ག༽ སློབ་དཔོན་སེངྒེ་བཟང་པོའི་གསུང་བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།

ག༽ བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།

 

༡༽ སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་ནི། དང་པོ། རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་སྟེ། རྒྱ་གར་གྱི་པཎྜི་ཏ་ཞི་བ་བཟང་པོ་དང༌། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། པཎྜི་ཏ་ཆེན་པོ་གཞུང་འབུམ་ཕྲག་གཉིས་ཀྱིས་མགྲིན་པ་བརྒྱན་པ་དྷི་ར་པཱ་ལ། རྒྱ་གར་གྱི་མཁན་པོ་བིདྱཱི་ཀ་ར་པྲ་བྷཱ་བཅས་དང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་ལ་འགྱུར་སྔ་འགྱུར་དང་ཕྱི་འགྱུར་ཏེ་འགྱུར་སྔ་ཕྱི་གཉིས་བྱུང་བ་ལས། ཕྱི་འགྱུར་སྐབས་རྒྱ་གར་གྱི་པཎྜི་ཏ་དཔལ་གོ་མི་འཆི་མེད་ལ་སོགས་པ་ཞེས་བྱུང་བས་སོགས་སྒྲའི་ནང་དུ་པཎྜི་ཏ་གང་དག་ཡོད་མེད་མ་ཤེས་པས་འགོད་ཐབས་མ་གྱུར་པ་ལས། དེ་མིན་མཚན་དངོས་སུ་གསལ་བ་གོང་གསལ་མཁན་པོ་དང་པཎྜི་ཏའི་མཚན་ཅན་ཞལ་གྲངས་ ༦ དང་།

གཉིས་པ། བལ་ཡུལ་གྱི་པཎྜི་ཏ་ཛེ་ཏ་ཧང་དུ་ཤཱནྟི་བྷ་དྲ་དང༌། བལ་པོའི་པཎྜི་ཏ་དཔལ་ས་དབང་བཟང་པོའི་ཞལ་སྔ་ནས་ ༢། གསུམ་པ། བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དང་། ལོ་ཙཱ་བ་དགེ་སློང་ཤོང་སྟོན་བློ་གྲོས་བརྟན་པ། བོད་ཀྱི་ལོ་ཙཱ་བ་འབྲོ་སེང་དཀར་ཤཱཀྱ་འོད། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོ། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་བཅས་ཞལ་གྲངས་ ༦ བཅས་རྒྱ་བལ་བོད་གསུམ་གྱི་མཁན་པོ་དང་། པཎྜི་ཏ། ལོ་ཙཱ་བ་བཅས་ཞལ་གྲངས་ ༡༤ ཡིས་སློབ་དཔོན་སེངྒེ་བཟང་པོའི་གསུང་ཤེར་ཕྱིན་དང་། སྒྲ་མདོ་བཅས་སྡེ་ཚན་གཉིས་ཀྱི་ནང་དུ་ཆོས་ཚན་ཁག་ ༥ བཞུགས་པ་རྣམས་ལེགས་སྦྱར་གྱི་སྐད་ཤ་སྟག་ལས་བོད་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པའོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༩ ནས་ ༤༧༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *