བོད་དང་བོད་མིའི་མགྲིན་ཚབ་དང་དཔལ་ནཱ་ལེནྡྲ།

བོད་དང་བོད་མིའི་མགྲིན་ཚབ་དང་དཔལ་ནཱ་ལེནྡྲ།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ལས[1]། དེ་ཡང་ཕྱི་ལོའི་དུས་རབས་བདུན་པར། ནང་པའི་གསུང་རབ་ལེགས་སྦྱར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར་བ་ནས་བཟུང་། བོད་མིས་རྒྱ་གར་ནི་འཕགས་པའི་ཡུལ་དུ་བཀུར་ཞིང་། རང་རེས་གཅེས་སྤྲས་ཆེན་པོ་བྱེད་པའི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཀྱང་རྒྱ་གར་ནས་བྱུང་།

བོད་ཀྱི་ཡིག་གཟུགས་ཀྱང་དུས་རབས་བདུན་པའི་ནང་རྒྱ་གར་གྱི་དེ་བ་ན་ག་རིའི་ཡི་གེར་དཔེ་བླངས་ནས་གསར་བཟོ་བྱས། དེ་བཞིན་ལྟ་གྲུབ་ཀྱི་གཞུང་དང་། སེམས་ཁམས་རིག་པ། ཚད་མ་རིག་པ། འཇིག་རྟེན་ཆགས་ཚུལ་རྣམས་ཀྱང་། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་བཞེད་གཞུང་ལས་བྱུང་བའི་ལེགས་སྐྱེས་ཡིན། ང་ཚོའི་སྐར་རྩིས་རིག་པ་དང་ལོ་ཐོ་འདོན་ལུགས་རྣམས་ཀྱང་། རྒྱ་གར་གྱི་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལ་བརྟེན་ནས་ཕུན་སུམ་ཚོགས་པར་བྱས་ཡོད། དེ་བཞིན་དུ་ང་ཚོའི་གསོ་བ་རིག་པར་ཡང་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་ཤུགས་རྐྱེན་ཐེབས་ཡོད། དེར་བརྟེན་རྒྱ་གར་དེ་ངོས་ཀྱི་ཕ་ཡུལ་གཉིས་པར་གྱུར་པ་དེས། རང་ཉིད་ལ་བློ་བཞག་སའི་གཞི་རྟེན་ནུས་སྟོབས་དང་ལྡན་པ་ཞིག་ཐོབ་བྱུང་། ཞེས་དང་།

 

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ལས[2]། སྤྱིར་ནས་ཀྱང་རྒྱ་རིགས་གནས་སྐོར་བ་སྔོན་རྒྱ་གར་དུ་ནང་པའི་གསུང་རབ་དང་གདམས་པ་འཚོལ་བར་ཕེབས་པ་རྣམས་ཀྱི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་དེར། ངོས་རང་སྔ་ཙམ་ནས་ཡིད་སྨོན་ཆེན་པོ་ཡོད་པ་བརྗོད་མི་དགོས། དེ་ཡང་ཕྱི་ལོའི་དུས་རབས་བཞི་པའི་མཇུག་ཏུ་རྒྱ་གར་ལ་བྱོན་པའི་རྒྱའི་སློབ་དཔོན་ཧྥ་ཤན་ནས། དུས་རབས་བདུན་པའི་དུས་དཀྱིལ་དུ་ཕེབས་པ་སློབ་དཔོན་ཞོན་ཙང་ངམ་ཐང་ཟན་ཙང། དེ་བཞིན་དུས་རབས་བདུན་པའི་མཇུག་ཏུ་བྱོན་པའི་སློབ་དཔོན་ཡཱི་ཅིང་བཅས་རླབས་ཆེན་གྱི་རྒྱའི་དགེ་སློང་དེ་དག་གིས་དམ་པའི་ཆོས་ཀྱི་དོན་དུ་ཉེན་ཁར་མ་འཛེམས་པར་ཐམས་ཅད་བློས་གཏོང་མཛད་ཡོད། རྒྱའི་བཙུན་པ་འདི་དག་གི་ཁྱད་ཆོས་ངོ་མཚར་ཅན་ཞིག་ནི། ཁོང་ཚོས་རང་ཉིད་ཀྱིས་འགྲུལ་བཞུད་མཛད་པའི་ལམ་ཡིག་ཞིབ་ཚགས་པོ་བཀོད་ཡོད་པ་དེ་ཡིན། གནས་སྐོར་བ་དེ་དག་གི་ཁོངས་ནས་བཙུན་པ་ཐང་ཟན་ཙང་གི་མཛད་རྗེས་བླ་མེད་ལ་དེང་སང་འཛམ་གླིང་ཡོངས་ནས་ངོས་འཛིན་གདེང་འཇོག་ཚད་མཐོ་ཐོབ་ཡོད། ཁོང་གི་རྣམ་ཐར་གྱི་ཤུགས་རྐྱེན་ལ་བརྟེན་ནས། རྒྱ་ནག་གི་སྲོལ་རྒྱུན་རྩོམ་རིག་ནང་སྐད་གྲགས་ཡོད་པའི་སྤྲེལ་རྒྱལ་རྫུ་འཕྲུལ་ཅན་དང་འབྲེལ་བའི་གཏམ་རྒྱུད་དེ་བྱུང་བ་རེད། ཐང་ཟན་ཙང་རྒྱ་གར་ནས་ཕྱིར་ལོག་རྗེས་ཐང་གོང་མའི་ཆེད་དུ་བྲིས་པའི་ནུབ་ཁུལ་འགྲིམས་པའི་ལམ་ཡིག་ཞིབ་རྒྱས་ཡོད་པའི་དྲིན་ལས། རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་འབྱུང་ལོ་རྒྱུས་དང་། སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་གནས་ཆེན་མང་པོ་ཕྱིས་སུ་ངོས་འཛིན་ཐུབ་པ་བྱུང་བ་དཔེར་ན་དཔལ་ནཱ་ལེནྡྲ་ལྟ་བུ་ཡིན་ཞིང་། དེང་སང་འཛམ་གླིང་ཁྱོན་གྱི་ནང་པ་དད་ལྡན་པ་ས་ཡ་མང་པོས་གནས་ཆེན་འདི་ཚོར་གནས་སྐོར་དང་ཕྱག་མཆོད་ཞུ་ཐུབ་པ་བྱུང་ཡོད།   དེར་བརྟེན་ངོས་ནི་གནའ་བོའི་རྒྱ་ནག་རྒྱལ་ཁབ་དང་དེའི་མི་མང་ལ་གུས་བརྩི་ཆེན་པོ་ཞུ་མཁན་ཞིག་ཡིན།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ལས[3]། དེ་བཞིན་དུ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་རིག་གཞུང་དེ་ནི། ད་ལྟའི་ཆར་འཛམ་གླིང་ནང་། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཕུན་སུམ་ཚོགས་པའི་བཞེད་སྲོལ་ཆ་ཚང་བ་སྟེ། ལྟ་གྲུབ་དང་། གཏན་ཚིགས་རིག་པ། སྐད་བརྡ་རིག་པ། སེམས་ཁམས་རིག་པ་དང་། དེ་བཞིན་དུ་བློ་སྦྱོང་བའི་སྒོམ་སྒྲུབ་ཀྱི་ཐབས་སྣ་ཚོགས་པ་རྣམས་ཉར་ཚགས་བྱེད་མཁན་གཅིག་པུ་དེར་གྱུར་ཡོད་ཅིང་།  སྲོལ་རྒྱུན་རིག་གཞུང་དེའི་སྙིང་པོ་ལྟ་བུར་ཆེད་གཉེར་གྱིས་རྩལ་འདོན་བྱེད་ས་ནི། ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཕན་ཚུན་ལྟོས་གྲུབ་ཡིན་པའི་ཚུལ་དེ་དང་། འགྲོ་བ་མིའི་ཐུན་མོང་གི་རང་བཞིན་ཤེས་པ་གཞིར་བྱས་ཏེ་གཞན་ཕན་སྙིང་རྗེའི་བློ་རྩལ་འདོན་བྱེད་པ་དེ་གཉིས་རྨང་གཞིར་བྱས་ཏེ། ཀུན་ལ་བདེ་སྐྱིད་འབྱུང་བའི་གཞི་ཡ་རབས་སྤྱོད་བཟང་གི་ལམ་ནས་མི་ཚེ་སྐྱེལ་ཐབས་སྟོན་པ་དེ་ཡིན།

 

[1] བོད་དང་བོད་མིའི་མགྲིན་ཚབ་པ། ངོ་སྤྲོད། བོད་ཀྱི་དཔེ་མཛོད་ཁང་། ༢༠༢༥ ལོ། ཤོག་གྲངས་ xvii

[2] བོད་དང་བོད་མིའི་མགྲིན་ཚབ་པ། ངོ་སྤྲོད། བོད་ཀྱི་དཔེ་མཛོད་ཁང་། ༢༠༢༥ ལོ། ཤོག་གྲངས་ ༡༨༨

[3] བོད་དང་བོད་མིའི་མགྲིན་ཚབ་པ། ངོ་སྤྲོད། བོད་ཀྱི་དཔེ་མཛོད་ཁང་། ༢༠༢༥ ལོ། ཤོག་གྲངས་ ༢༧༨

Leave a Reply

Your email address will not be published. Required fields are marked *