༡༽ ཇོ་བོ་རྗེ་སྐུ་གཤེགས་དུས་ལ་དཔྱད་པ།

༡༽ ཇོ་བོ་རྗེ་སྐུ་གཤེགས་དུས་ལ་དཔྱད་པ།

 

དེ་ཡང་ཇོ་བོའི་གཤེགས་ཚེས་ཀྱི་བཞེད་པ་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[1]། ཤིང་རྟ། (1054) ཇོ་བོ་རྗེ་མྱ་ངན་ལས་འདས། (ལས་ཆེན་ཆོས་འབྱུང་དུ་དབྱུག་ཟླའི་ (9) ཚེས་བཅོ་བརྒྱད་དང་། དེབ་སྔོན་དུ་སྟོན་འབྲིང་ (8) ཚེས་ཉི་ཤུ་ཉིན་འདས་ཟེར།) ཞེས་དང་། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[2]།

དོན་གསུམ་བཞེས་པ་རྒྱལ་བའི་ལོ་ཞེས་པ་ཤིང་ཕོ་རྟའི་དབྱུ་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་གཤེགས། དེ་ནས་ད་ལོའི་ས་མོ་གླང་འདི་ཡན་ལ་ལོ་བཞི་བརྒྱ་དང་དོན་ལྔ་སོང་། དེ་དག་ནི་གླེགས་བམ་རིན་པོ་ཆེ་དང་། ལམ་ཡིག་གསང་འཁོར་མ་དང་། ཞང་ཤ་ར་བའི་ལམ་རིམ་བརྗེད་བྱང་མ་རྣམས་ཀྱི་དགོངས་པ་ཡིན་ཅིང་། དུས་འཁོར་ཊཱིཀ་ཆེན་དུ་ཇོ་བོས་ལྕགས་མོ་ཡོས་ལ་བོད་དུ་བསྟན་རྩིས་མཛད་པར་གསུངས། ཞེས་གསལ་བ་ལྟར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[3]ཀྱང་། ཤིང་རྟ། ཕྱི་ལོ་ ༡༠༥༤ ཇོ་བོ་རྗེ་སྙེ་ཐང་དུ་སྐུ་མྱ་ངན་ལས་འདས་པར་གསུངས་ཀྱང་། ལ་ལས་དགུང་ལོ་བདུན་ཅུ་རྩ་བརྒྱད་པ་ས་ཕག་ (ཕྱི་ལོ་ ༡༠༥༩) ལ་སྙེ་ཐང་དུ་མྱ་ངན་ལས་འདས་པའི་ཚུལ་མཛད་པ་བཅས་བཞེད་པ་མི་མཐུན་ཞིང་།

དེ་ཡང་ཇོ་བོ་རྒྱ་གར་འཕགས་ཡུལ་ནས་ཐོན་དུས་དགུང་ལོ་ ༥༩ དང་། དེ་ནས་བལ་ཡུལ་དུ་ལོ་གཅིག་བཞུགས། དེ་ནས་ཇོ་བོ་བོད་དུ་ཕེབས་དུས་དགུང་ལོ་ ༦༡ ཡིན་ཏེ། འགོས་ལོའི་དེབ་སྔོན་ལས[4]། དེ་ལ་ཇོ་བོ་རྗེ་ནི་དགུང་སྙིང་ཆུ་ཕོ་རྟ་ (ཕྱི་ལོ་ ༩༨༢) ཡིན་པས་ལྔ་བཅུ་རྩ་དགུ་པ་ལྕགས་ཕོ་འབྲུག་ (ཕྱི་ལོ་ ༡༠༤༠) གི་ལོ་ལ་རྒྱ་གར་ནས་བཏེག །ལྕགས་མོ་སྦྲུལ་ (ཕྱི་ལོ་ ༡༠༤༡) གྱི་ལོ་བལ་ཡུལ་དུ་བཞུགས། མངའ་རིས་སུ་ཆུ་ཕོ་རྟ་ (ཕྱི་ལོ་ ༡༠༤༢) ལ་ཕེབས་པ་ཡིན། ཞེས་གསུངས་པས། ཇོ་བོ་བོད་དུ་ཕེབས་ཚེ་དགུང་གྲངས་ ༦༡ ཡིན་ལ། དེ་ནས་བོད་དུ་ལོ་བཅུ་བདུན་བཞུགས་ཤིང་། དེ་གཉིས་བསྡོམས་པས་དགུང་ལོ་ ༧༨ ཕེབས་པ་ས་ཕག་ (ཕྱི་ལོ་ ༡༠༥༩) ལོར་ཇོ་བོ་དགུང་ལོ་བདུན་ཅུ་རྩ་བརྒྱད་ཕེབས་པ་ན་སྐུ་གཤེགས་པར་ངེས་སོ།།

དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[5]། བྱང་ཆུབ་ལམ་གྱི་རིམ་པ་[6]ལྟར་ན། རྒྱས་པར་ནི་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་ལས་ཤེས་པར་བྱའོ། །ཞེས་གསུངས་པས། ལམ་ཡིག་ཆེན་མོ་བཞིན་ཡིན་ལ། བོད་དུ་ལོ་བཅུ་བདུན་བཞུགས་པར་གསུངས་པ་ཡང་། བསྟོད་པ་ལས། ཁྱོད་སྔོན་སོ་མ་པུ་ར་ནི། །རྟོག་གེ་འབར་བ་གསུངས་པའི་ཚེ། །ང་ནི་ལོ་ནི་ཉི་ཤུ་ན། །ཞེས་དང་། དེ་ནས་ལོ་གཉིས་འདས་པ་ན། །བོད་དུ་འབྱོན་པའི་དུས་སུ་ནི། །ང་ནི་ལོ་ནི་བཅོ་བརྒྱད་ན། །ལུས་འདི་བོད་དུ་བཞག་ནས་ནི། །དགའ་ལྡན་གནས་སུ་འགྲོ་འོ་ཞེས། །ཇི་སྐད་གསུངས་བཞིན་མ་འཁྲུལ་བར། །གྱུར་པ་དེ་ནི་ངོ་མཚར་ཆེ། །ཞེས་གསལ་བར་འབྱུང་བས་ཡིད་གདུང་བར་མི་བྱའོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[7]། འདས་ལོ་ནས་སུམ་སྟོང་བརྒྱ་དང་ཉེར་བདུན་པ་ཤིང་ཕོ་རྟ་ལ་ (ཕྱི་ལོ་ ༩༩༤) དཔལ་ལྡན་ཨ་ཏི་ཤ་བྱོན། ཤིང་རྟ་དེ་ནས་ལྔ་བརྒྱ་དང་དོན་གཅིག་པ་ནི་ཤིང་བྱི་འདིའོ། །ཁོང་གིས་དོན་གསུམ་བཞུགས་པའི་རེ་གཅིག་པ་ཤིང་ཕོ་རྟ་ལ་བོད་དུ་བྱོན། ལོ་བཅུ་གསུམ་བཞུགས་ནས་ཆུ་ཕོ་རྟའི་ཚེས་བཅོ་བརྒྱད་ལ་སྐུ་གཤེགས་སོ། །ཇོ་བོ་རྗེའི་དགུང་ཟླ་སོགས་ལའང་མི་མཐུན་པ་མང་དག་འདུག་ཀྱང་འདིར་དུས་གསལ་སོར་བཞག་པ་ཡིན། ཞེས་དང་། དེ་བཞིན་བསྟན་རྩིས་ཀ་ཕྲེང་ལག་དེབ་ལས་[8]ཀྱང་། ཇོ་བོ་རྗེ་རབ་བྱུང་དང༌པོའི་ཤིང་རྟ་ (ཕྱི་ལོ་ 1054) ལོར་འདས། (ལས་ཆེན་ཆོས་འབྱུང་དུ་དབྱུག་ཟླའི་ཚེས་བཅུ་བརྒྱད་དང་། དེབ་སྔོན་དུ་སྟོན་འབྲིང་ཚེས་ཉི་ཤུ་ཉིན་འདས་ཟེར།) ཤིང་ཁྱི་ (ཕྱི་ལོ་ 1034) ལོ་ཇོ་བོས་རྟོག་གེ་འབར་བ་གསུང་དུས་ད་ནི་ལོ་ཉི་ཤུ་ན་བོད་དུ་གདུང་འཇོག་གསུངས།) རབ་བྱུང་ ༡༦ པའི་ས་རྟ་ (ཕྱི་ལོ་ 1978) ལོར་ཇོ་བོ་ཨ་ཏི་ཤའི་གདུང་དང་སྐུ་ཆས་རྣམས་རྒྱ་གར་བྷཾ་ག་ལར་གདན་དྲངས། ཞེས་ཀྱང་གསལ་ལོ།།

