༄༅། །དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས། །

༄༅། །དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས།

 ༄༅༅། །རྒྱ་གར་སྐད་དུ། སྟྲཱི་པྲཛྙཱ་ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་ནག་པོ་ཆེན་པོ་ཡུམ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འགྱེལ་བའི་རོ་ལ་ཞབས་མཆོག་མཉམ་པའི་སྟབས་ཀྱིས་བཞུགས་ཤིང་སྦོམ་ཐུང་དྲག་ལ་གསུས་ཁྱིམ་ཡངས། །ཀླུ་ཆེན་བརྒྱད་ཀྱིས་རྣམ་པར་བརྒྱན་ཞིང་དབུ་སྐྲ་དམར་སེར་གྱེན་བརྫེས་གྲི་གུག་ཐོད་པ་འཛིན། །ཕྲག་པར་ཤེས་རབ་མ་ཡིས་འཁྱུད་ཅིང་ཞལ་གཅིག་དང་ལྡན་དཔལ་ལྡན་ཆོས་སྐྱོང་རྟག་པར་དགའ། །

རང་བཞིན་ཤིན་ཏུ་གནག་པའི་ཁྱད་པར་འཕགས་སྐུ་སྤྱན་གསུམ་ལྡན་པས་ཁྱེད་ལ༌[1]རྟག་ཏུ་བསྲུངས། །བགེགས་རྣམས་ཐམས་ཅད་འཇོམས་དོན་དང་། །དམ་ཚིག་བསྐྱང་བར་བྱ་བའི་ཕྱིར། །ནག་པོ་ཆེན་པོའི༌[2]སྒྲུབ་པའི་ཐབས། །མན་ངག་བརྒྱུད་པ་བཤད་པར་བྱ། །དེ་ལ་དུར་ཁྲོད་དང་ལིངྒ་གཅིག་པ་ལ་སོགས་པར་འཇམ་པའི་སྟན་ལ་འདུག་ལ། སྐད་ཅིག་གིས་སྟོང་པ་ཉིད་བསྒོམས་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་ཡིག་ཁ་དོག་ནག་པོའོ། །དེ་ལས་གྲུབ་པའི་རྗེ་བཙུན་དཔལ་ལྡན་ནག་པོ་ཆེན་པོ། ཞལ་གཅིག་པ། ཕྱག་གཉིས་པ། སྐུ་མདོག་ནག་པོ། སྤྱན་གསུམ་པ། མགོ་བོའི་ཕྲེང་བ་སྐེ་ལ་འཕྱང་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རོའི་གདན་ལ་བཞུགས་པ། མཆེ་བ་གཙིགས་པ། འཇིགས་སུ་རུང་བ། ཀླུ་བརྒྱད་ཀྱིས་རྣམ་པར་བརྒྱན་པ། སྐུ་ཐུང་བ། གསུས་ཁྱིམ་ཆེ་བ། གཟི་བརྗིད་དང་ལྡན་པ། ཐོད་པ་ལྔ་ཡིས༌[3]ཅོད་པན་བྱས་པ། མི་བསྐྱོད་པས་དབུ་བརྒྱན༌[4]ཞིང་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ། །ཕྱག་གཡས་པས་གྲི་གུག་འཛིན་པ། གཡོན་པ་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། ཞལ་ནས་ཁྲག་འཛག་པ། ལྗགས་འདྲིལ་བ། ནག་པོ༌[5]ཆེན་མོ༌[6]དང་སྙོམས་པར་སྦྱོར་བར་བདག་ཉིད་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མ་ནི། ས་བོན་ཧྲིཾ་ཡིག་ལས་སྐྱེས་པའི་སྐུ་མདོག་ནག་མོ། སྐུ་གཅེར་མོ་རྒྱན་དང་བྲལ་བ། དབུ་སྐྲ་དམར་སེར་གྱེན་དུ་མཛེས་པ། ཕྱག་གཡས་པས་གྲི་གུག་དང་། གཡོན་པས་ཐོད་པ་འཛིན་པས་ཡབ་ཀྱི་སྐུ་ལ་འཁྱུད་པས་བཞུགས་པའོ། །ཤར་དུ་ས་བོན་ཀཾ་ལས་སྐྱེས་པའི་ནག་མོ་སྐུ་མདོག་ནག་མོའོ། །ལྷོར་ས་བོན་ཀཾ་ལས་བྱུང་བའི་གཙིགས༌[7]མའོ། །ནུབ་ཏུ་བཾ་ལས་བྱུང་བའི་ཕག་མོའོ། །བྱང་དུ་བེཾ་ལས་བྱུང་བའི་རོ་ལངས་མའོ། །འདི་རྣམས་ཐམས་ཅད་ཕྱག་རྣམས༌[8]གྲི་གུག་དང་ཐོད་པ་འཛིན་པ། སྐུ་གཅེར་མོ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། པདྨ་དང་ཉི་མའི་གདན་ལ་བཞུགས་པ། སྤྱན་གསུམ་མ། རྔམ་པའི་ཞལ། སྐུ་མདོག་ནག་མོའོ། །སྙིང་གའི་པདྨ་དང་ཉི་མའི་ཧཱུཾ་གི་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། མངོན་པར་མཆོད་ལ། དམ་ཚིག་པ་ལ་བསྟིམ་པ་བྱས་ནས། དེ་འདིར་ནག་པོ་ཆེན་པོ་བདག །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །འོད་གསལ་བར་ནི་རབ་ཞུགས་སོ། །བདག་ནི་རྣམ་ཀུན་ཡོངས་སུ་བཀང་། །ཞེས་སོ། །དེ་ནས་ནག་པོ་ཆེན་པོ་ལ་མཆོད་པ་ཕུལ་ནས། དེ་ལ་ལག་པ་ཐལ་མོ་སྦྱར་བ་བསྟན་ནས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ། ས་མ་ཡ། མཱ་ཏི་ཀྲཱ་མ་ཡ། ས་མ་ཡ་རཀྵཾ་ཏུ། ཞེས་བརྗོད་པར་བྱའོ། །ལྷ་མོ་རྣམས་ལ་ཡང་རྡོ་རྗེའི་ཐལ་མོ་སྦྱར་བ༌[9]བསྟན་ནས། དེ་རྣམས་ཀྱི་མིང་བཅུག་པ་རྣམ་པ་ལྔ་པོ་ལའང་བཀླག༌[10]པར་བྱའོ། །རང་གི་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ་ཞེས་པ་དམ་ཚིག་གཟུང་བའོ། །དེ་ནས་དུག་དང་ཁྲག་ཆེན་དང་ཡུངས་ཀར་རྣམས་ཀྱི་བདུག་སྤོས་ཕུལ་ནས། སྲན་མ། ཛམྦུ་ཏི༌[11]ཀ །ཆང་མེ་ཏོག །བདུག་སྤོས། ཤ་ལྔ༌[12]བདུད་རྩི་ལྔའི༌[13]གཏོར་མ་ནི། བདུད་རྩིར་བྱ༌[14]ལ། ཨོཾ་ཤྲཱིཾ་ཀྵཱིཾ་ཨི་དཾ་བ་ལཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། མ་ཧཱ་མ་ས། པུཥྤཾ། དྷཱུ་པཾ་དཱི་པ། རཀྵ། ཏ་ལ་པཱ་ཏཱ་ལེ། ཨཥྚ་ནཱ་ག །དེ་བ། ཡཀྵ། རཱཀྵ་ས། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཨི་དཾ། བ་ལིཾ། ཧཱ་ཧཱ། ཧཱུཾ་ཧཱུཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཛཿཕེཾ་མ་ཧཱཊྚ་ཧཱ་ས། གརྫྫ་ཡ་གརྫྫ་ཡ། ཏརྫ་ཡ་ཏརྫྫ་ཡ། ཨོཾ་ཀྲྀཥྞཱ་བརྞྞ་ཡ། ཕེཾ་ཕེཾ་ཕཊ། ཅེས་པའི་སྔགས་ཀྱིས་དབུལ་ལོ། །མངོན་པར་མཆོད་ཅིང་བསྟོད་པར་བྱའོ། །སྙིང་གར་སྔགས་བརྟན་པོར་དམིགས་པ་བྱས་ནས་བཟླས་པར་བྱའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ནོ་པ་ཧཱ་རི་ཎེ། ཨེ་ཥཱ་པཥྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ་མཱཾ། རཏྣ་ཏྲ་ཡཱ་ཡཱ་པ་ཀཱ་རི་ཎཾ། དུཥྚཱཾ་ཁ་ཁ།[15] ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ༌[16]གཟུངས་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ༌[17]ཡེ་ཧཱུཾ་ཧཱུཾ་ཕཊ། ནག་པོ༌[18]ཆེན་མོའོ། །ཨོཾ་ཀཱ་ལཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ནག་མོའིའོ། །ཨོཾ་ཀཱ་རཱ་ལི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཙིགས་མའོ།[19] །ཨོཾ་ཝཱ་རཱ་ཧཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཝཱ་རཱ་ཧཱིའིའོ། །ཨོཾ་བེ་ཏཱ་ལཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རོ་ལངས་མའིའོ། །ཇི་སྲིད་མཚན་མ་མ་ཐོབ་ཀྱི་བར་དུ་བཟླས་པར་བྱའོ། །དེའང་དངོས་སམ་རྨི་ལམ་དུ། བུད་མེད་ནག་མོ་ཆེན་པོ་དང་། བྱ་དང་ཁྱི་ནག་པོ་དག་དང་། ཅེ་སྤྱང་རྣམས་དགའ་བ་བྱེད་པར་འགྱུར་རོ་ཞེས་པ་ནི་བསྙེན་པའི་ཆོ་གའོ། །[20]ད་ནི་སྒྲུབ་ཐབས་ཀྱི་ཆོ་ག་བྲི་བར་བྱ་སྟེ། འཇིགས་སུ་རུང་བའི་དུར་ཁྲོད་དུ། སྔགས་པས་ཆས་གོས་ནག་པོ་འཆང་བས། ནག་ཕྱོགས་ཚེས་བཅུ་བཞིའི་མཚན་མོ། སྟན་ནག་པོ་ལ་འདུག་ལ། བ་བྱུང་ལྔ། བདུད་རྩི། དྲི་བཟང་། མིའི་ཁྲག་དང་ཞག་གིས་བྱུགས་པའི་སྟེགས་བུ་ལ། གཞོན་ནུ་མའི་རྡུལ་གྱིས་ཆག་ཆག་དང་ཐིག་ལེ་བྱས་ལ། དུར་ཁྲོད་ཀྱི་སོལ་བས་བྱུགས་ནས། ཆོས་འབྱུང་ནག་པོ་ལ་མེ་ཏོག་གི་ཚོམ༌[21]བུ་ལྔ་བཀོད་པར་བྱའོ། །དེའི་མདུན་དུ་སྔོན་དུ་བཤད་པའི་བདུག་སྤོས་དང་། གཏོར་མ་དང་། གཞན་ཡང་མཆོད་པའི་རྫས་རྣམས་བཤད་ནས་བསྒྲུབ་པ་བརྩམ་པར་བྱའོ། །དེ་ལ་འཁྱིལ་པའི་སྔགས་བཟླས་པའི་ཆང་གིས་དཀྱིལ་འཁོར་ལ་གཏོར་བས་བསངས་ཤིང་རང་བཞིན་གྱིས་རྣམ་པར་དག་པར༌[22]མོས་ལ། སྔགས་བཟླས་ཤིང་། དེའི་ངང་ལས་རང་རང་གི་ས་བོན་ལས་སྐྱེས་པའི་དཔལ་ནག་པོ་ཆེན་པོ་འཁོར་དང་བཅས་པ། སྔོན་དུ་སྨྲས་པ་བཞིན་དུ་བདག་ཉིད་རྫོགས་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཞེས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། རབ་ཏུ་གཞུག་པ་ལ་སོགས་པ་ཕྱག་རྒྱ་དང་བཅས་པ་བྱས་ནས། མཆོད་པ་དང་གཏོར་མ་ཕུལ་ལོ། །སྔགས་ཀྱི་བཟླས་པའི་མཐར་ཐུག་པར་བྱའོ། །ཚོགས་ཀྱི་འཁོར་ལོས་ཚིམ་པར་བྱས་ཤིང༌[23]ལྷག་མ་རྣམས་ལྷག་གཏོར་དུ་སྦྱིན་པར་བྱའོ། །དེ་ལྟར་སྔོན་དུ་འགྲོ་བ་བྱས་ནས། དེ་ནས་བཟུང་སྟེ། ཉི་མ༌[24]སོ་སོར་ཐུན་བཞིར་སྔོན་དུ་སྨྲས་པའི་ཆོ་ག་རྫོགས་པར་བྱའོ། །ཁྱད་པར་དུ་འདིར་བསྟོད་པ་དང་། བྱ་བ་ལ་བསྐུལ་བའི་ཚིག་དང་བཅས་པ་སླར་ནས་སླར་དུ་བྱའོ། །དུབ་པར་གྱུར་ན། གོས་ནག་པོ་དཀྱིལ་འཁོར་ལ་གཡོགས་ལ། ཨོཾ་ཨཱཿཧཱུཾ་ཞེས་པས་བྱིན་གྱིས་བརླབས་ལ། ཇི་ལྟར་བདེ་བར་གནས་པར་བྱའོ། །རིམ་པ་འདི་ཡིས་ཇི་སྲིད་མཚན་མ་མ༌[25]ཐོབ་ཀྱི་བར་དུ་བསྒྲུབ་པར་བྱ་སྟེ། འདིར་མཚན་མ་ནི་རབ་ནག་པོ་ཆེན་པོའི་སྐུ་མངོན་སུམ་མམ་རྨི་ལམ་དུའམ་ཉམས་སྣང་དུའོ། །འབྲིང་དཀྱིལ་འཁོར་ལ་འོད་ཟེར་དུ་སྣང་བའོ། །ཐ་མ་རྨི་ལམ་དུ་རང་ཉིད་གོ་བགོས༌[26]པ། མཚོན་ཆ་ཐོགས་པ། དཔུང་གི་གཙོ་བོ་བྱེད་པ། གདུག་པ་གསད་པ། མི་ཤ་ཟོས་པ་རྣམས་སོ་ཞེས་བྱ་བ་ནི་སྒྲུབ་ཐབས་ཀྱི་ཆོ་གའོ། །ལས་ལ་སྦྱོར་བ་བྲི་བར་བྱ་སྟེ། སློབ་དཔོན་ལ་གང་རྟག་ཏུ་སྡང་བར་སེམས་པ་དང་། དཀོན་མཆོག་གསུམ་ལ་གནོད་པ་དང་། སེམས་ཅན་མང་པོ་ལ་གནོད་པར་གྱུར་པ་རྣམས་ནག་པོ་ཆེན་པོས་དེའི་ཤ་ཟ་བར་མཛོད་ཅིག །བཅད་པར་མཛོད་ཅིག །ཁྲག་བཏུང་བར་མཛོད་ཅིག །ཡང༌[27]ན་སྤྱི་བོ་ནས་ཕུག་ནས། ཏིལ་ཙམ་དུ་ཕྱེ་མར་མཛོད་ཅིག་ཅེས༌[28]པ་སྟེ། བདག་གིས་གལ་ཏེ་བླ་མ་ལ་སོགས་པ་ལ་གནོད་པར་བྱེད་པའི་གདུག་པ་ལ། མངོན་སྤྱོད་ཀྱི༌[29]ལས་བྱ་བར་འདོད་པ་དེའི་ཚེ། དེའི་རྐང་རྗེས་ཀྱི་རྡུལ་ལུས་ཀྱི་དྲི་མར་བཅས་པ་དང་། རྡོ་དང་ལྕགས་དང་ཟངས་དང་། ཚ་བ་གསུམ་དང་། གྲོ་ཕྱེ་རྣམས་ཕྱེ་མར་བྱས་ལ་གདུག་པའི་གཟུགས་བྱས་པའི་སྙིང་གར། །དུག་དང་། སྐེ་ཚེ་དང་། ཚོས་དང་། མཚོན་གྱིས་བསད་པའི་ཁྲག་རྣམས་ཀྱིས་མིའི་པགས་པ་ལ་འཁོར་ལོ་ནི། ལྟེ་བར་བསྒྲུབ་བྱའི་མིང་བཀོད་པའི་གཟུངས་རིང༌[30]བྲིའོ། །ཨི་དཾ་དུཥྚཱཾ་དི་ན༌[31]མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་རྩིབས་དྲུག་ལ་བྲིའོ། །ཨོཾ་མ་ཧཱ་ཀཱ་ལི༌[32]ཡེ། ཆེ་གེ་མོ་དུཥྚཱཾ་དི་ན་མེ་ཀེ་ན་ནཱ་ར་ཡ༌[33]ཕཊ་སྭཱ་ཧཱ། ཞེས་སོགས་ལྷ་མོ་ལྔའི༌[34]སྔགས༌[35]མུ་ཁྱུད་ལ་བྲིའོ། །དེ་སྐད་ཅིག་གིས་རང་བཞིན་གྱིས་རྣམ་པར་དག་པར་མོས་ལ། དེའི་ངང་ལས་འཁོར་ལོ་པདྨ་དང་ཉི་མ་ལ་གནས་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི༌[36]ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་གཞུག་པར་བྱ་ཞིང་། རབ་ཏུ་གནས་པ་དང་། མཆོད་པ་བྱས་ལ། དེ་ནས་གཟུངས་རིངས་ཀྱི་སྔགས་ལས། མཚོན་ཆ་སྣ་ཚོགས་ཐོགས་པའི་ཁྲོ་བོའི་ཚོགས་འཕྲོས་པས་བསྒྲུབ་བྱ་བཀུག་ནས། དེའི་མིང་ལ་ཛཿཧཱུཾ་བཾ་ཧོཿཞེས༌[37]པས་རབ་ཏུ་གཞུག་པ་ལ་སོགས་པ་བྱས་ལ། གདོལ་པས་ཕྱིར་འཁལ་དུ་བཀལ་བའི་སྐུད་པས་ཕྱོགས་ནས་དཀྲིས་ཏེ་སྙིང་གར་བཅུག་པར་བྱའོ། །དེའི་སྟེང་སྤྲ་ཚིལ༌[38]གྱིས་བཀག་གོ། །དེའི་རྩ༌[39]བའི་སྒོ་ནས་ལྕགས་ཀྱི་རྩང་གིས་འཁོར་ལོ་ལ་མ་རེག་པར་བཙུགས༌[40]ནས་ལྷོ་ཕྱོགས་སུ་ཐད་ཀ༌[41]དང་མཐོན་དམན༌[42]ལ་སོར་བཅུ་གཉིས་པའི་ཁུང་བུ་ཟུར་གསུམ་པ་ལ། དུར་ཁྲོད་ཀྱི་སོལ་བས་བྱུགས་པ༌[43]བཅུག་ལ་སྣ་ཚོགས་རྡོ་རྗེས༌[44]མནན་པར་བྱའོ། །དེ་ནས་སྔགས་པས་སྒྲུབ་ཐབས་སུ་བཤད་པའི་ཆོ་ག་དང་རྗེས་སུ་མཐུན་པར་དཔལ་ནག་པོ་ཆེན་པོའི་ང་རྒྱལ་དང་ལྡན་པས། རང་ཉིད་དྲག་པོ་ཆེན་པོའི་ཐུགས་ལས་འཕྲོས་པའི་མེ་འདྲེས་པ་ལས། མཚོན་ཆ་ཐོགས་པའི་ཁྲོ་གཟུགས་མཐའ་ཡས་པ་འཕྲོས་པའི་ཟེར་དང་ལྡན་པས། སྙིང་པོའི་སྔགས་དང་གཟུངས་རིངས་དང་། ལྷ་མོའི་སྔགས་བཟླ་ཞིང་། ཁྲག་སྣ་ཚོགས། ཐལ་ཆེན། ཡུངས༌[45]ཀར་རྣམས་བཟུང་ལ། སྣ་ཚོགས་རྡོ་རྗེ་བསལ༌[46]ནས། རབས་ཆད་ཀྱི་ཐོད་པར་བཅུག་པའི་དགྲ་གཟུགས་ལ། བསྒྲུབ་བྱ་རབ་ཏུ་བཀུག་པས་བཅུག་གོ། །ཁྱབ་བདག་གིས་རབ་ཏུ་བསྐུལ་བ་ལས། རྣལ་འབྱོར་མ་ལྔ་པོ་རྣམས་རོལ་པ་ཆེན་པོའི་གཟུགས་ཅན། གྲི་གུག་དང་ཐོད་པ་འཛིན་པ་རྣམས་རླུང་གི་ཤུགས་ཀྱིས་སོན་ཏེ། དེའི་ཤ་གཏུབ་པར་བྱེད། ཁྲག་འཐུང་བར་བྱེད། རྒྱུ་མ་གཅོད་པར་བྱེད། ལྟེ་བའི་རྩ་བ་ནས་དབྱུང་བར་བྱེད། ནག་པོ་ཆེན་པོའི་ཐུགས་ཀ་ནས་འཕྲོས་པའི་ཁྲོ་བོའི་ཚོགས་རྣམས་ཀྱིས་མཚོན་ཆ་སྣ་ཚོགས་པའི་ཆར་ཕབ་པ་ལྷུང་བས་དེའི་ལུས་ཐལ་བ་བཞིན་དུ་བྱས་ཏེ། རྣམ་པར་ཤེས་པ་ནི་མི་བསྐྱོད་པའི་ཞིང་དུ་སོང་བའི་མོས་པ་བྱ་ཞིང་། གཟུངས་སྔགས་བཟླས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་བཟླས་སོ། །དེ་ནས་ལྷ་མོའི་སྔགས་སྤེལ་ཚིག་དང་བཅས་པས་གསད་པར༌[47]བྱའོ། །དེའི་རྗེས་སུ་སྤྲུལ་པ་རྣམས་དེ་ལ་བཅུག་ནས། གཏོར་མ་དང་མཆོད་པ་ལ་སོགས་པས་ཚིམ་པར་བྱ་ཞིང་བཟོད་པར་གསོལ་ནས། ལིངྒ་སྣ་ཚོགས་རྡོ་རྗེ་དང་གཏོར་མས་མནན་པར་བྱའོ། །དེ་ལྟར་ཐུན་བཞིར་བསྒྲུབས་པ་ལས། འགུལ་པ་ལ་སོགས་པའི་མཚན་མ་འབྱུང་སྟེ། ནག་པོ་ཆེན་པོ་ལ་གཏོར་མ་ལ་སོགས་པས་མངོན་པར་མཆོད་ནས། དེའི་རྗེས་སུ་ལིངྒ་ལག་པ་གཡོན་པས་ལྕགས་ཀྱི་རྩང༌[48]གིས་བཟུང་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་གཡབ་པས༌[49]བཟླས་པ་བྱའོ། །ནག་པོ་ཆེན་པོ་ལ་སོགས་པའི་ཐུགས་ཀའི་ཡེ་ཤེས་ཀྱི་མེ། འབྲས་ཀྱི་ཕུབ་མ་ལ་དུར་ཁྲོད་ཀྱི་མེ་སྤར་བའི་རོ་མཉམ་པ་ལ་བདུག་པར་བྱའོ། །མཚན་ཕྱེད་དུ་བྱ་བ་ཞག་བདུན་གྱི་བར་དུའོ། །འོན་ཀྱང་འབྲས་ཕུབ་ཀྱི་མེ་མ་ཤི་བར་བྱའོ་ཞེས་པའོ། །ཡང་ན་སྔོན་དུ་སྨྲས་པའི་ལིངྒ་གཏོར་མའི་དབུས་སུ་བཅུག་ནས། བསྒྲུབ་བྱའི་མིང་སྤེལ་ཚིག་ཅན་གྱིས་གཟུངས་རིངས་བཀླག་ཅིང་། དཔལ་ནག་པོ་ཆེན་པོ་ལ་གཏོར་མ་དབུལ་ལོ་ཞེས་པའོ། །ནག་ཕྱོགས་བཅུ་བཞིའི་མཚན་མོ། དྲག་པོའི་སྦྱིན་སྲེག་གིས་བསྒྲུབ་བྱ་ལ་གཟིར་བར་བྱ་བ་སྟེ། དེ་དག་གི་ཆོ་ག་ནི་གཞན་དུ་ཤེས་སོ། །གང་ཞིག་བྱང་ཆུབ་ཐོབ་པའི་རྒྱུ་ཕྱིར་རང་སྐྱབས་སོང་བའི་བགེགས་རྣམས་མ་ལུས་འཇོམས། །གང་ཞིག་འཁོར་བར་ལས་ཀྱི་ཞགས་ལས་སེམས་ཅན་རྣམས་ནི་སྙིང་རྗེ་དམ་པ་བསྲུངས། །དེང་འདིར་རྣལ་འབྱོར་མ་རྣམས་ཀྱིས་ནི་མཐའ་དག་འགྲོ་བའི་སྡིག་མུན་ཕུང་པོ་ཆོམ། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་རབ་དགའི་སྙིང་པོས་དགེ་བ་ཁྱེད་ལ་སྩལ་དུ་གསོལ། །དཔལ་ནག་པོ་ཆེན་པོ་ཡུམ་ཅན༌[50]གྱི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ལས་བྱུང་བ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བ༌[51]ན་རཏྣའི་ཞལ་སྔ༌[52]ནས་དང་ཆོས་འཁོར་ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས་ཀྱིས་བསྒྱུར་བའོ། །

 

བསྡུར་མཆན།

[1] ལ་ ༼སྣར། པེ།༽ རྣམས་

[2] ཆེན་པོའི་ ༼སྣར། པེ།༽ ཆེན་པོ་

[3] ལྔ་ཡིས་ ༼སྣར། པེ།༽ ལྔ་ཡི་

[4] དབུ་བརྒྱན་ ༼པེ།༽ དབུ་རྒྱན་

[5] ནག་པོ་ ༼སྣར། པེ།༽ ནག་མོ་

[6] མོ་ ༼སྣར། པེ།༽ པོ་

[7] གཙིགས་ ༼སྣར། པེ།༽ གཙིག་

[8] རྣམས་ ༼སྣར། པེ།༽ རྣམས་ན་

[9] སྦྱར་བ་ ༼སྣར། པེ།༽ སྦྱར་

[10] བཀླག་ ༼སྣར། པེ།༽ ཀླག་

[11] ཏི་ ༼སྣར། པེ།༽ ཊི་

[12] ཤ་ལྔ་ ༼སྣར། པེ།༽ ཤ་ལྔའི་

[13] རྩི་ལྔའི་ ༼སྣར། པེ།༽ རྩིའི་

[14] བྱ་ ༼སྣར། པེ།༽ བྱས་

[15] ཁ། ༼སྣར། པེ།༽ ཁཱ།

[16] ཅེས་པ་ ༼སྣར། པེ།༽ ཞེས་པ་

[17] ཀཱ་ལ་ ༼སྣར། པེ།༽ ཀཱ་ལི་

[18] ནག་པོ་ ༼སྣར། པེ།༽ ནག་མོ་

[19] མའོ། ༼སྣར། པེ།༽ མའི་འོ།

[20] གའོ། ། ༼སྣར།༽ །། །།

[21] ཚོམ་ ༼སྣར། པེ།༽ ཚོན་

[22] དག་པར་ ༼སྣར། པེ།༽ དག་པས་

[23] བྱས་ཤིང་ ༼སྣར། པེ།༽ བྱ་ཞིང་

[24] ཉི་མ་ ༼སྣར། པེ།༽ ཉི་མ་ལ་

[25] མཚན་མ་མ་ ༼པེ།༽ མཚན་མ་

[26] བགོས་ ༼པེ།༽ བགོགས་

[27] ཡང་ ༼སྣར། པེ།༽ ཡ་

[28] ཅིག་ཅེས་ ༼སྣར། པེ།༽ ཅིག་ཞེས་

[29] མངོན་སྤྱོད་ཀྱི་ ༼པེ།༽ མངོན་སྤྱོད་ཀྱིས་

[30] རིང་ ༼སྣར།༽ རིངས་

[31] ན་ ༼སྣར། པེ།༽ ནི་

[32] ལི་ ༼སྣར། པེ།༽ ལཱི་

[33] ཡ་ ༼སྣར། པེ།༽ ཡ་ཧཱུཾ་ཧཱུཾ་

[34] ལྔའི་ ༼སྣར། པེ།༽ ལྔ་

[35] སྔགས་ ༼སྣར། པེ།༽ སྔགས་ནི་

[36] འཇིག་རྟེན་གྱི་ ༼སྣར། པེ།༽ འཇིག་རྟེན་གྱིས་

[37] ཞེས་ ༼སྣར། པེ།༽ ཧོཿས་ཞེས་

[38] སྤྲ་ཚིལ་ ༼སྣར། པེ།༽ པྲ་ཚིལ་

[39] རྩ་ ༼སྣར། པེ།༽ རྩལ་

[40] བཙུགས་ ༼སྣར།༽ བཙུག་ ༼པེ།༽ ཐར་ག་

[41] ཐད་ཀ་ ༼སྣར། པེ།༽ ཐང་ག་

[42] མཐོན་དམན་ ༼སྣར། པེ།༽ མཐོ་དམན་

[43] བྱུགས་པ་ ༼སྣར། པེ།༽ བྱུག་པར་

[44] རྡོ་རྗེས་ ༼སྣར། པེ།༽ རྡོ་རྗེ་

[45] ཡུངས་ ༼སྣར། པེ།༽ ཡུང་

[46] བསལ་ ༼སྣར། པེ།༽ གསལ་

[47] གསད་པར་ ༼སྣར།༽ བསད་པར་

[48] ཀྱི་རྩང་ ༼སྣར། པེ།༽ ཀྱིས་ཙང་

[49] གཡབ་པས་ ༼སྣར། པེ།༽ གཡས་པས་

[50] ཡུམ་ཅན་ ༼སྣར། པེ།༽ ཡུམ་

[51] བ་ ༼སྣར། པེ།༽ བཱ་

[52] སྔ་ ༼སྣར། པེ།༽ མངའ་

Leave a Reply

Your email address will not be published. Required fields are marked *