མ་ཞུས་པ་གྲངས་ ༡ བཅས་བསྟན་བཅོས་ ༡༤ ལྗགས་རྩོམ་མཛད་པ་ལས་འདིར་བོད་འགྱུར་བསྟན་བཅོས་གྲངས་ ༡༣ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བདུན་པ། མཁན་ཆེན་ཞི་བ་འཚོའི་གསུང་གི་དཀར་ཆག

མདོར་ན། མཁན་ཆེན་ཞི་བ་འཚོའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢༠ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༡ བཅས་བསྟན་བཅོས་ ༢༡ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢༠ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བརྒྱད་པ། སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་དཀར་ཆག

སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་ ༢༠ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༣ བཅས་བསྟན་བཅོས་ ༢༣ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་མ་ཡིག་བཞུགས་པའི་བསྟན་བཅོས་གྲངས་ ༢༠ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

དགུ་པ། སློབ་དཔོན་ཐོགས་མེད་ཀྱི་གསུང་གི་དཀར་ཆག

འཕགས་པ་ཐོགས་མེད་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༧ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༣ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་ཁག་ ༡༢ ཡོད་པ་བཅས་བསྟན་བཅོས་ ༣༢ མཛད་པ་ལས་འདིར་བོད་འགྱུར་བཞུགས་པའི་བསྟན་བཅོས་ ༡༧ ཕྱོགས་བསྒྲིགས་ཞུས་པའོ།།  །།

 

བཅུ་པ། སློབ་དཔོན་དབྱིག་གཉེན་གྱི་གསུང་གི་དཀར་ཆག

སློབ་དཔོན་དབྱིག་གཉེན་གྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༣༩ དང་། གསུང་བཟང་གི་མ་ཡིག་མ་རྙེད་པ་གྲངས་ ༡༡ དང་། རྒྱའི་སྐད་ནས་བོད་སྐད་དུ་བསྒྱུར་རྒྱུའི་བསྟན་བཅོས་གྲངས་ ༡༨ བཅས་བསྟན་བཅོས་ ༦༨ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༣༩ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བཅུ་གཅིག སློབ་དཔོན་ཕྱོགས་གླང་གི་གསུང་གི་དཀར་ཆག

སློབ་དཔོན་ཕྱོགས་གླང་གི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༩ དང་། རྒྱའི་སྐད་ལས་བོད་བསྒྱུར་ཞུ་བསྡད་བསྟན་བཅོས་གྲངས་ ༣ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༧ བཅས་བསྟན་བཅོས་ ༢༩ ལྗགས་རྩོམ་མཛད་ལས། འདིར་བོད་འགྱུར་བསྟན་བཅོས་གྲངས་ ༡༩ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

བཅུ་གཉིས། དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་དཀར་ཆག

དཔལ་ལྡན་ཆོས་གྲགས་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༡༥ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་གྲངས་ ༣ ལེགས་སྦྱར་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་ ༡ བཅས་དང་། གཞན་ཡང་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པའི་བསྟན་བཅོས་གྲངས་ ༢ བཅས་རིགས་པའི་དབང་ཕྱུག་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་བསྟན་བཅོས་གྲངས་ ༢༡ ཡོད་པ་ལས། འདིར་མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་གྲངས་ ༡༥ ཕྱོགས་བསྒྲིགས་ཞུས་ཡོད་པ་བཅས་སོ།།  །།

 

བཅུ་གསུམ། འཕགས་པ་གྲོལ་སྡེའི་གསུང་གི་དཀར་ཆག

འཕགས་པ་གྲོལ་སྡེས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཉི་ཁྲི་སྣང་བ་འདི་ཉིད་ཁོ་ནའོ།།  །།

 

བཅུ་བཞི། སློབ་དཔོན་སེངྒེ་བཟང་པོའི་གསུང་གི་དཀར་ཆག

སློབ་དཔོན་སེངྒེ་བཟང་པོའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༥ དང་། བསྟན་བཅོས་ཀྱི་མ་ཡིག་རྙེད་སོན་མ་བྱུང་བ་གྲངས་ ༢ བཅས་སློབ་དཔོན་སེངྒེ་བཟང་པོས་བསྟན་བཅོས་ ༧ ལྗགས་རྩོམ་མཛད་པ་ལས། འདིར་བསྟན་བཅོས་བོད་གྱུར་གྲངས་ ༥ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བཅོ་ལྔ། སློབ་དཔོན་ཡོན་ཏན་འོད་ཀྱི་གསུང་གི་དཀར་ཆག

སློབ་དཔོན་ཡོ་ཏན་འོད་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༧ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢ བཅས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་བསྟན་བཅོས་གྲངས་ ༩ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་བསྟན་བཅོས་གྲངས་ ༧ བཞུགས་པ་རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བཅུ་དྲུག །སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་གི་དཀར་ཆག

སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢ བོད་འགྱུར་བཞུགས་པ་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།།  །།

 

བཅུ་བདུན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་གི་དཀར་ཆག

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་མཛད་བྱང་གསལ་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་  ༡༠༧ དང་། མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་ ༢༩ དང་། མར་མེ་མཛད་ཀྱི་མཛད་བྱང་གསལ་བའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢༣ བཅས་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ཁྱོན་བསྡོམས་ ༡༥༩ ཡོད།

དེ་ལྟར་བསྟན་འགྱུར་གྱི་དཔར་མ་བཞི་པོ་གང་རུང་དུ་མ་བཞུགས་ཀྱང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་ལས་བྱུང་བ་བསྟོད་ཚོགས་དང་། མདོ་ཕྱོགས་ལྟ་བ་གཙོ་བོར་སྟོན་པ། མདོ་ཕྱོགས་སྤྱོད་པ་གཙོ་བོར་སྟོན་པ། མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་གྱི་སྐོར། གསང་སྔགས་ལམ་རིམ་གྱི་སྐོར་དང་། སྒྲུབ་ཐབས། ཆོ་ག་བཅས་སུ་བསྟན་བཅོས་གྲངས་ ༨༦ དང་། གཞན་ཡང་བསྟན་འགྱུར་དུ་མ་འཁོད་ཅིང་བློ་སྦྱོང་བརྒྱ་རྩར་གསལ་བའི་ཇོ་བོའི་གསུང་ཚན་ ༨ དང་། ཇོ་བོའི་གསུང་ཐོར་བུ་སྣ་ཚོགས་པའི་བསྟན་བཅོས་གྲངས་ ༡༢ དང་། གཞན་ཡང་བཀའ་གདམས་ཕ་ཆོས་ཀྱི་ཁོངས་སུ་ཇོ་བོ་རྗེས་མཛད་པའི་བསྟན་བཅོས་གྲངས་ ༣ དང་། བུ་ཆོས་ལ་ལེའུ་ ༤༩ ཡོད་པ་རྣམས་ཆོས་ཚན་གཅིག་ཏུ་བརྩིས་ཀྱང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྗགས་རྩོམ་མཛད་པའི་བསྟན་བཅོས་གྲངས་ ༢༦༩ ཡོད། འདི་དག་ནི་མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་རྣམས་ཡིན་ནོ།།

དེ་མིན་ཇོ་བོ་རྗེའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པའི་རིགས་ལ། ཀ༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་སོགས་སུ་ཇོ་བོ་རྗེའི་མཛད་བྱང་གསལ་བའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༡༠ དང་། ཁ༽ ཇོ་བོ་རྗེའི་རྣམ་ཐར་ལས་བྱུང་བའི་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢༤ ཡོད་ལ། ག༽ བཀའ་གདམས་ཆོས་འབྱུང་དུ་གསལ་བའི་བསྟན་བཅོས་མ་རྙེད་པ་གྲངས་ ༣༩ དང་། ང༽ གསུང་འབུམ་གཞན་དག་ལས་བྱུང་བའི་བསྟན་བཅོས་མ་རྙེད་པ་གྲངས་ ༨ བཅས་གོང་གསལ་ཁག་བཞི་ནང་བསྟན་བཅོས་མ་རྙེད་པ་གྲངས་ ༨༡ ཡོད།

མདོར་ན་ཇོ་བོས་བསྟན་བཅོས་གྲངས་ ༣༥༠ ལྗགས་རྩོམ་མཛད་པ་ལས། བསྟན་འགྱུར་དུ་གསལ་མིན་གཉིས་ཀྱི་བོད་འགྱུར་མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་གྲངས་ ༢༦༩ བཞུགས་པ་རྣམས་ད་ལན་ཞལ་སྐོང་ཕྱོགས་བསྒྲིགས་ཞུས་ཡོད་ལ། འདིའི་ཁོངས་སུ་མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་རྣམས་ཇོ་བོའི་གསུང་ལ་ངོས་འཛིན་གྱིས་ཕྱོགས་བསྒྲིགས་ཞུས་ཡོད། འོན་ཀྱང་མར་མེ་མཛད་དང་། མར་མེ་མཛད་བཟང་པོ། མར་མེ་མཛད་ཡེ་ཤེས་བཅས་ཀྱི་བར་ལ་ངོས་འཛིན་རྣམ་དབྱེ་འབྱེད་རྒྱུ་ཤིན་ཏུ་དཀའ་ཞིང་། དཔྱད་པ་ཞིབ་ཕྲ་ཇོ་བོའི་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པར་གཟིགས་པར་འཚལ་ལ། ད་དུང་མ་འོངས་པར་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

མདོར་ན། པཎ་གྲུབ་བཅུ་བདུན་གྱི་གསུང་བསྟན་འགྱུར་དུ་བཞུགས་པ་གྲངས་ ༥༣༡ དང་། ལེགས་སྦྱར་དང་རྒྱའི་སྐད་ནས་བོད་སྐད་ཐོག་གསར་དུ་བསྒྱུར་བའི་བསྟན་བཅོས་ ༢ དང་། ལེགས་སྦྱར་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་གྲངས་ ༡༡ དང་། རྒྱའི་སྐད་ནས་བོད་བསྒྱུར་ཞུ་རྒྱུའི་བསྟན་བཅོས་གྲངས་ ༦༤ དེ་མིན་བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༢༡༦ བསྟན་འགྱུར་དུ་མི་གསལ་ཡང་བསྟན་བཅོས་ཀྱི་མ་ཡིག་གསར་དུ་རྙེད་པ་གྲངས་ ༡༤༨ བཅས། དེ་ལྟར་པཎ་གྲུབ་བཅུ་བདུན་གྱིས་ལྗགས་རྩོམ་མཛད་པའི་བསྟན་བཅོས་ཁྱོན་བསྡོམས་ ༩༧༧ ཡོད་པ་ནས། བོད་བསྒྱུར་ཞུ་རྒྱུ་དང་། མ་ཡིག་མ་རྙེད་པ་གཉིས་ཕུད་དེ་འཕྲོས་བསྟན་འགྱུར་དུ་བཞུགས་མིན་ཇི་ལྟར་ཡང་། མ་ཡིག་རྙེད་སོན་བྱུང་བའི་བསྟན་བཅོས་གྲངས་ ༦༨༦ བཞུགས་པ་རྣམས་པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་ནང་ཕྱོགས་བསྒྲིགས་ཞུས་ཡོད།

དེ་དག་ལས་མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་བཅོས་རྒྱའི་སྐད་ནས་བོད་སྐད་དུ་གསར་དུ་སྒྲ་སྒྱུར་གནང་བ་ ༡ དང་། དབྱིག་གཉེན་གྱི་བསྟན་བཅོས་རྒྱའི་སྐད་ནས་བོད་བསྒྱུར་གནང་བ་ ༢ དང་། ལི་ཡུལ་གྱི་སྐད་ནས་བོད་བསྒྱུར་གནང་བ་ ༡ དེ་བཞིན་ཕྱོགས་གླང་གི་བསྟན་བཅོས་རྒྱའི་སྐད་ནས་བོད་བསྒྱུར་མཛད་པ་ ༡ བཅས། མདོར་ན་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་བསྟན་བཅོས་རྒྱའི་སྐད་ནས་བོད་བསྒྱུར་མཛད་པ་ ༤ དང་། ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བསྟན་བཅོས་ ༡ བཅས་ལས། དེ་འཕྲོས་བསྟན་བཅོས་གྲངས་ ༦༨༡ རྣམས་ནི་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་ཤ་སྟག་གོ།  །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༣ ནས་ ༣༢༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *