༄༅། །ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ།
༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་མཱརྒཱཥྚཱཾ་བ།[1] བོད་སྐད་དུ། ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ། འཕགས་པ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རིགས་ལྔ་ཁྲོ་བོ་རིགས་གཅིག་པས། །གཉིས་པོ་དབྱེར་མེད་རྣམ་བཞི་འདྲས། །བཅོམ་ལྡན་དེ་བཏུད་སྒྲུབ་པའི་ཐབས། །གཏུམ་པོ་ཁྲོས་པའི་གཞུང་བཞིན་བྱ། །དེ་ལ་དུར་ཁྲོད་ལ་སོགས་པའི་གནས་སུ་གདོང་ལ་སོགས་པ་དག་པར་བྱས་ཏེ་དྲི་ཆུའི་ཆག་ཆག་བཏབ་ལ།
རྣལ་འབྱོར་པ་དབང་ཐོབ་པས་སྟན་བདེ་བ་ལ་འདུག་སྟེ་རང་གི་སྙིང་གར་ཧཱུཾ་སྔོན་པོ་བསམ། དེའི་འོད་ཟེར་གྱིས་བླ་མ་དང་ལྷ་དང་རྒྱལ་བ་སྲས་དང་བཅས་པ་རྣམས་ཐུགས་བསྐུལ་ཏེ་བསོད་ནམས་ཀྱི་ཚོགས་བསགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་དང་། །བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་བརྒྱད་འཁོར་ཡུག༌[2]བཅས། །ཕྱི་ནང་གསང་བའི་མཆོད་པ་རྣམས། །བླ་ན་ཡོད་མེད་མཆོད་པར་བཞེས། །བདག་གིས་ཐོག་མཐའ་མེད་པ་ནས། །སྡིག་པ་བགྱིས་པ་མ་ལུས་ཀུན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ད་ལྟ་མཐོལ་ཞིང་བཤགས། །བླ་མ་དཀོན་མཆོག་གསུམ་པོ་དང་། །གསང་སྔགས་ཀུན་བདག་རྡོ་རྗེ་ཅན། །དེ་རིགས་འཛིན་པའི་རྣལ་འབྱོར་ཀུན། །དགེ་བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །བྱིན་གྱི་རླབས༌[3]ཀྱིས་དབང་བསྐུར་ལ། །གསང་སྔགས་འཁོར་ལོ་བསྐོར་བར་བསྐུལ། །སྐྱོན་བྲལ་མཐུ་ལྡན་ཁྱེད་རྣམས་ལ། །སྐྱེ་རྒ་ན་འཆི་མི་མངའ་ཡང་། །འགྲོ་བའི་དོན་དུ་སྐུ་སྤྲུལ་ལ།[4] །མཐུན་འཇུག་མྱ་ངན་མི་འདའ་གསོལ། །བདག་གིས་དགེ་བ་ཅི་བསགས་ཀུན། །གཅིག་ཏུ་བསྡུས་ཏེ་བསྡོམས་ནས་སུ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །སེམས་ཅན་ཀུན་གྱི་དོན་དུ་བསྔོ། །
དེ་ནས་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་བཏང་སྙོམས་བསྒོམ་མོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཨོཾ་སརྦ་དྷརྨཱ་སྭ་བྷཱ་བ༌[5]ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །དེ་ནས་རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་དཀྱིལ་དུ་ཧཱུཾ་བསམ་མོ། །དེའི་འོད་ཀྱིས་དོན་བྱས། བར་ཆད་བསལ། མཆོད་པ་ཕུལ། བྱིན་རླབས་བསྡུས་ས་བོན་ལ་ཐིམ་པས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པར་བལྟས་ཏེ། དེའི་ལྟེ་བ་ཅན་གྱི་ཡང་དེ་ལྟར་བྱས། །དེ་ཡོངས་སུ་གྱུར་པ་ལས། ཞལ་གཅིག་པ། ཕྱག་གཉིས་པ་སྐུ་མདོག་མཐིང་ག །གཡས་རྡོ་རྗེ་བསྣུན་པའི་ཚུལ། གཡོན་སྡིགས་མཛུབ་ཐུགས་ཀར་བཀན་པ། ལྟོ་འགྲོས་བརྒྱན་ཅིང་སྟག་ཤམ་གསོལ་བ། སྤྱན་གསུམ་པ། མཆེ་བ་གཙིགས་པ། སྐྲ་བརྫེས༌[6]ཤིང་སྨ་ར་སེར་བ། ཞབས་གྱད་ཀྱི་འདོར་སྟབས༌[7]སུ་བགྲད་པ། ཐུགས་ལས་རིགས་བཞི་ཡུམ་དང་འཁྱུད།[8] །སེང་གེ་སྟག་དང་ཅེ་སྤྱང་ཕག །སྤྲུལ་པའི་ཁྲོ་ཆུང་བསམ་མི་ཁྱབ། །མེ་དཔུང་འབར་བའི་བདག་ཉིད་བསམ། །དེ་རྗེས་ཧཱུཾ་ལས་འོད་འཕྲོས་པས། །ཡེ་ཤེས་སྤྱན་དྲངས་མཆོད་སོགས་བྱ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ལ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །སྤྱན་ལ་སོགས་པས་དབང་བསྐུར་ལ། །སྤྲོ་བསྡུ་མི་སྐྱོའི་བར༌[9]དུ་བསྒོམ། །དེ་ནས་ཏིང་འཛིན་གསུམ་དང་མ་བྲལ་བར་བཟླས་པ་བྱ་སྟེ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཟུངས་སམ་རིགས་ལྔའི་སྙིང་པོ་གང་ཡང་འདྲའོ། །དེ་ནས་གཏོར་མ་གཏང་།[10] བསྟོད་པ་བྱ། ཡི་གེ་བརྒྱ་པ་བཀླག །ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ། སྤྱོད་ལམ་བཞི་དགེ་བའི་ཆོས་སུ་སྤྱད་པར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ནི། ས་བོན་རཾ་དུ་འབར་བ་ཡིས། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །ཐབས་དང་ཤེས་རབ་སྦྱོར་བ་ཡིས། །བདེ་བ་ཆེན་པོ་གསོ་མཛད་པ། །ཐིག་ལེའི་རང་བཞིན་མི་ཤིགས་ཀྱིས། །བགེགས་རིགས་སྟོང་ཕྲག་འཇོམས་པར་མཛད། །དེ་ནས་ཡང་དག་བཤད་པར་བྱ། །གཏོར་མ་ལས་རབ་ཀུན་གྱི་མཆོག །ལས་རྣམས་ཀུན་གྱི་སྔོན་དུ་འགྲོ །ཡཾ་རཾ་ཀཾ་དག་ས་བོན་ལས། །རླུང་དང་མེ་དང་ཐོད་པའི་སྒྱེད། །ཨ་ལས་ཐོད་པའི་གཞལ་ཡས་སུ། །ཤུ༌[11]དང་བི་མུ་མ་ར་ལས། །ན་དང་གོ་དང་ཀུ་ད་ཧ། །མི་འཆི་ལྔ་དང་རབ་གསལ་ལྔ། །སྟེང་དུ་ས་བོན་དགོད་བྱ་བ། །ཨོཾ་དང་ཧཱུཾ་དང་ཏྲཱཾ་ལཾ་ཁཾ། །ལཾ་མཱཾ་པཾ་ཏཱཾ་བཾ་དག་ལས། །ཡབ་ཡུམ་སྙོམས་འཇུག་བདུད་རྩིའི་ཆུར། །དཔའ་བོ་གསུམ་གྱིས་བྱིན་བརླབས་ལ། །བརྗོད་པས་དཀར་དམར་དངུལ་ཆུའི་མདོག །ཡེ་ཤེས་བདུད་རྩིར་བྱིན་བརླབས་ལ། །རྡོ་རྗེ་ཁོང་གསེང༌[12]ཡེ་ཤེས་ལྗགས།[13] །ཧཱུཾ་མཛད་སྔགས་འདིས་གསོལ་བར་བསམ། །ཨོཾ་ཙཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་བ་ལིཾ་ཨི་དཾ། གྲྀཧྞ་གྲིཧྞ། ཁཱ་ཧི་ཁཱ་ཧི། མུཉྫ་ཧོ་ས་མ་ཡེ་སྭཱ་ཧཱ། དེ་ནས་སྨན་གྱི་མཆོད་པ་ནི། ཨ་མྲྀ་ཏ་པཱུ་ཛ་ཧོ། །[14]རཀྟའི་མཆོད་པ་ནི། རཀྟ་པི་པ་ཏ་ཡོ། ཚོགས་ཀྱི་མཆོད་པ་ནི། ག་ཎ་པཱུ་ཛ་ཧོ། །[15]དེ་ནས་ལྷག་མ་བསྔོ༌[16]བྱ་བ། །སྔགས་འདི་བརྗོད་པས་ཐིམ་པར་བསམ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་ལ་གཏོར་མ་གཏང༌[17]ངོ་། །དེ་ནས། སངས་རྒྱས་ཀུན་གྱིས་གནང་བའི་ལྷ། །མཆེ་བ་གཙིགས་ཤིང་མེ་མདག་སྤྱན། །མེ་ལྕེའི་དབུགས་ལ་འཇིགས་པའི་ངར། །ཕྱག་ཞབས་ནོར་རྒྱས་བུ་ཡིས་བརྒྱན། །ནག་པོ་གདོལ་བའི་སེ་རལ་ཁ། །དགའ་བོ་ཉེ་དགས་སྙན་ཆ་མཛད། །སྦྲུལ་གདུག་འབར་བས་ཕྱག་ཞབས་བརྒྱན། །སྐུ་ཡི་བཞིན་དང་གཟི་བརྗིད་རྒྱས། །ཁྲོ་གཉེར་སྨིན་མ་དཔྲལ་བར་བསྡུས། །ཡ་སོས་མ་མཆུ་དྲག་ཏུ་མནན། །གཤིན་རྗེའི་ཆ་བྱེད༌[18]འཇིགས་བྱེད་སྐུ། །གློག་ལྟར་འཁྱུག་པའི་ལྗགས་འདྲིལ་ཞིང་། །གསུས་པ་ཆེ་ཞིང་སྦྲུལ་ཟ་བ། །ལག་པ་བརྡབས་པའི་སྒྲ་ཡིས་ནི། །ཁམས་གསུམ་རྣམས་ནི་འཇིགས་པར་བྱེད། །སྨ་ར་སེར་པོ་གྱེན་དུ་འཁྱིལ། །ཁྲོ་གཉེར་སྨིན་མ་མེ་ལྕེར་འཁྱུག །ཁམ་ནག་རལ་པ་གྱེན་དུ་བརྫེས། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །གཡོན་པ་སྡིགས་མཛུབ་ལོག་འདྲེན་གཟིར། །སྐུ་ལ་མེ་འབར་སྲིད་གསུམ་འདུལ། །འདབ་བཟང་རྒྱལ་པོས་སྐ་རགས༌[19]མཛད། །དཔག་ཚད་བརྒྱད་ཁྲི་རྒྱ་མཚོའི་ཟབས། །ཞབས་ཀྱི་པུས་མོར་ཕྱིན་མཛད་ནས། །དབང་པོ་ཉི་མ་ཕྲག་ལ་ཁུར། །ཨཱ་ལིའི་གད་རྒྱངས་ཆེན་པོ་ཡིས།[20] ། ཀུན་དུ་དགོད༌[21]ཅིང་འཁྲུག་པར་བྱེད། །ཧཱུཾ་དང་ཕཊ་གྱི་གད་རྒྱངས་ཀྱིས། །ཧ་ཧ་བཞད་ཅིང་དྲག་ཤུལ་ཆེ། །ཀླུ་རྣམས་འདུལ་བར་བྱེད་ལ་བསྟོད། །དེ་ནས་སྔགས་ཀྱི་བྱེ་བྲག་ནི། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཎི་ཧཱུཾ་བཛྲ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ༌[22]པ་ཙ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཎི་ས་མནྟ་ཀ་ར་མ་རཀྵ་ཙིཏྟ་བཛྲ་ནཱ་ག་ས་མནྟ་ཧཱུཾ་ཕཊ། རིགས་ལྔ་གཏུམ་པའི་དྲག་སྔགས་ཏེ། །རིམ་པ་ཡིས་ནི་ཤེས་པར་བྱ། །ཏདྱ་ཐཱ་ནས་བྷ་ག་བཱན། ར་ཛྙཱ་པ་ཡི༌[23]བར་དུ་ནི། །གཏུམ་པོ་ཁྲོས་པའི་རྒྱུད་བཞིན་ནོ། །དེ་དག་གདགས་པའི་དྲག་སྔགས་ནི། །སྦྱོར་བས་ཡང་དག་བསྟན་པར་བྱ། །ཨོཾ་ཧ་ཡཀྵ་སོད་རྡོ་རྗེ་ཎ་རི་ཐཱ་རྦད། ཛཱ་བུ་རཾ་རྦད། མུཾ་རིག་མུཾ་རིག་མཱ་ར་ཡ་ཤིག །སོག་ཚིག་ནན༌[24]རྦད། ལུས་རུལ་ནཱ་ག་མཱ་ར་ཡ་ཕཊ། རཾ་རཾ་ཛ་ལ་ཛ་ལ། ཤིག་ཤིག་མཱ་ར་ཡ། རྡུལ་བུན་རྦད་སོད། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱན་ཀྲིག་ནན།[25] ཨེ་ཧུར་ཐུཾ་ཛ་མཱ་ར་ཡ་རྦད། ནཱ་ག་ཙིཏྟ་མཱ་ར་ཡ་རྦད། ཡཀྵ་ཙིཏྟ་མཱ་ར་ཡ་རྦད། རུ་ཀྲཾ་ཙིཏྟ་མཱ་ར་ཡ་རྦད། ར་ཛཱ་ཙིཏྟ་མཱ་ར་ཡ་རྦད། རཀྵ་ཙིཏྟ་མཱ་ར་ཡ་རྦད། ཙ་ར་ཙིཏྟ་མཱ་ར་ཡ་རྦད། ཧཾ་ཤཾ་ཙིཏྟ་མཱ་ར་ཡ་རྦད། བ་ར་ས་ཏུ་ཙིཏྟ་མཱ་ར་ཡ་རྦད། མུས་མུན་ཙིཏྟ་མཱ་ར་ཡ་རྦད། རུ་ཀྲི་ཙིཏྟ་མཱ་ར་ཡ༌[26]རྦད། ཉི་མ་ས་བླ་ནན།[27] ཀླད་པ༌[28]ནན།[29] ཙི་ཏྲ་ཀུ༌[30]ལི་ནན།[31] ཀུ་ན་ཤིག །ཙི་ཏྲ་མུ་ཏྲ་བཟློག་བྱེར། ནཱ་ག་ཤིག །ནཱ་ག་གློག་ནཱ་ག༌[32]གྷོ་ལ་ནན།[33] ཆེ་གེ་ཙིཏྟ་མཱ་ར་ཡ་ཧཱུཾ་ཕཊ། གདུག་པ་རྣམ་གསུམ་གསད༌[34]བྱ་བ། །ཐོག་མར་ཤེ་དང་རྩོ་ལ་སྦྱར། །དྲེགས་པ་བཅུ་ནི་འདུལ་བྱེད་པ། །གོང་ལྟར་མཐུན་དང་བར་པ་གཟུང་། །བསྲུང་ཞིང་ཟློག༌[35]པར་བྱེད་པ་ནི། །འགྲེས༌[36]ཀྱིས་ཐ་མར་ཤེས་པར་བྱ། །གཞན་ཡང་སྔགས་ཀྱི་སྦྱོར་བ་ནི། །འདི་ལྟར་རབ་ཏུ་བསྟན་པར་བྱ། །ཨོཾ་ག་རུ་ཌ་ཧཾ་ས་ཡ།[37] ཙ་ལ་ཙ་ལ་སྭཱ་ཧཱ། སེར་བ་བཅད་པའོ། །ཐལ་ཆེན་དང་ཡུངས་ཀར་གྱིས་བྱའོ། །ཨོཾ་ཨེ་ཤོང་ཐི་ཏོ། །ཧུ་ལུ་ཧུ་ལུ། ཛ་ལ་ཛྙི་ཧོ། ཧུ་ལུ་ཧུ་ལུ།[38] ཡང་ཏྲིའི་བ་ཐི་ཏོ། །ཧུ༌[39]ལུ་ཧུ༌[40]ལུ། ཏད་ཏྲེ་བ་པྲ་ཏི་ག་ཛ་ཏུ། ཧུ་ལུ་ཧུ་ལུ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་འཐབ་པ་དང་། རྣམ་པར་རྩོད་པ་ཐམས་ཅད་ལ་བཟླས་པས་ཞི་བར་བྱེད་དོ། །ཨོཾ་མོ་ཙ་ནི་མོ་ཙ་ཡ།[41] མོ་ཀྵ་ནི་མོ་ཀྵ་ཡ།[42] ཛྲི་རྦམ༌[43]བ་ར་དེ་སྭཱ་ཧཱ། ཆུ་ལ་བཏབ་སྟེ༌[44]གཏོར་ན་བཅིངས་པ་ལས་རྣམ་པར་གྲོལ་ལོ། །ཨོཾ་ཏ་རི་ནི་ཏ་ར་ཡ༌[45]མོ་ཙ་ནི་མོ་ཙ་ཡ།[46] མོ་ཀྵ་ནི་མོ་ཀྵ་ཡ།[47] བཛྲ་བཾ་བ་ར་དེ་སྭཱ་ཧཱ། ཏིལ་མར་ལ་མངོན་པར་བསྔགས་ཏེ། སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ་བར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ། མོ་ཀྵ་ཡཱ་བཛྲི་པཾ་སྭཱ་ཧཱ། གུར་གུམ་གྱིས་གྲོ་ག་ལ་གང་གི་མིང་སྨོས་པའི་སྔགས་མངོན་པར་བྲིས་ལ། སྤྲ་ཚིལ་གྱིས་གཏུམས༌[48]ཏེ་དྲི་ཞིམ་པོས་བཀང་བའི་ཆུའི་བུམ་པར་བླུགས་ཏེ། མེ་ཏོག་དྲི་ཞིམ་པ་ལ་དུས་གསུམ་དུ་མཆོད་པ་བྱས་ན། འཐབ་རྩོད་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །ཨོཾ་ཨ་མ་ར་ཎི་ཛཱི་བནྟཱི་ཡེ་སྭཱ་ཧཱ། སྔགས་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་འགྲུབ་པར་འགྱུར། ཁྱད་པར་དུ་འབྲུམ་བུ་ལ་སོགས་པ་ལ་ཆུ་ལ་བཏབ་ནས་འཐུངས་ན་འབྲུམ་བུ་ཐམས་ཅད་ཞི་བར་འགྱུར་རོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་པས་སྡིག་པ་ཐམས་ཅད་སྲེག་པར༌[49]བྱེད་དོ། །འབྱུང་པོ་ལ་སོགས་པའི་གདོན་ལ་ཡུངས་ཀར་ལ་བསྔགས་ཏེ་གཏོར་བས་འབྱེར་རོ། །བྱིས་པ་གསར་དུ་བཙའ་བ་ལ་སྐམ་པ་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་སྒོ་གོང་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་པུརྞྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དཱ་ན་དཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ༌[50]ཎཱ་ཡ་སྭཱ་ཧཱ། ཨོཾ་ཀི་ལི་མ་ལི་ནི་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནེ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་ཙ་ལེནྡཱ་ཡ་སྭཱ་ཧཱ། ཛཾ་བྷ་ལ་ལ་གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ནོར་བསྒྲུབ་པའོ།། །།
དེ་ནས་རབ་གནས་བཤད་པར་བྱ། །གཟའ་སྐར་དུས་ཚེས་བཟང་པོ་ལ། །བཀྲ་ཤིས་བུམ་པ་མཚན་ལྡན་དུ། །འདག་ཆལ་ལ་སོགས་ཆུ་བརྒྱད་ལ། །སྟོང་རྩ་བརྒྱད་དུ་གཟུངས་བརྗོད་དོ། །ཁྲུས་ཁང༌[51]གསེར་དང་མུ་ཏིག་ཅན། །རིན་ཆེན་སིལ་མ་སྤུང༌[52]བར་བཀྲུ། །ཇི་ལྟར་བལྟམས་པའི་ཚིགས་བཅད་བརྗོད། །ལུགས་མ་བཀྲུ་ཞིང་མེ་ལོང་ལ། །པོ༌[53]ཏི་ལྷ་ཁང་བཀྲུ་བྱའོ། །ཁྲུས་བྱེད་ན་བཀྲ་ཤིས་ཀྱི་ཚིགས་བཅད་དང་རོལ་མོའི་སྒྲ་སྣ་ཚོགས་དགྲོལ་ལོ། །སྲན་ཕྱེ་དང་འབྲས་ཡོས་དང་ཏིལ་མར་ལ་སོགས་པ་ལ་ཀུ་ཤའི་པིར་གྱིས༌[54]ཁྲུས་བྱ་ཞིང་སྔགས་འདི་བརྗོད། ན་མོ་སརྦ་ཏ་ཐཱ་ག་ཏ་དུ་རྞ་དུ་པ་པ་ཀྲ་སྟ་ཡེ༌[55]སྭཱ་ཧཱ་ཞེས་བརྗོད་དོ། །དེ་ནས་རས་ཁ་ཚར་མ་ཉམས་པས་དྲིལ་ཕྱིས་བྱ་ཞིང་སྔགས་དེ་བརྗོད་དོ། །དེ་ནས་དཀྱིལ་འཁོར་ཆེན་པོ་སྤྱན་དྲངས་ལ་བདག་གིས་དཀྱིལ་འཁོར་བསྒྲུབ༌[56]སྟེ། བདག་ཉིད༌[57]དཀྱིལ་འཁོར་མཆོད་པ་རྫོགས་པའི་རྗེས་ལ་རབ་གནས་ཀྱི་ལྷ་རྣམས་ཤིན་ཏུ་གསལ་བར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་བར་སྣང་དུ་བསྡུས་ཏེ་སྤྱན་དྲངས་ལ་གཉིས་སུ་མེད་པར་བསྟིམས༌[58]ལ། དབང་བསྐུར་རྒྱས་བཏབ་ལ་མཆོད་པ་ཤིན་ཏུ་རྒྱས་པར་བྱའོ། །དེ་ཡང་གསེར་གྱི་ཐུར་མས་སྤྱན་དབྱེ་བའི་སྔགས་ནི་འདིའོ། །ཨོཾ་ཙཀྵུ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་སྭཱ་ཧཱ། སྙན་དབྱེ་བ་ནི་ཨོཾ་ཀརྞ་ཡེ་སྭཱ་ཧཱ། ཤངས་དབྱེ་བ་ནི་ཨོཾ༌[59]ན་ག་གནྡྷེ་སྭཱ་ཧཱ། ཞལ་དབྱེ་བ་ནི་ཨོཾ་མུ་ཁ་ཡེ་སྭཱ་ཧཱ། ན་བཟའ༌[60]གསོལ་བ་ནི་ཨོཾ་བ་ཙན་ཙ་ལི་ཀ་ཡེ་སྭཱ་ཧཱ། དུང་གི་སོ་མང་དང་གསེར་གྱི་སྤུ་གྲིས་རབ་ཏུ་བྱུང་བ་དང་། བྱང་ཆུབ་སེམས་དཔའི་བྱ་བ་བྱའོ། །པུསྟི༌[61]གླེགས་བམ་རྣམས་ནི་རྡོ་རྗེ་ཆོས་དང་ཡུམ་ཆེན་མོར་བྱིན་གྱིས་བརླབ་བོ། །མཆོད་རྟེན་ནི་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབ་བོ། །རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་ནི་རང་རང་གི་ཕྱག་མཚན་དུ་བྱིན་གྱིས་བརླབ་བོ།[62] ། གཙུག་ལག་ཁང་ལ་སོགས་པ་དེ་དག་ཐམས་ཅད་ལ་ཡེ་ཤེས་སེམས་དཔའ་བཅུག་ལ་རྒྱས་བཏབ་ཅིང་བྱིན་གྱིས་བརླབས་ཏེ་དབང་བསྐུར་ལ་མཆོད་པ་རྒྱ་ཆེན་པོས་མཆོད་ལ་བཀྲ་ཤིས་ཆེན་པོར་མངའ་གསོལ་ལོ། །
༄༅། །དེ་ནས་བདུན་ཚིགས་བྱེད་པར་འདོད་ན། བསྙེན་པ་སྔོན་དུ་སོང་བས་གསོན་པོའི་བསྲུང་བ་བྱས་ཏེ། རུས་བུའམ་མཚན་བྱང་ལ་སོགས་པའི་དྲི་མ་སྦྱངས་ཏེ། འདོད་ལྷའི༌[63]ཐུགས་རྗེས་གཤིན་པོ་ངན་སོང་གསུམ་ནས་དྲང་ཞིང་། གཤིན་པོའི་ཤེས་པ་ཨ་ཐུང་གནས་པ་དེ་མཚན་བྱང་ལ་བསྟིམས་ཏེ། [64]དྲག་པོའི་སྦྱིན་སྲེག་གིས་གཤེད་ཕྲལ་ལ། དུག་སྦྱང་ཞིང་འགྲོ་དྲུག་ནས་དྲངས་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་གསུམ་འཇིག་རྟེན་དུག་ཡིན་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཉིད། །དཀོན་མཆོག་བདེན་པས་དུག་མི་མངའ། །དཀོན་མཆོག༌[65]བདེན་པས་དུག་བཅོམ་མོ། །དུག་ཀ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་འགྲོ་དྲུག་ནས་དྲངས་ལ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཏེ། མེ་མར་གྱིས་ལམ་བསྟན༌[66]ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་གནས་སྤར་རོ། །༄༅། །དེ་ནས་སྦྱིན་སྲེག་བཤད་པར་བྱ། །ཞི་བ་དཀར་ཞིང་ཟླུམ་པ་ལ། །ཀུ་ཤ་འོ་མ་ཅན་གྱིས་བསྲེག །འབྲས་ཆན་དཀར་གསུམ་མངར་གསུམ་དབུལ། །ཏ་ལ༌[67]ནྱ་གྲོ་དྷ་ཡིས་བསྲེག །གྲུ་བཞི་རིན་ཆེན་མཛེས་པས་སྤྲས། །སྨན༌[68]དང་རིན་ཆེན་སྣ་ལྔ་དབུལ། །དབང་ལ་དམར་ཞིང་ཟླ་གམ་ལ། །ཙནྡན་དམར་དང་སེང་ལྡེང་ཤིང་། །ཁྲུ་གང་ཚད་ལ་པདྨའི་དབྱིབས། །དཱུར་བ་ཤིང་ཐོག༌[69]ལ་སོགས་དབུལ། །དྲག་པོ༌[70]མཐིང་ནག་གྲུ་གསུམ་ལ། །ཆུ་ཤིང་ཚེར་མ་ཅན་གྱིས་བསྲེག །རྡོ་རྗེ་ལྕགས་ཀྱུས་སྤྲས་པ་ལ། །དུག་དང་ཁྲག་དང་དྲག་པོས་དབུལ། །མེ་ལྷའི་ཆོ་ག་རྫོགས་བྱས་ལ། །དེ་ཡི་གཞལ་ཡས་དྲག་པོ་རུ། །བཅོམ་ལྡན་ཆོ་ག་ལེགས་པ་ཡིས། །སྦྱིན་སྲེག་སྔགས་ནི་འདི་ལྟར་རོ། །ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། སརྦ་ཤ་ཏྲཱུཾ། ཤཱནྟིཾ་ཀུ་རུ༌[71]སྭཱ་ཧཱ། ཞི་བའི་འོ།[72] །པུཥྚིཾ་ཀུ་རུ༌[73]སྭཱ་ཧཱ། རྒྱས་པའིའོ། །བ་ཤཾ་ཀུ་རུ༌[74]སྭཱ་ཧཱ། དབང་གིའོ། །མཱ་ར་ཡ་ཀུ་རུ༌[75]ཧཱུཾ་ཕཊ། དྲག་པོའིའོ། །ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། སརྦ་ཤ་ཏྲཱུཾ་ཞེས་པ་ཕྲིན་ལས་བཞིའི་སྔགས་གདགས་པ་ནི་ཕྱག་ན་རྡོ་རྗེའིའོ།། །།
༄༅། །[76]དེ་ནས་གདོན་བཤད་པར་བྱ། དབྱིབས་ལེགས་མཛེས་པའི་མཎྜལ་གསུམ། །བདག་དང་ནད་པའི་བར་དུ་བྱ། །དང་པོ་གཟུངས༌[77]ཀྱི་བུམ་པ་ལ། །གཉིས་པ་སྨྱག་ཤད་ལྕུག་མས་བྱབ།[78] །གསུམ་པ་བ་སུ་རིགས་དྲུག་དགོད། །འཁར་གཞོང་སྨན་གྱིས་བཀང་བ་ནི། །ལྕུག་མའི་གདན་དེ་ནད་རྣམས་གདབ། །མཱ་ག་ཡུ་ལུ་ཞེས་བརྗོད་ལ། །དགང་གཟར་བླུགས་གཟར་དག་གིས་དབུལ། །ཞི་བ་ཆུ་ཡི་སྦྱིན་སྲེག་གོ། །གུ་གུལ་དུད་པས་བདུག་པ་དང་། །བྲ་མའི་ལྕག་གིས་བྲབ་པ་དང་། །ཁྱུང་དང་མཐུ་ཆེན་བསྡིགས༌[79]ཤིང་བྲབ། །མདོངས་ཀྱིས༌[80]དུད་ཁུང་ལྟ་བུར་བྱབ།[81] །རླུང་གི་དཀྱིལ་འཁོར་བསྐྱོན་བྱས་ལ། །གདོན་དེ་དཔག་ཚད་བརྒྱད་ཁྲིར་འཕང་། །གདོན་རིགས་ཉི་ཤུ་རྩ་ལྔ་ལ། །སྨན་ཡང་རྩ་ལྔས་ནད་རྣམས་འཇོམས།[82] ། མཐོང་བའི་དུག་དང་རེག་པའི་དུག །ཁ་རླངས༌[83]དུག་དང་བསམ་པའི༌[84]དུག །མྱོས་པའི་དུག་དང་དུག་མཚོ་ལྔ། །གཏུམ་པོ་ཁྲོས་པའི་རྒྱུད་བཞིན་དུ། །རྟེན་ཅིང་འབྲེལ་པའི་རྫས་རྣམས་དང་། །ཡེ་ཤེས་ལྷ་ཡི་སྔགས་ཀྱིས་དགྲོལ། །མཛེ་རིགས་སུམ་བརྒྱ་དྲུག་ཅུ་ལས། །བསྡུ༌[85]ན་བཅོ་བརྒྱད་ཤིན་ཏུ་བརྒྱད།[86] །རྩ་དང་ཆུ་དང་དབང་པོ་དངས། །སྐྲ་དང་རུས་པ་སེན་མོ་སྤུ། །དུག་དང་རྐྱེན་དང་རིགས་དང་གདོན། །མངལ་དང་སྲིན་བུ་ཆུ་དང་ལྟས། །དང་པོ་བརྟག་པ་གཅེས༌[87]པ་ཡིན། །གཉིས་པ་གསོ་ཐབས་བསྟན་པར་བྱ། །བརྟག་པ་བརྒྱད་ལ་གསོ་ཐབས་གཉིས། །སྨན་དང་ལྷ་རུ་ཤེས་པར་བྱ། །ལྷ་ནི་སྔོན་དུ༌[88]སོང་བ་ཡིས། །སྨན་ནི་རྟེན་ཅིང་འབྲེལ་པའི་རྫས། །བཅངས་པ་ཙམ་གྱིས་བསྲུང་བའི་མཆོག །རྩ་བཤལ་རྩུབ༌[89]བཤལ་རྣ༌[90]བཤལ་སོགས། །རྔབས་རུའི༌[91]ཐབས་སྦྱོར་དག་དང་ནི། །གཏར་དང་མེ་ཐུར་ལ་སོགས་པས། །རིག་པས༌[92]དཔྱད་ལ་ཀུན་ནས་དགྲོལ། །མཛེ་རིགས་བརྒྱད་ལ་གསོ་ཐབས་བརྒྱད། །བརྟག༌[93]ཐབས་བརྒྱད་ལ་མན་ངག་བརྒྱད། །བླ་མའི་ངག་གིས་བརྒྱན་པར་བྱ། །དུག་ལ་སྨན་གྱིས་གསོ་བར་བྱ། །རྐྱེན་ལ་རྟེན་ཅིང་འབྲེལ་པའི་ཐབས། །རིགས་ལ་རིན་ཆེན་གཏེར་གྱིས༌[94]གཟེར། །གདོན་ལ་བྱབ་བསྲུངས་ལྷ་ཡི་སྔགས། །མངལ་དང་སྲིན་ལ་རྩ་བཤལ་ལོ། །ཆུ་ལ་གཏར་དང་དེ་བཞིན་ཏེ། །ལས་ལ་དགེ་བའི་སྟོབས་ཀྱིས་གསོ། །ལང་ཀར་གཤེགས་པའི་མདོ་དག་ལས། །བདག་ཉིད་འཕགས་པས་ལུང་བསྟན་པས། །བརྩམ་པར་མི་འོས་མ་ཡིན་ཏེ། །ཡན་ལག་བརྒྱད་དུ་དེ་བཤད་དོ། །རྒྱུད་ཀྱི་དགོངས་པ་ཡན་ལག་བརྒྱད། །ལྷག་ཆད་རྒྱལ་པོ་བཀའ་ལས་འགལ། །ཟབ་མོ་སྒྲུབ་ཐབས་འདི་བྲིས་པས། །འདིར་འཇུག་གསང་བདག་འགྲུབ་པར་ཤོག །ཕྱག་ན་རྡོ་རྗེའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །
བསྡུར་མཆན།
[1] བ། ༼སྣར།༽ ཎྱཾ་ག་མཱརྒཱཥྚ་ཡ ༼པེ།༽ ཎྱཾ་ག་མཱརྒཱཥྚི་ཡ།
[2] འཁོར་ཡུག་ ༼སྣར། པེ།༽ ཁོར་ཡུག་
[3] གྱི་རླབས་ ༼སྣར། པེ།༽ གྱིས་བརླབས་
[4] སྤྲུལ་ལ། ༼སྣར། པེ།༽ སྤྲུལ་པ།
[5] བ་ ༼སྣར། པེ།༽ ཝ་
[6] བརྫེས་ ༼སྣར། པེ།༽ རྫེས་
[7] འདོར་སྟབས་ ༼སྣར། པེ།༽ དོར་ཐབས་
[8] འཁྱུད། ༼སྣར། པེ།༽ ཁྱུད།
[9] སྐྱོའི་བར་ ༼སྣར། པེ།༽ སྐྱོ་བར་
[10] གཏང་། ༼སྣར། པེ།༽ བཏང་།
[11] ཤུ་ ༼སྣར། པེ།༽ ཤ་
[12] ཁོང་གསེང་ ༼སྣར། པེ།༽ ཁོང་སེང་
[13] ལྗགས། ༼སྣར། པེ།༽ ལྕགས།
[14] ཛ་ཧོ། ། ༼སྣར། པེ།༽ ཛའོ།། །།
[15] ཛ་ཧོ། ། ༼སྣར། པེ།༽ ཛའོ།། །།
[16] བསྔོ་ ༼སྣར། པེ།༽ བསྔོ་བ་
[17] གཏང་ ༼སྣར། པེ།༽ བཏང་
[18] ཆ་བྱེད་ ༼སྣར། པེ།༽ ཆ་བྱད་
[19] སྐ་རགས་ ༼སྣར།༽ སྐེ་རགས་
[20] ཆེན་པོ་ཡིས། ༼སྣར། པེ།༽ ཆེན་པོ་ནི།
[21] དགོད་ ༼སྣར། པེ།༽ རྒོད་
[22] ཧ་ན་ད་ཧ་ ༼སྣར། པེ།༽ ཧ་
[23] ཡི་ ༼སྣར། པེ།༽ ཡའི་
[24] ནན་ ༼སྣར། པེ།༽ ནཎ་
[25] ནན། ༼སྣར། པེ།༽ ནཎ།
[26] ར་ཡ་ ༼སྣར། པེ།༽ ར་
[27] ནན། ༼སྣར། པེ།༽ ནཎ།
[28] ཀླད་པ་ ༼སྣར། པེ།༽ གླད་པ་
[29] ནན། ༼སྣར། པེ།༽ ནཎ།
[30] ཀུ་ ༼སྣར། པེ།༽ གུ་
[31] ནན། ༼སྣར། པེ།༽ ནཎ།
[32] ག་ ༼སྣར། པེ།༽ གྷ་
[33] ནན། ༼སྣར། པེ།༽ ནཎ།
[34] གསད་ ༼སྣར། པེ།༽ བསད་
[35] ཟློག་ ༼སྣར། པེ།༽ བཟློག་
[36] འགྲེས་ ༼སྣར། པེ།༽ འདྲེས་
[37] ཡ། ༼སྣར། པེ།༽ ཡེ།
[38] ཧུ་ལུ། ༼སྣར། པེ།༽ ཧཱུ་ལུ་ཧཱུ་ལུ།
[39] ཧུ་ ༼སྣར། པེ།༽ ། ཧཱུ་
[40] ཧུ་ ༼སྣར། པེ།༽ ཧཱུ་
[41] ཡ། ༼སྣར།༽ ཡཱ།
[42] ཡ། ༼སྣར། པེ།༽ ཡཱ།
[43] ཛྲི་རྦམ་ ༼སྣར། པེ།༽ ཛྲཱིརྦམ་
[44] བཏབ་སྟེ་ ༼སྣར། པེ།༽ བཏབ་ཏེ་
[45] ཡ་ ༼སྣར། པེ།༽ ཡཱ་
[46] ཙ་ནི་མོ་ཙ་ཡ། ༼སྣར།༽ ཙ་ནི་མོ་ཙ་ཡཱ ༼པེ།༽ ཙ་ཡཱ།
[47] ཡ། ༼སྣར། པེ།༽ ཡཱ།
[48] གཏུམས་ ༼སྣར། པེ།༽ བཏུམས་
[49] སྲེག་པར་ ༼སྣར། པེ།༽ བསྲེག་པར་
[50] ཤྲ་བ་ ༼སྣར། པེ།༽ ཤྲ་མ་
[51] ཁང་ ༼སྣར།༽ གང་
[52] སྤུང་ ༼སྣར། པེ།༽ དཔུངས་
[53] པོ་ ༼སྣར། པེ།༽ པ་
[54] པིར་གྱིས་ ༼སྣར། པེ།༽ པིར་གྱི་
[55] ཀྲ་སྟ་ཡེ་ ༼སྣར། པེ།༽ ཀྲ་སྟེ་
[56] བསྒྲུབ་ ༼སྣར། པེ།༽ སྒྲུབ་
[57] བདག་ཉིད་ ༼སྣར། པེ།༽ བདག་ཉིད་ཀྱི་
[58] བསྟིམས་ ༼སྣར། པེ།༽ བསྟིམ་
[59] ཤངས་དབྱེ་བ་ནི་ཨོཾ་ ༼སྣར། པེ།༽ ཨོཾ་
[60] བཟའ་ ༼སྣར།༽ གཟའ་
[61] སེམས་དཔའི་བྱ་བ་བྱའོ། །པུསྟི་ ༼སྣར། པེ།༽ སེམས་དཔའ་བྱི་བའོ། །པོ་ཏི་
[62] བརླབ་བོ། ༼སྣར། པེ།༽ བརླབ་པའོ།
[63] འདོད་ལྷའི་ ༼སྣར། པེ།༽ འདོད་པའི་
[64] བསྟིམས་ཏེ། ༼སྣར། པེ།༽ བསྟིམ་སྟེ་
[65] དཀོན་མཆོག་བདེན་པས་དུག་མི་མངའ། །དཀོན་མཆོག་ ༼སྣར། པེ།༽ དཀོན་མཆོག་
[66] བསྟན་ ༼སྣར། པེ།༽ སྟན་
[67] ཏ་ལ་ ༼སྣར། པེ།༽ རྟ་ལ་
[68] སྨན་ ༼སྣར། པེ།༽ བསྣན་
[69] ཐོག་ ༼སྣར། པེ།༽ ཏོག་
[70] དྲག་པོ་ ༼སྣར། པེ།༽ དྲག་པོའི་
[71] རུ་ ༼སྣར། པེ།༽ རུ་ཡེ་
[72] ཞི་བའི་འོ། ༼སྣར། པེ།༽ ཞི་བའི་བའོ།
[73] ཀུ་རུ་ ༼སྣར།༽ ཀུ་རུ་ཡེ་ ༼པེ།༽ ཀུ་རུ་ཡ་
[74] ཀུ་རུ་ ༼སྣར། པེ།༽ ཀུ་རུ་ཡེ་
[75] ཀུ་རུ་ ༼སྣར། པེ།༽ ཀུ་རུ་ཡེ་
[76] རྡོ་རྗེའིའོ།། །།༄༅། ། ༼སྣར། པེ།༽ རྡོ་རྗེའིའོརྗེའོ།། །།
[77] གཟུངས་ ༼སྣར། པེ།༽ གཟུགས་
[78] བྱབ། ༼སྣར། པེ།༽ བྱ།
[79] བསྡིགས་ ༼སྣར། པེ།༽ སྡིགས་
[80] མདོངས་ཀྱིས་ ༼སྣར། པེ།༽ མདོངས་ཀྱི་
[81] ལྟ་བུར་བྱབ། ༼སྣར། པེ།༽ ལྟར་བྱ་བ།
[82] འཇོམས། ༼སྣར། པེ།༽ འཇིལ།
[83] རླངས་ ༼སྣར། པེ།༽ བླངས་
[84] བསམ་པའི་ ༼སྣར། པེ།༽ བསམས་པའི་
[85] བསྡུ་ ༼སྣར། པེ།༽ བསྡུས་
[86] བརྒྱད། ༼སྣར། པེ།༽ རྒྱས།
[87] བརྟག་པ་གཅེས་ ༼སྣར། པེ།༽ བརྟག་པ་ཅེས་
[88] སྔོན་དུ་ ༼སྣར། པེ།༽ མངོན་དུ་
[89] རྩུབ་ ༼སྣར། པེ།༽ བརྩུབ་
[90] རྣ་ ༼སྣར། པེ།༽ སྣ་
[91] རྔབས་རུའི་ ༼སྣར། པེ།༽ སྔ་སྦྲུལ་
[92] རིག་པས་ ༼སྣར། པེ།༽ རིགས་པས་
[93] བརྟག་ ༼སྣར། པེ།༽ བརྟག་ཐབས་བརྒྱད་ལ་གསོ་ཐབས་བརྒྱད། །བརྟག་
[94] གཏེར་གྱིས་ ༼སྣར། པེ།༽ གཏེར་གྱི་
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།