དེ་བཞིན་ཆ་ཧར་བློ་བཟང་ཚུལ་ཁྲིམས་ (1740-1810) ཀྱིས་མཛད་པའི་ཇོ་བོ་རྗེའི་འཁྲུངས་ལོ་ལས[9]། ཇོ་བོ་ཨ་ཏི་ཤ་ནི་རབ་བྱུང་མ་ཚུགས་གོང་གི་ཆུ་ཕོ་རྟ་ལ་འཁྲུངས། ཇོ་བོའི་དགུང་ལོ་ཞེ་དྲུག་པའི་མེ་ཡོས་ལ་རབ་བྱུང་དང་པོ་ཚུགས། ང་དགུ་པ་ལྕགས་འབྲུག་ལ་གདན་བཏེག །ལྕགས་སྦྲུལ་ལ་བལ་པོར་ཕེབས། རེ་གཅིག་པ་ཆུ་རྟ་ལ་མངའ་རིས་སུ་བྱོན། རེ་དྲུག་པ་མེ་ཕག་ལ་བསམ་ཡས་སུ་བྱོན། དེའི་མཇུག་ཏུ་སྙེ་ཐང་དུ་བུམ་ཆུ་བྱིན། དོན་གསུམ་བཞེས་པར་རབ་བྱུང་དང་པོའི་ཤིང་རྟ་ལོའི་ཐ་སྐར་ཟླ་བའི་ཚེས་བཅོ་བརྒྱད་ལ་གཤེགས་པ་ཡིན་ནོ། །ཇོ་བོ་རྗེ་ལ་བུམ་ཆུ་བྱིན་པའི་མེ་ཕག་ནི་རབ་བྱུང་དང་པོའི་ལོ་ཉེར་གཅིག་པ་ཡིན་ལ། རྗེ་རིན་པོ་ཆེ་ལ་བུམ་ཆུ་བྱིན་པའི་ས་གླང་ནི་རབ་བྱུང་བདུན་པའི་ལོ་ཉེར་གསུམ་པ་ཡིན་ནོ། །ཇོ་བོ་རྗེ་གཤེགས་པའི་ཤིང་རྟ་ནི་འབྲོམ་སྟོན་རིན་པོ་ཆེའི་དགུང་ལོ་ང་གཅིག་པ་ཡིན་ཅིང་། རེ་བཞི་པ་མེ་བྱ་ལ་རྭ་སྒྲེང་བཏབ་པ་ཡིན། ཞེས་ཞལ་གསལ་དུ་བྱུང་ངོ་།།

གཞན་ཡང་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[10]། དོན་གསུམ་བཞེས་པའི་ཆུ་ཕོ་རྟའི་དབྱུ་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་སྐུ་གཤེགས། ཚེས་ཉི་ཤུ་ལ་གཤེགས་ཞེས་འབྱུང་བ་ཡང་དཔེ་མ་དག་པའོ། །ལམ་ཡིག་ཆེན་མོ་དེར་རྟ་ལོ་ལ་འཁྲུངས་ཞེས་པ་ཙམ་ལས་མ་བྱུང་ཡང་། ལྕགས་རྟ་ཡིན་པའི་ངེས་པ་ནི་མཆིམས་ནམ་མཁའ་གྲགས་ཀྱི་བསྟན་རྩིས་ལས་གསལ་ཏེ། བསྟན་རྩིས་དེ་ཉིད་ཇོ་བོ་ཉིད་ཀྱིས་བསམ་ཡས་སུ་མེ་ཕོ་བྱི་བ་ལ་རྩིས་པའི་བསྟན་རྩིས་ལ་རྩིས་གཞི་མཛད་པར་སྣང་བས་སོ། །ཞེས་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[11]། ཡང་དེབ་སྔོན་སོགས་ལ་ཇོ་བོ་ཚེས་ ༢༠ ལ་གཤེགས་ཟེར་བ་ཡང་མ་དག་པ་འདྲའོ། །དེ་ལྟར་ཇོ་བོ་མངའ་རིས་སུ་ཐོ་ཐིང་ (ལིང་) གི་གཙུག་ལག་ཁང་དུ་ལོ་ཆེན་རིན་བཟང་དང་མཇལ། འབེལ་བའི་བཀའ་མཆིད་རབ་ཏུ་བགྱིས་ཏེ། ལོ་ཙཱ་བ་ཆེན་པོ་འདི་རྣམས་ཀྱི་དོན་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བགྱིད་གསུངས་པས། སོ་སོའི་སྒྲུབ་ཐབས་ནས་བཤད་པ་བཞིན་བྱེད་པ་ལགས་མོད་ཞུས་པས། ལོ་ཙཱ་བ་རྟུལ་ང་བོད་དུ་ཡོང་དགོས་པ་འདུག །ཐབས་གཅིག་གི་སྟེང་དུ་ཐམས་ཅད་མ་ཚང་བ་མེད་པར་ཉམས་སུ་བླངས་པས་ཆོག་གསུངས་པ་ལ། ཕྱིས་ཀྱི་མཁས་གྲུབ་རྗེ་སོགས་བུ་སྟོན་གྱི་གསུང་ལས། དེ་ལྟར་བདེན་ན་ལོ་ཙཱ་བ་མ་རྟུལ། ཇོ་བོ་རྟུལ་གསུངས་པ་ལྟར་ཡིན་པས། གཏམ་ཆ་དེ་ནི་ལམ་ཡིག་གི་ཡི་གེ་མ་དག་པ་ཡིན་ཏེ། དེ་ལྟར་མིན་ན་ལྷ་བཙུན་པས་བདག་ལྷ་སྤྱན་རས་གཟིགས་དང་། རྒྱུད་གསང་བ་འདུས་པ་ལ་མོས་པས། དེ་དང་སྒོ་བསྟུན་པའི་ཉམས་ལེན་གཅིག་ཞུ་གསོལ་བ་ལ། སྤྱན་རས་གཟིགས་སྒོམ་པ་ལ་གསང་འདུས་སྟེང་ནས་མ་ཎི་སྒྲོངས་གསུང་པར་རིགས་པ་ལས། གསང་འདུས་ནས་བཤད་པའི་སྤྱན་རས་གཟིགས་ལ་གཙོ་བོར་འཕོ་བའི་སྒྲུབ་པ་ཡེ་ཤེས་ཞབས་ལུགས་པ་ཇི་ལྟར་བཞེད་པ་ལྟར་གནང་བའི་ཕྱིར་གསུངས་མོད། ཁོ་བོ་ནི་ཇོ་བོ་དང་ལོ་ཙཱ་བ་གཉིས་ཀའི་གསུང་ལ་གནད་ཀྱི་སྙིང་པོ་ལེན་ཤེས་ན་འགལ་བ་མེད་པར་སེམས་སོ། །དེ་ལྟ་བུའི་ལོ་ཆེན་དགུང་ལོ་བརྒྱད་ཅུ་རྩ་ལྔ་པ་ཞིག །ཇོ་བོ་རྗེའི་སྒྲུབ་པ་ལ་བཅུག །དེ་ནས་གོ་བརྒྱད་ཀྱི་བར་དུ་སྒྲུབ་པ་གཙོ་བོར་མཛད། ཀླུ་ཀར་རྒྱལ་བཏུལ་བ་སོགས་ཀྱང་སྒྲུབ་པ་མཛད་རིང་ཡིན་ནམ་བསམ་མོ།།

དེ་ནས་ཇོ་བོ་རྒྱ་གར་ལ་ཞག་བཞི་ནས་ཕེབས་པར་ཆས་པའི་ཚེ། འབྲོམ་ལོ་སོ་བརྒྱད་པ་ཞིག་གིས་མཇལ། བདག་གིས་སྔར་གྱི་ཆོས་ལམ་དུ་ཇི་ལྟར་སོང་ཞེས་པ་སོགས་དྲི་བ་གསུམ་ཞུས། ཁྱོད་ཀྱིས་སྔར་གྱི་བླ་མའི་ཕྱག་ཕྱི་བགྱི་བ་ཀུན་ལམ་དུ་སོང་། ད་ཁོ་བོ་ལ་ཡི་དམ་གྱིས་ལུང་བསྟན་པའི་སློབ་མ་ཡིན་གསུངས་ཐུགས་ཡིད་གཅིག་ཏུ་འདྲེས། ཇོ་བོ་ཡབ་སྲས་མཇལ་བའི་ལོ་འདི། དེབ་སྔོན་སོགས་ལས་བྱ་ལོ་ཡིན་ཞེས་བཤད་པ་ནི། འབྲོམ་རང་གི་ལམ་ཡིག་ལ་མ་དཔྱད་པའི་གཏམ་སྟེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆོས་ཀྱི་འབྱུང་གནས་ལས[12]། ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །ཟླ་བ་དགུ་རུ་མངའ་རིས་སྟོད་དུ་བཞུགས། །རྒྱལ་པོའི་ཐུགས་དགོངས་ཐམས་ཅད་རྫོགས་པར་མཛད། །ལོ་གཅིག་ཟླ་བ་གསུམ་དུ་གཙང་རྣམས་འགྲིམས། །ཀུན་ཏུ་སངས་རྒྱས་བསྟན་པ་དར་བར་མཛད། །ཐང་ཆེ་གནས་སུ་ཟླ་བ་བརྒྱད་ཙམ་བཞུགས། །དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད། །ཞག་རེ་ཞག་གཉིས་བབ་མལ་བརྩིས་པའི་སར། །ཟླ་བ་བཞི་ཙམ་གཞན་དོན་དཔག་མེད་མཛད། །དེ་ལྟར་ལོ་གསུམ་སོང་ནས་སྙེ་ཐང་དུ། །བཞུགས་ཐེབས་གསུམ་ལ་ཟླ་བ་དྲུག་ཙམ་འདས། །ཡེར་པའི་གནས་སུ་ཟླ་བ་གཉིས་བཞུགས་ཏེ། །ལྷ་ས་རྒྱ་སར་སྒང་དང་སྟོད་ལུང་སོགས། །ཕྱོགས་ཕྱོགས་བབ་མལ་རྣམས་སུ་ཟླ་གཅིག་འདས། །དེ་ལྟར་ང་ལ་བརྟེན་ནས་ལོ་དགུ་དང་། །ཁུ་ལ་བརྟེན་ནས་ཟླ་བ་བརྒྱད་དང་ནི། །བབ་མལ་རྣམས་སུ་ཟླ་བ་དགུ་ཙམ་དང་། །གཙང་གི་ཕྱོགས་སུ་ལོ་གཉིས་ཉེ་བར་གནས། །དྲིལ་བས་དགུང་ལོ་བདུན་ཅུ་དོན་གཉིས་པའི། །རྟ་ལོ་དབྱུག་གུ་ཚེས་གཅིག་ནས་བརྩམས་ནས། །བཅོ་བརྒྱད་བར་དུ་སྙུང་ཚུལ་བསྟན་པ་ལ། །འབྲོམ་སྟོན་ཁོ་ན་དྲུང་དུ་མཆིས་པ་ཡིན། །ཞེས་ཇོ་བོ་རྟ་ལོ་ནས་རྟ་ལོའི་བར་ལོ་བཅུ་གསུམ་བོད་དུ་བཞུགས་པར་འབྲོམ་གྱིས་མཐུན་པའི་རྐྱེན་སྦྱར་ནས་ལོ་དགུ་དང་། ཁུས་སྦྱར་ནས་ཟླ་བ་བརྒྱད་དང་། བབ་མལ་གྱི་ཞག་སར་ཟླ་བ་བཞི་སྟེ་དབུས་སུ་ལོ་བཅུ་དང་གཙང་གི་སྐོར་ལ་ལོ་གཉིས་ཏེ་བཅུ་གཉིས་བཞུགས་པར་བཤད་པས། མངའ་རིས་སུ་ལོ་ངོ་གཅིག་ལས་མ་བཞུགས་པར་གྲུབ་ལ། ཁྱེད་ལྟར་ན་རྟ་ལོ་ནས་བྱ་ལོའི་བར་ལོ་བཞི་མངའ་རིས་སུ་བཞུགས་པར་བྱེད་དགོས་པའི་ཕྱིར་རོ། །ཞེས་གསུངས་ལ། སྤྱིར་དགུང་ལོ་བདུན་བཅུ་དོན་གཉིས་ལ་ཕེབས་པ་ཤིང་རྟ་ལོ་ ༡༠༥༤ ལོའི་བོད་ཟླ་ ༩ པའི་ཚེས་ ༡༨ ལ་སྙེ་ཐང་དུ་སྐུ་གཤེགས་པར་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༩

[2] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦

[3] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༩

[4] འགོས་ལོའི་དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༣༠༣

[5] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦

[6] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༡

[7] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༤༠

[8] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༨༣

[9] ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། པོད། ༼ཅ༽ ཤིང་དཔར། ཤོག་གྲངས་ ༤བ༢

[10] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༦

[11] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༠༠

[12] ཨ་ཏི་ཤའི་རྣམ་ཐར་ཆོས་ཀྱི་འབྱུང་གནས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༣༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༩ ནས་ ༣༥༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *